གླེང་ཕྱོགས་གཡོ་ལེན་ནི་དེ་སྔའི་གསར་འགྱུར་གཡོ་ལེན་ལ་གཏུགས་ཆོག་ཅིང་། དེ་གཉིས་ཀས་ཁྲིམས་འགལ་གྱིས་བདག་བཟུང་བྱ་རྒྱུ་དེ་དམིགས་ཡུལ་དུ་བཟུང་ནས་ལྡོག་ཕྱོགས་ཀྱི་ཆ་འཕྲིན་ཆ་རྐྱེན་བྱས་ཏེ་ཕ་རོལ་བར་བཙན་ཤེད་ཀྱིས་དངུལ་སྤྲོད་དུ་འཇུག་གི་ཡོད་མོད། འོན་ཀྱང་གསར་འགྱུར་གཡོ་ལེན་བྱེད་པ་དེ་གསར་འགྱུར་ལས་ཁུངས་ཀྱི་མིང་ཐོག་ནས་མགོ་སྐོར་གཡོ་ལེན་བྱེད་པ་དང་། གཡོ་ལེན་བྱེད་ཐབས་ནི་ཚགས་པར་དང་། བརྙན་འཕྲིན། རླུང་འཕྲིན། དྲ་ཚིགས་སོགས་སྨྱན་སྦྱོར་གྱི་ཐབས་ལམ་ཐོག་ནས་དམར་འདོན་བྱེད་ཀྱི་ཡོད། གླེང་ཕྱོགས་གཡོ་ལེན་བྱེད་པ་དེ་གཞུང་ཕྱོགས་སམ་གཞུང་ཕྱོགས་ཕྱེད་ཙམ་གྱི་ཐོབ་ཐང་ལ་བརྫུས་ནས་ཐོབ་ཐང་མེད་པའི་རང་མོས་སྨྱན་སྦྱོར་གྱི་རྩིས་ཐོའི་ཨང་གྲངས་དང་། MCN དྲ་གྲགས་སོགས་གཙོ་བོར་བྱེད་པ་དང་། ཁྱབ་བསྒྲགས་ཐབས་ལམ་ཡང་དྲ་རྒྱའི་འཇིག་རྟེན་ཡིན་པ་དཔེར་ན། སྤྱི་རྟགས་དང་པོད་ཕྲན། སྦྱར་སྟེགས་སོགས་སྤྱི་ཚོགས་ཅན་གྱི་སྟེགས་བུ་དང་ཐ་ན་ཐོ་འགོད་སྙན་སེང་བྱས་མེད་པའི་དྲ་ཚིགས་རྫུན་མ་ལྟ་བུ་རེད།
གསར་འགྱུར་གཡོ་ལེན་བྱེད་པའི་མི་སྒེར་གྱི་ཉེས་བཟོ་དང་མི་འདྲ་བར། གླེང་ཕྱོགས་གཡོ་ལེན་བྱེད་པ་ནི་མཉམ་དུ་ཉེས་བཟོ་བྱེད་པ་ཞིག་ཡིན་པ་མ་ཟད། རྒྱབ་ཏུ་ད་དུང་དྲ་རྒྱའི་ཆུ་དཔུང་ལ་ཁ་ལོ་བསྒྱུར་བ་དང་དྲ་རྒྱའི་གླེང་ཕྱོགས་ལ་བསམ་ངན་བཅངས་ནས་ཟིང་ཆ་བཟོ་བ་སོགས་ཀྱི་བྱ་སྤྱོད་དང་འབྲེལ་བ་ཡོད། གཞན་ཡང་གླེང་ཕྱོགས་གཡོ་ལེན་གྱི་བྱེད་ཐབས་དེ་བས་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། རྩོམ་ཡིག་བསྐུར་བ་དང་སུབ་སྦྱར་བྱེད་པ། ད་དུང་ཆུ་དཔུང་གིས་ལྡོག་ཕྱོགས་ཀྱི་དཔྱད་གཏམ་སྤེལ་བ་དང་། AIརྫུན་བཟོ། ངན་སེམས་བཅངས་ནས་ཐེར་འདོན། འཚོལ་བཤེར་ཚོད་འཛིན་སོགས་དྲ་རྒྱའི་ཁྱད་ཆོས་ལྡན་པའི་བྱ་ཐབས་ཚུད་པ་རེད། དེའི་རྐྱེན་གྱིས་གསར་འགྱུར་གཡོ་ལེན་བྱེད་པ་ནི་གཡོ་ལེན་མཁན་དང་གནོད་འཚེ་ཕོག་མཁན་ཁོ་ནར་འབྲེལ་བ་ཡོད་མོད། འོན་ཀྱང་གླེང་ཕྱོགས་གཡོ་ལེན་གྱིས་སྤྱི་ཚོགས་ཀྱི་སྤྱི་དམངས་མང་པོར་བཙན་ཤེད་ཀྱིས་ཚུར་འཐེན་བྱས་ཏེ། གནས་ཚུལ་གང་ཡང་མི་ཤེས་པའི་སྤྱི་དམངས་རྣམས་བསམ་བཞིན་མ་ཡིན་པར་མགོ་སྐོར་གཏོང་མཁན་གྱི་ལག་ཆར་མི་འགྱུར་ཐབས་མེད་བྱུང་བ་དང་། གླེང་ཕྱོགས་ནི་དངོས་ཡོད་མཚོན་པའི་མེ་ལོང་ཞིག་མིན་པར་ཁྲིམས་དང་འགལ་བས་འདེགས་ཤིང་དུ་བརྩིས་ནས་གནོན་ཤུགས་སྤྲད་ཡོད། དེར་བརྟེན་གླེང་ཕྱོགས་གཡོ་ལེན་བྱེད་པའི་ངོ་བོ་དེ་བས་སྡུག་ཏུ་ཕྱིན་ཏེ་རྒྱུ་ནོར་ཁོ་ན་དོན་གཉེར་མི་བྱེད་པར་རྒྱུན་ལྡན་གྱི་དྲ་རྒྱའི་བར་སྟོང་གི་སྒྲིག་ལམ་ལའང་བཏོར་བརླག་ཚབས་ཆེན་བཟོས་ཡོད།
(1) རང་འགུལ་ངང་འབྲེལ་ཡོད་ཁེ་ལས་སྡེ་ཁག་གི་ལྡོག་ཕྱོགས་ཀྱི་ཆ་འཕྲིན་འཚོལ་བཤེར་བྱས་རྗེས་འབྲེལ་ཡོད་ལས་ཁུངས་དང་འབྲེལ་བ་བྱས་ཏེ་ཕ་རོལ་བར་དངུལ་ཁྱེར་ནས་གནོད་འཚེ་སེལ་རྒྱུའི་འཇིགས་སྐུལ་བྱེད་ཀྱིན་ཡོད་པ། དེ་ལྟར་མ་བྱས་ཚེ་ཆ་འཕྲིན་དེ་འུད་སྒྲོག་བྱས་ནས་ཆེ་རུ་གཏོང་བ།
(2) ཆུ་དཔུང་གིས་དམིགས་སའི་རང་བཞིན་ལྡན་པའི་ལྡོག་ཕྱོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུར་ཚོད་འཛིན་བྱས་ཏེ། སླར་ཡང“སྤྱི་འབྲེལ”ལ་བརྫུས་ནས་སྒོ་ཁར་ཡོང་ནས“སུབ་སྦྱར་གྱི་རོགས་བྱེད་ཐུབ”ཅེས་བཤད་པ་དང་། བསུབ་རིན་བླངས་རྗེས་རང་འགུལ་གྱིས་བསུབ་པ།
རིག་རྩེད་ཁྱབ་ཁོངས་སུ་ཉེས་བཟོ་ཚོགས་པས་རྒྱུན་དུ་འཁྲབ་སྟོན་གྱི་སྔ་རྗེས་སུ་འཁྲབ་སྟོན་པའི་འཁྲབ་རྩལ་དང་། རྣམ་པ། གསར་གཏོད་གཙོ་བོ་བཅས་ཀྱི་འབྲེལ་བ་ལ་དམིགས་པའི་ལྡོག་ཕྱོགས་ཀྱི་སྦྱར་ཡིག་གཅིག་སྡུད་ཐོག་སྤེལ་ནས་གླེང་ཕྱོགས་ཀྱི་གནོན་ཤུགས་བཟོས་པ་དང་། ཟློས་གར་ཕྱོགས་སམ་ཡང་ན་སྒྱུ་རྩལ་པའི་ཚོགས་པས་གནོན་ཤུགས་ཐེག་མ་ཐུབ་པར་རང་འགུལ་ངང་འབྲེལ་གཏུག་བྱེད་སྐབས་ཉེས་བཟོ་ཚོགས་པས“དྲིལ་བསྒྲགས་ཞབས་ཞུའི”མཁོ་འདོན་བྱེད་པའམ་ཡང་ན“གླེང་ཕྱོགས་ལེགས་སྒྱུར”(“ཟློས་གར་སྲུང་སྐྱོབ”ལ་ཟེར)མཁོ་འདོན་བྱེད་པར་ཁ་གཡར་ནས་སུབ་སྦྱར་བྱ་སྤྱོད་དེ་ཚོང་ལས་མཉམ་ལས་སུ་བརྩིས་ནས་འགྲོ་གྲོན་མཐོན་པོ་བླངས་པ་རེད། ལྟ་སྐུལ་དོ་