ནུར་མའི་གསང་སྔགས་ཐར་བ་གླིང་ཞེས་པ་ནི་ད་ལྟའི་རྨ་ཆུ་རྫོང་མཚེ་རུ་མ་ཞང་གི་ཁོངས་སུ་ཆགས། བླ་བྲང་བཀྲ་ཤིས་འཁྱིལ་བའི་དགོན་ལག་འདི་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་ལོ་སྟེ་སྤྱི་ལོ1930ལོར་དགའ་ལྡན་གསེར་ཁྲི་ཧོར་ཚང་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཞེས་བྱ་བས་ཕྱག་འདེབས་མཛད་ཅིང་དུས་རྒྱུན་གྱི་ཁྲི་བ་ནི་དགའ་ལྡན་བྱང་རྩེ་ནས་མངགས་པའི་བླ་མ་གཙིགས་སུ་བཀུར། དགོན་ཆུང་གསར་བའི་འདུ་ཁང་དུ་གྲུབ་པའི་དབང་ཕྱུག་དགའ་ལྡན་བ་སོ་སྤྲུལ་སྐུས་གནང་བའི་རྩེ་ཤོད་བཀའ་འགྱུར་དང་། ཧོར་ཁང་ཁྲི་ཆེན་འཇིགས་མེདབསྟན་པའི་ཉི་མ་དང་ཁྲི་ཆེན་དཔལ་ལྡན་རྒྱ་མཚོ་གཉིས་ཀྱིས་གནང་བའི་ལྷ་མོའི་བཙན་ཐང་གཉིས་དང་ཐང་ག་གཞན་པ་ལྔ་བཅུ། དགའ་ལྡན་བྱང་རྩེས་གནང་བའི་འཁར་རྔ་རྩ་ཆེན་གཉིས། ད་དུང་ཙི་དང་དུང་། རྐང་གླིང་སོགས་མཆོད་རྫས་ཡོ་བྱད་མང་པོ་བསྒྲུབས།
དགོན་པའི་དུས་མཆོད་ལ་ལོ་འཁོར་གཅིག་གི་ནང་གསང་འདུས་དང་འཇིགས་བྱེད་ལྷ་བཅུ་གསུམ་པ། ཀུན་རིག་བཅས་པའི་བདག་འཇུག་བདུན་སྒྲུབ། དབྱར་དགག་ལ་གསོ་གསུམ་གཞིགས་གསུམ། གསལ་བྱེད་ལག་ལེན་གསུམ་གཞིར་བྱས་པ་ཚད་ལྡན་དུ་གྱུར། འདིའི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དང་ཨ་མཆོག་མཚན་ཉིད་དགོན་པ་ནས་སྐྱབས་ཁྲིད་དང་བློ་སྦྱོང་། ལམ་ཁྲིད། དབང་ལུང་སོགས་ལེགས་པར་གདམས་པའི་བླ་མའམ་དགེ་བཤེས་མངགས། དགོན་པའི་ནང་ནས་ད་བར་ནུར་མའི་མགར་ཤུལ་ནས་སྐུ་འཁྲུངས་པའི་གཞི་ཤུབ་རིན་པོ་ཆེ་ཞེས་པ་བཀའ་པོད་ལྔའི་གནས་ལ་མཁས་པས་དབང་ལུང་སོགས་ཀྱི་རྒྱུན་ཁྱད་པར་འཛོམས་པ་ཞིག་དང་། ར་བའི་རི་ཁྲོད་པ་བསོད་ནམས་དམ་རྒྱ་མཚོ་ཞེས་པ་དུས་ཀུན་ཏུ་ཐུགས་བདེ་ཆེན་རང་དུ་གནས། བཀྲ་དགེ་འཇམ་དཔལ་རྒྱ་མཚོ་ཞེས་པ་འཆད་རྩོད་རྩོམ་གསུམ་ལ་མཁས་པ་གསུང་རྩོམ་ཤོག་དྲིལ་མང་པོ་ཅན་བཅས་བྱུང་། སྤྱི་ལོ1981ལོར་ཆོས་སྒོ་ཕྱེ་ནས་འདུ་ཁང་དང་གྲྭ་ཤག་སུམ་ཅུ་ལྷག་བཞེངས་པ་ལ་དགེ་འདུན་པ་དགུ་བཅུ་ཡས་མས་ནས་ཆོས་སྤྱོད་རྒྱུན་ལྡན་དུ་སྤེལ་མུས་སོ།།