རྡོ་རིང་འདི་ནི་ལྷ་སའི་སྐྱིད་ཆུའི་སྟོད་རྒྱུད་གཞོངས་རོང་མདོ་དབུ་རུ་ཞྭ་ལྷ་ཁང་དུ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བློན་པོ་མྱང་ཏིང་འཛིན་བཟང་བོ་ལ་གནང་བའི་བཀའ་གཙིགས་རྡོ་རིང་ཁག་གཉིས་ཡོད་པ་ལས་རྡོ་རིང་གཉིས་པ་དེ་ཡིན། ཡིག་ཕྲེང49ཡོད་པའི་རྡོ་རིང་དེ་ནི་སྤྱི་ལོ812ལོར་བཙུགས་པ་རེད།
མྱང་ཏིང་འཛིན་བཟང་པོར་ཞལ་བཞེས་ཡི་གེ་སྐྱར་དུ་གནང་བ།
1 ༄། །མྱྀའི་རྒྱལ་པོ་ལྷས་མཛད་པ། ། འཕྲུལ་གྱྀ་ལྷ་
2 བཙན་པོ་ཁྲི། ལྡེ་སྲོང་བརྩན་གྱི། བཀས། །
3 བན་དེ་མྱང་ཏྀང་ངེ་འཛིན། ། དབུ་སྙུང་གཙྀགས་སླད་ཀྱིས་
4 གནང་བ། ། བན་དེ་ཏིང་ངེ་འཛྀན། ངའྀ་ཆབ་སྲིད་འདོན་
5 ཅིང་། ཞོ་ཤ་ཆེན་པོ་འབུལ་འབུལ་བ། གཙྀགས་སྔ་མ་
6 གནང་བའྀ་ཚེའང་ཟླ་དཔེ་དང་། ། ཞོ་ཤའྀ་རྐྱེན་བཞྀན་
7 བཀཱ་དྲྀན་འོས་པ་ཙམ་དུ་གནང་བ་ལས། ། བན་དེ་ཉིད་
8 ཀྱིས། བཀཱ་དྲྀན་མྱྀ་ནོད་པར་གསོལ་ནས། ། གཙྀགས་
9 རན་པར་དཔགས་པ་ལས་ཀྱང་ཕྲྀ་ཞིང་སྨད་པ་ཞོ་
10 ཤའྀ་རྐྱེན་དུ་མ་བབ་སྟེ། བཀ་དྲིན་ཆུངས་ཤྀང་ཕམ་པར་
11 གྱུརད། ། བན་དེ་ཏིང་ངེ་འཛྀན་ཀྱིས། ངའྀ་ཞ་སྔར་ཆབ་སྲྀད་
12 གསོལ་ནས། ངའྀ་སྐུ་རིང་ལ། སྐུ་དང་ཆབ་སྲྀད་ལ་འཕྲལ་
13 ཡུན་གཉིས་སུ་ལེགས་པའྀ་བཀའ་གྲོས་གསོལད་ཅིང་
14 སྤྱིར་དཔེན་པའྀ་ལས་ཆེན་པོ་བྱས་པ་དྔ་། བླ་འོག་ཕྱོགས་
15 སུ་བདེ་བ་དང་། ཕན་པའྀ་མདོ་ཆེན་པོ་བྱེད་བྱེད། །སྙིང་
16 ཉེ་ཉེ་སྟེ། ཞོ་ཤ་ཆེར་ཕུལ་པ། བཀའ་དྲིན་གཙྀགས་
17 བསྐྱེད་པར། ངའྀ་ཐུགས་ལ་དགོངས་ན། བན་དེ་ནི་གཙིགས་
18 སྔར་གནང་བས་འཆལ(འཚལ)དེ་མྱི་བསྐྱེད་པར་གསོལ་གྱིས་
9 ཀྱང་ཞོ་ཤ་ཆེན་པོའི་ལན། བཀའ་དྲྀན་མྱྀ་འཕམ་པར་སྦྱིན་པའྀ་
20 རིགས་པར། རྗེ་བློན་མོལ་ནས། གཙྀགས་སྔར་གནང་བ་
21 ཡྔ་དེ་བཞིན་གནང་བའྀ་སྟེང་དུ། བན་དེ་ཏིང་ངེ་འཛྀན་སྙིང་
22 ཉེ་ཞིང་ཞོ་ཤ་ཆེན་པོ་ཕུལ་བའྀ་ཕྱིར། བཀའ་དྲིན་འབྲུག་གི་ལོ་
23 ཕྱི་མ་ལ། ཕོ་བྲང་འོན་ཅང་དོ་ན་བཞུགས་པའྀ་ཚེ། གཙིགས་
24 གསར་དུ་བསྐྱེད་དེ། ངའྀ་བཀས་གནང་བ་། ཡྀ་གེ་གཡུང་དྲུང་