དམ་དང་རྩིས་ཐོའི་ཨང་གྲངས་རྒྱུན་ལྡན་མིན་པར་གཡོལ་ཆེད། ཁོ་ཚོས་རྒྱུན་པར་སྦྱར་ཡིག་ཐད་ཀར་མི་སུབ་པར་སྦས་སྐུང་བྱེད་པ་མ་ཟད། ལས་རིགས་ཀྱི་སྐད་ཆ་ནག་པོ་སྤྱད་དེ་འབྲེལ་འདྲིས་བྱེད་ཀྱི་ཡོད། དཔེར་ན་རི་མོའི་རྣམ་འགྱུར་གྱིས“ཟྭ” ཡིས་སྦྱར་ཡིག་སྦས་སྐུང་བྱེད་པ་དང“ཁུག་མ”ཡིས་རིན་གོང་བགྲོ་གླེང་བྱེད་པ། “སོ་ཕག”གིས་དངུལ་རྩིས་ཐོར་བཀོད་ཟིན་པ་སོགས་མཚོན་པ་དང་། སྒྱུ་རྩལ་པར་གྲོས་བསྡུར་བྱེད་སྐབས་གསལ་བྱེད་བསྡུས་འབྲི་བྱས་ནས་མིང་ངོ་མའི་ཚབ་བྱེད་ཀྱི་ཡོད།
(3)འབྲེལ་ཡོད་སྡེ་ཁག་གི“དྲིལ་བསྒྲགས་མཉམ་ལས”དང“དྲིལ་བསྒྲགས་ཇུས་འགོད”སོགས་ཀྱི་མིང་ཐོག་ནས་དོན་དངོས་ཞབས་ཞུ་མེད་པའི་མཉམ་ལས་གྲོས་མཐུན་འཇོག་རྒྱུར་འཇིགས་སྐུལ་བྱེད་པ་དེ་ནི་དོན་དངོས་ཐོག་བཙན་ཁྲིད་བྱས་ནས་ཕར་ཕྱོགས་ལ་སྲུང་སྐྱོབ་གྲོན་དངུལ་སྤྲོད་དགོས་པའི་རེ་བ་བཏོན་པ་ཞིག་ཡིན་པ་དང་། དེ་མིན་ཕར་ཕྱོགས་ལ་བལྟས་ནས་གོ་སྐབས་བཙལ་ཏེ་ཐེར་འདོན་བྱེད་དགོས།
གླེང་ཕྱོགས་གཡོ་ལེན་གྱིས་གནོད་འཚེ་ཕོག་མཁན་ལའང་བལྟོས་བཅས་ཀྱིས་གཟུགས་རིས་གསལ་བོ་ཡོད་པ་དང་། ཁོང་ཚོ་ནམ་རྒྱུན“ལྡོག་ཕྱོགས་ལ་སྐྲག་པ་དང་། དངུལ་ཡོད་པའི”སྡེ་ཁག་གམ་མི་སྒེར་ཡིན་ཞིང་། དེ་སྔའི་དཔེ་མཚོན་གྱོད་གཞི་དང་ཟུང་འབྲེལ་བྱས་ཏེ་ཁོ་ཚོ་གཙོ་བོ་ཁྲོམ་རར་ཞུགས་པའམ་ཡང་ན་བསྡུ་དངུལ་བྱེད་རྩིས་ཡོད་པའི་ཁེ་ལས་སུ་གཅིག་སྡུད་བྱས་ནས་ལྡོག་ཕྱོགས་ཀྱི་ཆ་འཕྲིན་གྱིས་ཁྲོམ་རར་ཞུགས་པའམ་ཡང་ན་བསྡུ་དངུལ་གྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་རྒྱུར་སྐྲག་འདུག འཛད་སྤྱོད་རྩོད་གཞི་འབྱུང་སླ་བའི་ཟས་རིགས་དང་། སྨན་རྫས་ཁེ་ལས། ཇ་བཏུང་སོགས་ཚོང་རྟགས་གྲགས་ཅན་མགྱོགས་མྱུར་མེད་པར་བཟོ་བའི་ཁེ་ལས་ཆེ་གྲས། ཐད་འཚོང་དང་། བདེ་ཐང་། སྨན་བཅོས་སོགས་འབྲེལ་ཡོད་ཚད་ལྡན་དེ་ཙམ་མེད་པའི་གླེང་ཕྱོགས་ཐོན་སླ་བའི་ལས་རིགས་ཤིག་རེད།
