མཚོ་སྔོན་པོའམ་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ནི་བོད་སྟོད་སྨད་བར་གསུམ་ལས་སྨད་ཨ་མདོ་ཙོང་ཁའི་ཡུལ་ཁམས་ཀྱི་སའི་ཆར་བཻཌཱུརྱའི་ཞུན་མའི་མདངས་ལྡན་འཆི་མེད་ལྷ་ཡི་ལམ་བཟང་ས་རུ་འཕོས་བ་བཞིན་ལྟ་བས་མཐའ་མི་དཔོག་པར་མེར་གྱིས་འཁྱིལ་ཡོད། མཚོ་སྔོན་པོ་ཞེས་ཐོགས་དོན་ནི་མཚོ་འདི་ཆགས་སའི་ཁོར་ཡུག་ལས་ཕལ་ཆེར་སྤང་རི་སྤང་ལྗོངས་ཀྱིས་བསྐོར་བས་ཆར་ཆུ་སོགས་ཅི་ལྟར་རྒོད་ཀྱང་རྙོག་པའི་དྲི་མས་མི་ཟིན་པར་ཟབ་ལ་དྭངས་པ་རྣམ་པ་ཐམས་ཅད་དུ་སྔོ་ཡུག་སེ་ཡོད་པའི་ཆ་ནས་མཚོ་སྔོན་པོ་ཞེས་བཏགས་པ་དང་། ཁྲི་ཤོར་རྒྱལ་མོ(ཁྲི་ཤོག་རྒྱལ་མོ་དང་ཁྲི་གཤེགས་རྒྱལ་མོ། ཁྲི་གཤོག་རྒྱལ་མོ་སོགས་འབོད་ལུགས་མི་མཐུན་པ་དུ་མ་དང་དེ་དག་ལ་དེ་ལུགས་ཀྱི་མིང་གི་རྒྱབ་ལྗོངས་སྟོན་པའི་ལོ་རྒྱུས་དང་འགྲེལ་ལུགས་ཀྱང་རེ་རེ་ཡོད་པར་གླེང་ཡང་འདིར་ངག་རྒྱུན་ཡོངས་གྲགས་ལྟར་བཀོད་པ་ཡིན)ཞེས་པའི་མིང་གི་ཐོགས་སྟངས་ལ། དང་ཐོག་ཡུལ་འདི་མཐའ་ཡས་པའི་སྤང་ལྗོངས་ཡིན་ཞིང་ད་ལྟའི་མཚོ་སྙིང་གི་ཁ་འོག་ཏུ་ཡུལ་དེའི་ཚོ་བ་ཞིག་གི་འཐུང་ཆུ་ལེན་སའི་དོང་ཆུའམ་ཆུ་མིག་གཅིག་ཡོད། དེར་སུས་ཆུ་བླངས་རྗེས་ངེས་པར་དུ་དོང་ཁ་རྡོ་ལེབ་ཅིག་གིས་འགེབ་དགོས་ཤིང་མ་བཀབ་ན་ཆུ་འཕྱུར་ནས་ཡུལ་ཁམས་འཇིག་འགྲོ་བའི་ཉེན་ཁ་ཡོད་པར་བཤད། ཉིན་གཅིག་ཆུ་ལེན་གཅིག(ལ་ལས་བློན་པོ་མགར་གྱི་བུ་ཞིག་ཡིན་པར་ཡང་བཞེད)གིས་ཆུ་བཅུས་རྗེས་དོང་ཁ་འགེབ་རྒྱུ་བརྗེད་སྟབས་ཆུ་དེ་དྲག་ཏུ་འཕྱུར་ནས་ཐང་ཆེན་པོ་དེར་གཞིས་ཆགས་པའི་འབྲོག་ཁྱིམ་ཤིན་ཏུ་མང་བོའི་རྒྱུུ་ནོར་དང་ཚེ་སྲོག་ཤོར་བས་ཁྲི་ཤོར་རྒྱལ་མོ་ཞེས་ཐོགས་པར་གྲགས། ཁྲི་ཤོར་རྒྱལ་མོ་ཞེས་པའི་མིང་གི་ཆ་ཤས་ཀྱི་རྒྱལ་མོ་ནི་ཁ་ཤས་ཀྱིས་ཨ་ནེ་གོང་མ་རྒྱལ་མོར་སྦྱར་བའང་ཡོད་ཀྱང་དེ་ལུགས་དག་ཐུན་མིན་གྱི་བཞེད་པར་སྣང་ངོ་། ། དཔེར་ན། རི་མཐོན་པོ་ལ་རི་རྒྱལ་དང་། ཁང་བ་ཆེན་པོ་ལ་ཁང་རྒན། ནམ་མཁའ་ཡངས་པ་ལ་གནམ་རྒན་མ་ཞེས་པ་དག་དང་མཚུངས་པར་རྒྱལ་མོ་ཞེས་པ་མཚོ་དེར་ཆེ་བརྗོད་ཀྱི་མིང་གི་ཆ་ཤས་སུ་སྦྱར་བ་ལྟ་བུར་སེམས་སོ། །