25 སྔར་གནང་བ་བས་བསྟོད་དེ་ཆེར་གནང་། བློན་སྣང་བཟང་
26 འདུས་ཀོང་གི་བུ་ཚ་འཕེལ་རྒྱུད་དམངས་ཀྱི་རྣམས་ཀྱང་གཙང་
27 དང་སྟོད་ལས་སྩོགས་པ་སྒོར་བདེ་བའྀ་རྣམས། ། ཞང་ལོན་ཡྀ་གེ་
28 ཅན་གྱི་ཐང་དུ་གནང་བ་དང་། མ་ཉེས་པར་སྲོག་སྲིད་ལ་དཀུ་
29 དང་གནོད་པ་བྱེད་པ་ཞྀག་ཡོད་ན་སུ་ལ་བབ(ཀྱང་རུང)དཀུའ
30 བ་དྔ་། ཕེའུ་བའྀ་ངོ་ཁར་མྱྀ་དོར་བར། དཀུ་བ་དུ་གཏོགས་པ། །
31 བཀ་གྱོད་ལ་གདགས་པར་གནང་བ་དྔ་། ལྷ(རིས་སུ)བསྔོས་བ་
32 ལས་ཅིར་གྱུར་ཀྱང་། བླ་འོག་གཞན་གྱྀས་དབྔ་མྱི་བྱ་བར་གནང་
33 བ་ལས་སྩོགས་ཏེ། གཙིགས་སྔ་མའྀ་སྟེང་དུ། གཙྀགས་ཕྱྀ་མ་
34 བསྣན་བསྐྱེད་དེ་གནང་བ་རྣམས་ཀྱང་། དེ་བཞྀན་དུ། ནམ་ཞར་
35 བརྩན་པར་གནང་སྟེ། ངའྀ་ཞ་སྔ་ནས་ཀྱང་དབུ་སྙུང་གནང། ། ཇོ་མོ་
36 མཆེད་དྔ་། རྒྱལ་ཕྲན་དང་། ཆབ་སྲྀད་ཀྱྀ་བློན་པོ་རྣམས་དྔ་། ཞང་
37 ལོན་ཕྲ་མོ་ཐམས་ཅད་ཀྱང་བརྣན་ཏེ། མནས་བསྒགས་ནས།
38 གཙིགས་བསྣན་བསྐྱེད་དེ་གནང་བ་ཡྔ་ཡུན་ཏུ་བརྟན་ཞྀང་མངོན་
39 བར་བྱ་བའྀ་ཕྱིར། མདོའ་རྡོ་རིངས་ལ་བྲྀས་ཏེ་མཐའ་ཕྱག་རྒྱས་
40 བཏབ་ནས། གཙུག་ལག་ཁང་དྔ་། གཙྀགས་ཀྱྀ་མཁར་བུའྀ་
41 དྲུང་དུ་བཞག་པ་ཡིན་གྱིས། ། རྗེ་བློན་ཕྱི་རབས་མངཱ་མཛད་པ་
42 རྣམས་ཀྱྀས་ཀྱང་། ནཾ་ནཾ་ཞ་ཞར་གཙྀགས་རྣམས་གཉིས་ཀྱྀ་ཡི་གེ་ལས་
43 འབྱུང་བ་དང་། རྡོ་རིངས་རྣམ་གཉྀས་ལ་བྲྀས་པ་ལས་མྱྀ་དབྲྀ་མྱི་
44 བཅོས་མྱི་བསྒྱུར་བར་གྱྀས་ཤིག །གཙྀགས་སྔ་མའྀ་སྟེང་
45 དུ་ཕྱྀས་གཙྀགས་བསྣན་བསྐྱེད་དེ་། གནང་བ་ཡང་། ཞིབ་ཏུ་ནྀ་
46 གཙྀགས་ཀྱྀ་ཡི་གེ་ལ་བྲྀས་ཏེ། ཕྱག་སྦལ་དུ་
47 བཞག །དཔེ་གཅྀག་གཙིགས་སྔ་མ་དང་ཕྱོགྶ་
48 སུ་གཙྀགས་ཀྱི་མཁར་བུ་འདྀར་བཞག །དཔེ་
49 གཅྀག་འོག་དཔེར་འཆང་དུ་བཅུག་གོ། །