བརྙན་འཕྲིན་རིག་རྩེད་ལས་རིགས(དཔེར་ན་བརྙན་འཕྲིན་ཟློས་གར་བཟོ་སྐྲུན་ཀུང་སི་དང་སྒྱུ་རྩལ་པའི་ཚོགས་པ)ཀྱང་གླེང་ཕྱོགས་གཡོ་ལེན་གྱི་གནོད་འཚེ་ཕོག་ཡུལ་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད། ལས་རིགས་འདི་དག་གིས་ལྡོག་ཕྱོགས་ཀྱི་གླེང་ཕྱོགས་ལ་ཚོར་བ་སྐྱེན་པོ་ཡོད་པ་དང་། ལྡོག་ཕྱོགས་ཆ་འཕྲིན་གྱིས་བརྩམས་ཆོས་སྟོན་པའི་ཕན་འབྲས་དང་། སྟེགས་བུ་རིམ་འདེམ། སྒྱུ་རྩལ་པའི་ཚོང་ལས་རིན་ཐང་བཅས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ནས་དཔལ་འབྱོར་གྱི་གྱོང་གུན་བཟོ་སྲིད།
གཞན་ཡང་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་དམིགས་བསལ་ལས་རིགས་ཀྱི་གཉེར་སྐྱོང་བྱེད་མཁན། དཔེར་ན་གྲུ་བདག་དང་གཏེར་བདག ཟ་ཁང་གི་སྦྱིན་བདག དྲ་ཚུགས་ཚོང་པ་སོགས་ཀྱིས་གླེང་ཕྱོགས་ལ་རྒྱུས་ལོན་མེད་པ་དང་སྨྱན་སྦྱོར་གྱི་བྱང་ཚད་ཞན་པའི་དབང་གིས་དངུལ་བཏང་ནས་གོལ་སེལ་གྱི་སེམས་ཁམས་བཅངས་ནས་གནོད་འཚེ་ཕོག་མཁན་དུ་འགྱུར་སྲིད།
བལྟོས་བཅས་ཀྱིས་བཤད་ན། སྲིད་གཞུང་གི་སྒྲིག་གཞི་དེ་གླེང་ཕྱོགས་གཡོ་ལེན་བྱ་ཡུལ་དུ་འགྱུར་དཀའ་མོད། འོན་ཀྱང་གཞི་རིམ་གྱི་ཞང་གྲོང་སྲིད་གཞུང་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་ཁག་གཅིག་གིས་ཚོར་སྣང་སྐྱེན་པའི་སྐབས་སུ་དཔེར་ན། འདེམས་བསྐོ་དང་། སྐབས་བརྗེའམ་ཡང་ན་སྐོར་གཟིགས། ལྟ་ཞིབ་བཅས་བྱེད་པའི་སྐབས་སུ་མགོ་སྐོར་གཏོང་ཉེན་ཡོད་སྲིད། སྲིད་འཛིན་སྒྲིག་གཞི་ཁ་ཤས་ལ་ལས་ཀའི་ཁྲོད་ཚད་ལྡན་མིན་པའམ་ཡང་ན་འཕན་ཟེལ་ཡོད་པ་མ་ཟད། གླེང་ཕྱོགས་གཙང་ཞེན་དང་གླེང་ཕྱོགས་ཁྱབ་འགྲེམ་བྱེད་པར་སྐྲག་ནས་གནོད་འཚེ་ཕོག་མཁན་དུ་འགྱུར་སྲིད།
བྱ་སྤྱོད་དེས་དྲ་རྒྱའི་སྣོད་བཅུད་ལ་སྦགས་བཙོག་ཚབས་ཆེན་བཟོས་ནས་ཁྲོམ་རའི་བྱེད་པོ་དང་སྒྲིག་གཞིའི་ཚན་པ་སྣ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་རེད། གླེང་ཕྱོགས་གཡོ་ལེན་གྱིས་སྤྱི་ཚོགས་ཀྱི་སྤྱི་དམངས་དེ་བས་མང་བ་བཙན་ཤེད་ཀྱིས་ཚུར་འཐེན་བྱས་ནས་རྒྱུན་གཏན་གྱི་དྲ་རྒྱའི་བར་མཐོངས་ཀྱི་སྒྲིག་ལམ་ལ་ཟང་ཟིང་ཚབས་ཆེན་