དེང་རབས་ས་ཁམས་ཚན་རིག་པ་དག་གིས་མཚོ་སྔོན་པོ་འདི་མི་ལོ་འབུམ་ཕྲག་མང་བོའི་གོང་རོལ་ནས་སྐམ་སའི་གཡོ་འགུལ་དང་འཕྲད་བཀྱེད་ཆད་རྡིབ་སོགས་ཀྱི་གོ་རིམ་ཁྲོད་དུ་ས་འོག་གི་ཆུ་གྱེན་དུ་བརྡོལ་ཅིང་། ཕྱོགས་ཀྱི་ཆུ་སྣ་མང་བོ་གཅིག་ཏུ་བབས་པ་ལས་བྱུང་བར་དཔྱད་ལ་སྐབས་དེའི་ཁྲི་ཤོར་རྒྱལ་མོ་ནི་ད་ལྟ་ང་ཚོའི་མཐོང་ལམ་གྱི་ཁྲི་ཤོར་རྒྱལ་མོ་འདིའི་གསུམ་ཆ་གཅིག་གིས་ཡངས་ལ་ཟབ་པར་སྨྲ། ཚན་རིག་པ་དང་ས་ཁམས་ཞིབ་འཇུག་ཆེད་ལས་སོགས་ཀྱིས་འོལ་ཚོད་ཀྱི་སྨྲ་བ་ཅི་ལྟར་སྤྲོས་ཀྱང་དོན་དངོས་སུ་མཚོ་འདིའི་ཆགས་ལུགས་དང་གནས་སྟངས་སོགས་གང་ཅིའི་ཐད་ནས་རང་རེའི་ལོ་རྒྱུས་དེབ་ཐེར་སྔོན་མ་དག་ལས་བཤད་པའི་བོད་ཡུལ་གྱི་ས་གཤིས་ཆགས་རིམ་གྱི་བྱུང་བརྗོད་དང་ཡུན་རིང་འཕོ་འགྱུར་གྱི་དགོངས་དོན་དག་ལས་མ་འདས་སོ། །
མཚོ་འདིའི་མཐའི་རིང་ཚད་ལ་སྤྱི་ལེ360ཡོད་པ་དང་ཤར་ནས་ནུབ་བར་དུ་སྤྱི་ལེ106ལྷོ་ནས་བྱང་གི་བར་དུ་སྤྱི་ལེ63ཡིན། ཆེས་ཟབ་སར་སྨི 32.8དང་ཆ་སྙོམས་ཀྱི་ཟབ་ཚད་ལ་སྨི18ལྷག་ཡིན། ཆུ་སྣ་བརྒྱ་དང་སུམ་ཅུ་ཡས་མས་ཤིག་མཚོ་འདིར་འབབ་པར་བཤད་ལ། སྔོན་ཆད་མཚོ་ཆུ་བྲི་བའི་གནས་བབས་ལ་འགྱུར་བ་ཐེབས་ནས་ཉེ་ལམ་གྱི་ལོ་ཤས་རིང་ལ་མཚོ་རིམ་གྱིས་རྒྱས་བཞིན་ཡོད་པར་བཤད་དོ། །ཁྲི་ཤོར་རྒྱལ་མོའི་ཕྱོགས་བཞིར་རི་མཐོ་པོ་བཞི(ཤར་ན་གཉན་ཆེན་ཞལ་དཀར། ལྷོ་ན་བློན་པོ་གསེར་ཆེན། ནུབ་ན་རྐང་ཚའི་རྫ་དམར། བྱང་ན་མོ་བློན་མཐོན་པོ)དང་མཚོ་ལ་གླིང་ཕྲན་ཆེ་ཆུང་བཞི།(མཚོ་མགོའི་གླིང་ཕྲན་དང་མཚོ་མཇུག་གི་མཚེར་བ་རི། འདྲེ་མོ་བྲག་དཀར། མཚོ་སྙིང་མ་ཧཱ་དེ་བ)ད་དུང་མཚོའི་བྱང་མཐའི་བྱེ་མ་དགྲ་ལྷའམ་བྱེ་མ་རྔ་རྡུང་གི་ཁོར་ཡུག་ཏུ་མཚོ་ཆུང་ཕྱུག་མོའམ་མཚོ་ཆུང་ནོར་བུ། མཚོ་རྣ་ལོང་། འབྲུག་མོའི་སླ་ང་། དགྲ་ལྷའི་མཚོ་ནག