མིའི་རྒྱལ་བོ་ལྷས་མཛད་པ། སྤྲུལ་པའི་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བཀའ་ལས། བན་དེ་ཏིང་ངེ་འཛིན་ལ། ཞལ་བཞེས་ཡི་གེ་རྗེས་མ་གནང་བ། བན་དེ་ཏིང་ངེ་འཛིན་གྱིས། ངའི་རྒྱལ་སྲིད་ལ་ཕན་པའི་གྲོས་འགོ་བཏོན་པ་དང་སྦྲགས་ནུས་ཤུགས་ཡོད་ཚད་བཏོན་ནས་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པ་ཡིན་ལ། མནའ་ཡིག་སྔ་མ་གནང་བའི་སྐབས་སུའང་བླ་དཔེ་དངོས་དང་ནུས་ཤུགས་ལ་དཔག་པའི་ཐོབ་ཐང་བཞིན་དུ་བཀའ་དྲིན་ཡང་འོས་ཞིང་འཚམ་པ་ཞིག་གནང་ཡང་། བན་དེ་རང་ཉིད་ཀྱིས་བཙན་པོས་ངས་མནའ་ཡིག་རྒྱས་བསྡུས་རན་ཞིག་སྤྲད་དགོས་པ་དགོངས་པ་ལས། ཡང་བན་དེ་ཏིང་ངེ་འཛིན་གྱིས་བདག་རྐྱེན་ཉུང་དུ་གཏོང་རོགས་མཛོད་ཞུས་པར། བཙན་པོའི་དགོངས་པར་དེ་ལྟར་བྱས་ན་ནུས་ཤུགས་ལ་དཔག་པའི་ཐོབ་ཐང་དང་མི་མཐུན་ཞིང་། བཀའ་དྲིན་ཆུང་བས་གྱོང་གུན་འབྱུང་ངེས་རེད། བན་དེ་ཏིང་ངེ་འཛིན་གྱིས། ངའི་མདུན་སར། རྒྱལ་སྲིད་ཀྱི་ལས་དོན་བསྒྲུབས་ནས་ངས་སྲིད་དབང་འཛིན་པའི་རིང་ལ། རྒྱལ་སྲིད་ཀྱི་དོན་དུ་དེང་སྐབས་དང་ཕྱིས་འབྱུང་དུས་གང་དུའང་གྲོས་གཞི་ལེགས་པར་འདོན་པ་དང་འབྲེལ་ཚང་མ་ར་ཕན་པའི་ལས་དོན་ཆེན་པོ་བསྒྲུབས། གོང་འོག་ཕྱོགས་གང་ལའང་བདེ་བ་ཡོང་བ་དང་ཀུན་ལ་ཕན་པའི་སྤྱི་སྙོམས་བྱས། སྙིང་ཉེ་པོ་ཁོ་ན་བྱས་པས། ངའི་སེམས་ལ་བསམ་ན། ནུས་ཤུགས་ཇི་ཙམ་ཆེན་པོ་བཏོན་པ་ལ་དེ་ཙམ་དུ་བཀའ་དྲིན་གྱི་གསོལ་རས་བདག་རྐྱེན་དུ་སྤྲོད་པའི་མནའ་ཡིག་གི་ནང་དོན་ཡང་གོང་འཕེལ་གཏོང་དགོས་ཚོད་འདུགབན་དེས་མནའ་ཡིག་སྔ་མ་གནང་བ་ལས་ལྷག་པར་རྒྱ་ཆེ་བཏང་མི་དགོས་ཞེས་ཞུས་ཀྱང་།ནུས་ཤུགས་ཆེན་པོ་འབུལ་བའི་དྲིན་ལན་དུ། བཀའ་དྲིན་གྱི་བདག་རྐྱེན་མི་ཆུང་བ་ཞིག་སྤྲད་ན་མ་གཏོགས་འགྲིག་གི་མི་འདུག་དགོངས་ནས། རྗེས་བློན་རྣམས་གྲོས་སྡུར་བྱས་ནས། སྔར་སྤྲད་པའི་མནའ་ཡིག་དེའི་སྟེང་དུ། བན་དེ་ཏིང་ངེ་འཛིན་བདག་ལ་བསམ་པ་དཀར་ཞིང་ནུས་ཤུགས་ཆེན་པོ་བཏོན་པའི་རྐྱེན་གྱིས། འབྲུག་ལོ་རྗེས་མ(སྤྱི་ལོ812ལོ)ལ་ཕོ་བྲང་འུ་ཤང་རྡོ་ན་བཞུགས་པའི་ཚེ། མནའ་ཡིག་གསར་དུ་རྒྱ་བསྐྱེད་བཏང་ཐོག