མཚོ་ལྗང་ཁྲ། མཚོ་ཏ་ལེན། མཚོ་མེ་ལོང་སོགས་མཚེའུ་མང་བོས་བསྐོར་ཡོད། མདོར་ན་ཡུལ་འདིའི་གླིང་ཕྲན་དང་མཚེའུ། རི་མཐོན་པོ་དང་གནས་འགང་ཆེན་སོགས་རེ་རེ་ལའང་ངོ་མཚར་བའི་གཏམ་རྒྱུད་དང་དངོས་བྱུང་གི་ལོ་རྒྱུས། སྐྱེས་ཆེན་གྱི་ལུང་བསྟན་དང་སྨྲ་བསམ་བརྗོད་འདས་ཀྱི་ཐུན་མོང་བའི་མཐོང་སྣང་སོགས་ཡུལ་འདིའི་སྣོད་བཅུད་ཀུན་ལ་མ་ཁྱབ་པ་མེད་པས་དེ་འབྲེལ་གྱི་ལོ་རྒྱུས་དང་གནས་ཡིག་དག(མཚོ་སྙིང་མ་ཧཱ་དེ་ཝའི་གནས་ཡིག་དང་མཚོ་སྔོན་ལོ་རྒྱུས་ཚངས་གླུ་གསར་སྙན། མཚོ་སྔོན་པོའི་གནས་སྐོར་ལམ་ཡིག མཚོ་སྔོན་པོའི་གནས་ཡིག་མཐོང་བ་དོན་ལྡན་སོགས་ལས་ཤེས་པར་གྱིས་ཤིག)ལས་ཤེས་པར་བྱའོ། ། ཁྲི་ཤོར་རྒྱལ་མོ་དང་དེའི་ཉེ་འཁོར་དུ་གདོད་མ་ནས་གནས་བཅོས་པའི་ཉ་རིགས་མང་བོ་དང་རི་དྭགས་སྣ་ཚོགས། གཞན་རྒྱལ་ཁབ་དང་གླིང་གླིང་ཕྲན་དུ་མ་ལས་རྒྱུན་འགྲོན་གྱིས་ལོ་དུས་ལྟར་འཕུར་ཡོང་བའི་བྱ་རིགས་ཧ་ཅང་མང་བོ་འདུ་ཞིང་འཚོག་པ་སོགས་གནས་འདི་ནི་རི་སྐྱེས་ཁྲི་འབུམ་གྱི་གཞིས་ཁྱིམ་དང་འཛད་མེད་ལོངས་སྤྱོད་ཀྱི་བང་མཛོད་ཆེན་པོ་ལྟ་བུ་ཡིན་ཞིང་། འཛམ་གླིང་དང་རྒྱལ་ཁབ་རིམ་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ཁ་ཤས་སྲུང་སྐྱོབ་ཀྱི་ཁོར་ཡུག་གལ་ཆེན་ཞིག་ཏུ་ཆགས་ཡོད།
བོད་མི་རིགས་ཀྱིས་མཚོ་ཆེན་རི་ཆེན་དང་གནས་ཆེན་ཆུ་ཆེན་སོགས་སྐོར་བའམ་བརྒྱུད་ཚེ་ལུས་ཀྱི་སྡིག་སྒྲིབ་དག་ནས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་འགྲུབ་པར་ཡིད་ཆེས་ཤིང་། རྒྱལ་དབང་ལྔ་བ་ཆེན་མོ་དང་ཤར་སྐལ་ལྡན་རྒྱ་མཚོ། ཞབས་དཀར་ཚོགས་དྲུག་རང་གྲོལ། པན་ཆེན་སྐུ་ཕྲེང་བཅུ་བ། ལ་མོ་ཡོངས་འཛིན་སོགས་བོད་ཀྱི་སྐྱེས་ཆེན་དུ་མས་དངོས་སུ་གནས་སྒོ་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