ངས་བཀའ་ཕབ་ནས་གནད་དོན་དུ། སྔར་མནའ་ཡིག་དུས་གཏན་དུ་སྤྲད་པ་དེ་ལས་ཀྱང་མཐོ་ཞིང་རྒྱ་ཆེ་བ་ཞིག་སྤྲད་དགོས་པ་དང་། བློན་སྣང་བཟང་འདུས་ཀོང་གི་ཕ་ཚ་བུ་རྒྱུད་དམངས་མ། གཙང་དང་སྟོད་སོགས་སུ་ཁྱིམ་བཟུང་ནས་བསྡད་ཡོད་པ་རྣམས་ལའང་། ཞང་བློན་ཡི་གེ་ཅན་གྱི་གོ་གནས་སྤྲོད་དགོས་པ། ནག་ཉེས་མེད་པར་རང་སྲོག་དང་ཁྱིམ་རྒྱུད་བཅས་ལ་གཡོ་སྒྱུ་དང་གནོད་པ་བྱེད་པའི་གནས་ཚུལ་ཡོད་ན། དེ་སུ་ལ་བབས་ནའང་འདྲ། གཡོ་སྒྱུ་བྱེད་མཁན་དང་ངོ་ཆེན་ཞུ་མཁན་གྱི་ཁ་ངོར་མི་བལྟ་བར། གཡོ་སྒྱུ་བྱེད་མཁན་རང་དུ་བརྩིས་ནས།བཀའ་ཆད་གཅོད་དགོས་པ། དགོན་པར་ཕུལ་བའི་བྲན་གཡོག་དང་། ས་ཞིང་སོགས་གནས་ཚུལ་ཅི་བྱུང་ཡང་། གོང་འོག་སུ་ཞིག་གིས་ཀྱང་བདག་འཛིན་བྱེད་མི་ཆོག་པར་དགོན་པ་རང་ལ་གནང་དགོས་སོགས་འཁོད་ཡོད། མནའ་ཡིག་སྔ་མའི་ཐོག་ལ། མནའ་ཡིག་ཕྱི་མ་བསྣན་ནས་རྒྱ་བསྐྱེད་བཏང་སྟེ་སྤྲད་པ་རྣམས་ཀྱང་། དེ་བཞིན་དུ། དུས་གཏན་དུ་འགྱུར་བ་མེད་པར་གནང་ནས། ངའི་མདུན་སར་ཁས་ལེན་དམ་བཅའ་བྱེད་དགོས་ཤིང་། བཙུན་མོ་གསུམ་དང་། རྒྱལ་ཕྲན་གྱི་རྗེ་བོ། རྒྱལ་པོའི་བཀའ་བློན་རྣམས། ཞང་བློན་ཆུང་གྲས་ཡོངས་རྫོགས་ཀྱང་ཞུགས་ནས། མནའ་སྐྱེལ་དུ་བཅུག མནའ་ཡིག་རྒྱ་བསྐྱེད་བཏང་སྟེ་སྤྲད་པ་དེ་ཡང་ཡུན་ནས་ཡུན་དུ་བརྟན་ཞིང་གསལ་པོར་ཡོངས་གྲགས་པ་ཡོང་པའི་ཆེད་དུ། དེའི་རྩ་གནད་རྡོ་རིང་ལ་བྲིས་ཏེ། མཇུག་དུ་བཀའ་ཐམ་བརྒྱབ་ནས། གཙུག་ལག་ཁང་དང་མནའ་ཡིག་བཞག་སའི་ཁང་བུ་ཆུང་ངུའི་འཁྲིས་སུ་རྡོ་རིང་བཙུགས་པ་ཡིན་ལ། རྗེ་བློན་ཕྱི་རབས་སྲིད་དབང་འཛིན་མཁན་རྣམས་ཀྱིས་ཀྱང་། དུས་གཏན་དུ་མནའ་ཡིག་སྔ་ཕྱི་ཁག་གཉིས་ལས་འབྱུང་བའི་ནང་དོན་དང་། རྡོ་རིང་སྔ་ཕྱི་གཉིས་ལས་འབྱུང་བའི་ནང་དོན་དང་། རྡོ་རིང་སྔ་ཕྱི་ཁག་གཉིས་ལ་འཁོད་པའི་ནང་དོན་ཉུང་དུ་མི་གཏོང་བ་དང་། བཟོ་བཅོས་མི་བྱེད་པ། གསར་དུ་མི་བཟོ་བ་བཅས་གྱིས་ཤིག མནའ་ཡིག་སྔ་མའི་ཐོག་ལ་མནའ་ཡིག་ཕྱི་མ་བསྣན་ནས་རྒྱ་བསྐྱེད་བཏང་སྟེ་སྤྲད་པ་དེ་དག་ཞིབ་མོར་མནའ་ཡིག་ཏུ་བྲིས་ནས་བང་མཛོད་དུ་བཞག་ཡོད་ཅིང་། འདྲ་བཤུས་ཡི་གེ་གཅིག་མནའ་ཡིག་སྔ་མ་དང་མཉམ་དུ་མནའ་ཡིག་གཞག་ནས་ཁང་བུ་ཆུང་ངུའི་ནང་དུ་བཞག་ཡོད། དེ་བཞིན་འདྲ་བཤུས་ཡི་གེ་གཅིག་བན་དེ་ཏིང་ངེ་འཛིན་ལ་འཆང་དུ་བཅུག་པ་ཡིན།