་མ་ཟད། ཐུགས་འདུན་རྒྱ་ཆེན་པོས་མཚོ་མཆོད་བགྱིས་ཤིང་དང་མཚོ་གཏེར་ཕུལ་ཏེ་རིགས་དྲུག་ཕན་བདེའི་སྨོན་ལམ་ཡང་ཡང་བཏབ་མྱོང་སའི་ཡུལ་ཁྱད་པར་བ་དང་། སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གྲགས་པའི་མཚོ་ཆེན་བཞི་ལ་ཞབས་བཞག་ཅེས་པའི་མཚོ་ཆེན་གཅིག་ཁྲི་ཤོར་རྒྱལ་མོ་འདི་ཡིན་ལ། ད་དུང་སློབ་དཔོན་དངོས་ཀྱིས་བསྟན་འགྲོའི་ཕན་བདེ་ལ་དགོངས་ནས་ཁྲི་ཤོར་རྒྱལ་མོའི་སྣོད་བཅུད་དུ་གཏེར་རིགས་མང་བོ་སྦས་བར་བཞེད་སྟབས་གནས་འདི་ནི་དམ་པའི་ཆོས་ཀྱི་སྒྲོམ་བུ་ཡང་དག་ཅིག་ཏུ་འདོད་པ་དང་། མཚོའི་མཐའ་དབུས་ཀུན་ན་གནས་བརྟན་བཅུ་དྲུག་དང་རྗེ་བཙུན་སྒྲོལ་མ། ནག་པོ་ཆེན་པོ་སོགས་ཡི་དམ་དགྲ་བཅོམ་པའི་ཚོགས་ཀྱི་སྒྲུབ་གནས་མཇལ་དུ་ཡོད་པ་དང་། མཚོའི་དཀྱིལ་འཁོར་ནི་ཨ་ནེ་གུང་སྨན་རྒྱལ་མོ་དང་ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་སོགས་འཇིག་རྟེན་དཀར་ཕྱོགས་ལ་མོས་པའི་མཐུ་བོ་ཆེ་དུ་མའི་རྟེན་གཞི་རུ་གྱུར་བ་སོགས་ཀྱི་གཏམ་དག་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་སྐྱེས་ཆེན་མང་བོའི་ལུང་ན་གསལ་བ་ཇི་བཞིན་ཡིན་པས་ཆོས་ལུགས་དད་མོས་ཀྱི་རིན་ཐང་ལྡན་པ་དང་། ཁྱད་པར་དུ་བསྐལ་བ་ལུག་གི་ལོར་བོད་གངས་ཅན་གྱི་ཡུལ་ཁྱད་པར་ཅན་དག་ཏུ་གནས་པའི་ལྷ་ཀླུ་གཞི་བདག་ཐམས་ཅད་མཚོ་ཆེན་ཁག་ཏུ་འདུ་བར་འདོད་པས། བོད་སྟོད་སྨད་བར་གསུམ་གྱི་ཕོ་མོ་རྒན་གཞོན་ཐམས་ཅད་མཚོ་སྐོར་ལ་འགྲོ་བའི་གོམས་སྲོལ་དེ་གནའ་ནས་ད་བར་ཆགས་ཡོད། དེ་ལས་ཀྱང་རབ་བྱུང་ངམ་ལོ་རྒན་དྲུག་ཅུའི་ནང་ཐེངས་གཅིག་ལས་མི་འབྱུང་བའི་ཆུ་མོ་ལུག་གི་ལོ་ནི་གནས་འདུས་ཆེན་མོ་ཞེས་ལུག་ལོ་གཞན་ལས་མཆོག་ཏུ་འཛིན་པའོ། །
ཡང་རྟོག་གེ་བ་ལ་ལས་ཁྲི་ཤོར་རྒྱལ་མོར་མཚོ་སྐོར་དུ་འགྲོ་བ་ནི་ཡུལ་འདི་སྔོན་ཁྲོམ་གེ་སར་གྱི་ཡུལ་ཁམས་ཡིན་རྐྱེན་ཁྲོམ་དང་ལུག་གཉིས་དོན་གྱིས་གཅིག་ཏུ་གོ་བར་སྦྱར་ནས་ལུག་གི་ལོའི་མཚོ་སྐོར་གྱི་འབྱུང་ཁུངས་ཁྲོམ་གེ་སར་གྱི་ལོ་རྒྱུས་ལ་བཅོལ་བའང་ཡོད་མོད་ཀྱང་དེ་ལུགས་ལོང་བའི་མདའ་འཕེན་དུ་སྣང་སྟེ། ལུག་གི་གནམ་ལོའི་མཚོ་སྐོར་དེ་ཁྲི་ཤོར་རྒྱལ་མོ་ཁོ་ན་མ་ཡིན་པར་ལྷ་མོ་བླ་མཚོ་དང་མ་ཕམ་གཡུ་མཚོ། ཡར་འབྲོག་གཡུ་མཚོ་སོགས་ཐམས་ཅད་ཀྱི་མཚོ་སྐོར་གནས་འདུས་ཀྱི་དུས་ཆེན་ཁྱད་པར་བར་འཛིན་པའི་ཕྱིར་ཏེ། དཔེར་ན། རྟ་ལོའི་གངས་སྐོར་གནས་འདུས་སུ་བཞེད་པའང་གངས་རིན་པོ་ཆེ་དང་རྨ་ཆེན་གངས་རི། ཤར་དུང་རི་སོགས་བོད་སྟོད་སྨད་བར་གསུམ་གྱི་གངས་རྣམས་ལ་གངས་སྐོར་བྱེད་པ་བཞིན་བོད་ཀྱི་དད་འདུན་གོམས་སྲོལ་ཞིག་ཡིན་པ་ལས། ཁྲོམ་དང་ལུག་གཉིས་གཅིག་ཏུ་སྦྱར་ནས་བྱུང་རྒྱལ་དུ་རྟོག་བཟོ་བྱེད་ན་རྟ་ཡོ་ལོའི་གངས་སྐོར་གནས་འདུས་དང་སྤྲེལ་ལོའི་སྤྲེལ་རྫོང་གནས་འདུས་སོགས་རྒྱལ་ཁབ་དང་མི་རིགས་གང་གི་ལོ་རྒྱུས་དང་སྦྱར་རམ། ཡང་ཅིག་བཤད་ན་བོད་ཀྱིས་གཡང་དཀར་ལུག་དང་གཡང་མོ་ལུག་ཅེས་ལུག་ནི་འཚོ་གནས་ཕུན་ཚོགས་ཀྱི་གཡང་ནོར་ཞིག་ཏུ་འཛིན་པ་དང་། ཀླུ་རིགས་ལོངས་སྤྱོད་འཛོམས་པར་བཞེད་པས་མཚོ་མཚེའུ་ཆེ་ཁག་ཏུ་དུས་བཟང་གི་རྟེན་འབྲེལ་དང་བསྟུན་ནས་ནོར་སྒྲུབ་ཀྱི་ཆོ་ག་སྤེལ་བའི་བྱ་འགུལ་ཞིག་ཀྱང་མ་ཡིན་ནམ་སྙམ་མོ། །
ཡང་སྔོན་ཧོར་དང་རྒྱ་ནག་གི་རྒྱལ་བོ་འགས་ཁྲི་ཤོར་རྒྱལ་མོར་ཆེད་བཀོད་མཚོ་མཆོད་པ་མངགས་པར་བཞེད་པའི་གཏམ་དག་ལའང་ཁ་ཁེར་གྱིས་ཡུལ་འདི་དེ་དག་གི་མངའ་ཁུངས་ཡིན་པར་སྒྲོག་གྱིན་ཡོད་ནའང་དོན་གྱིས་ཆོས་ལུགས་གསོལ་མཆོད་ཀྱི་བསམ་བློའི་ཁྱབ་ཁོངས་ལས་མ་འདས་བར་སེམས་ཏེ། སྔོན་རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་དེ་འདྲའི་ལུགས་སྲོལ་ཡོད་དེ། ལོ་རྒྱུས་སུ་འཕགས་ཧོར་རྒྱ་གསུམ་དག་ཏུའང་བོད་ཀྱིས་བདག་སྐྱོང་བྱེད་པའི་རྟེན་གསུམ་དང་ལྷ་ཁང་ཡོད་ཀྱང་ས་ཆ་དེ་དག་བོད་ཀྱི་མངའ་ཁུངས་སུ་མི་བགྲང་བ་བཞིན་ནོ། །