བཟོས་པ་དང་། གླེང་ཕྱོགས་ནི་དངོས་ཡོད་མཚོན་པའི་མེ་ལོང་ཞིག་མིན་པར་ཁྲིམས་འགལ་བས་འདེགས་ཤིང་དུ་བརྩིས་ནས་གནོན་ཤུགས་སྤྲད་པ་ཞིག་རེད། གླེང་ཕྱོགས་གཡོ་ལེན་ཀྱི་རྒྱབ་ཏུ་ཐོན་ལས་ནག་པོའི་སྦྲེལ་ཐག་གསལ་པོ་ཡོད་པ་དང་། རྒྱུ་ཆ་ནག་པོ་འཚོལ་ཞིབ་དང་། པར་ལེན་མཉམ་སྦྱོར། ཆུ་དཔུང་ཚོད་འཛིན་དཔྱད་འཇོག རྒྱུ་ནོར་ལེན་པ། རིན་དོད་ཡོད་པའི་སྒོ་ནས་སྦྱར་ཡིག་བསུབ་པ། སྦྱར་ཡིག་སྤེལ་བའམ་ཡང་ན་རྩོམ་ཡིག་འབྲི་མཁན་གྱིས་ཕྱི་རྒྱལ་གྱི་IPདང་རྟོག་བཟོའི་དངུལ་ལོར་སོགས་ཀྱི་རྣམ་པའི་ཐོག་ནས་ས་ཁོངས་ལས་བརྒལ་ཏེ་འབྲེལ་གཏུག་མེད་པའི་གྲོན་དངུལ་བསྡུ་ལེན་བྱས་ཏེ་བཅའ་ཁྲིམས་ཀྱི་བཀག་སྡོམ་ལས་ཐར་ཐབས་བྱེད་ཀྱི་ཡོད། གནོད་འཚེ་ཕོག་མཁན་ཕྱོགས་ཀྱིས་རྟག་ཏུ་དྲ་རྒྱའི་གླེང་ཕྱོགས་ཀྱི་གནོན་ཤུགས་ཀྱི་དབང་གིས་དངུལ་བཏང་ནས་དོན་དག་ཞི་འཇགས་སུ་གཏོང་བར་གདམ་ག་བྱེད་པ་དང་། དེ་ལས་ལྡོག་སྟེ་ཁྲིམས་འགལ་བའི་རྫིག་ཉམས་ཆེ་རུ་འགྲོ་གི་ཡོད། གླེང་ཕྱོགས་གཡོ་ལེན་ལ་རྡུང་རྡེག་ནན་པོ་གཏོང་བ་ནི་ཚོང་གཉེར་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱས་ནས་དམངས་གཉེར་ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོང་གི་མ་གནས་དམའ་རུ་གཏོང་བ་ཞིག་ཡིན་ལ། གཞི་རིམ་ལས་བྱེད་པར་གླེང་ཕྱོགས་ཀྱི་གནས་ཚུལ་ཅི་ཡང་མེད་པར་འཕྲད་སྐབས་གནོན་ཤུགས་ཆུང་དུ་གཏོང་བ་ཞིག་ཀྱང་ཡིན་པས། དྲ་རྒྱའི་བར་མཐོངས་བཅོས་སྐྱོང་བྱ་རྒྱུ་དེ“ནང་དོན་དོ་དམ་བྱེད་པ”ནས“ནག་ཉེས་འབྲེལ་ཐག་ལ་རྡུང་རྡེག་གཏོང་བའི”ཕྱོགས་སུ་བསྐྱོད་རྒྱུའི་སྔོན་བརྡ་བཏང་བ་ཞིག་རེད།
སྤྱི་ལོ2026ལོར་སྤྱི་བདེ་ལས་ཁུངས་ཀྱིས་གླེང་ཕྱོགས་གཡོ་ལེན་བྱ་རྒྱུ་དེ་ནག་ཚོགས་ཉེས་བཟོ་གསར་པར་བརྩིས་ནས་གཙོ་གནད་དུ་བྱས་ནས་རྡུང་རྡེག་བཏང་བ་རེད། དཔེར་ན། སྤྱི་ལོ2026ལོའི་ཟླ8ཚེས11ཉིན་ཀོང་ཏུང་ཞིང་ཆེན་སྤྱི་བདེ་ཐིང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་རེས་སྐོར་དང་པོའི་གཅིག་སྡུད་དྲ་བསྡུའི་བྱ་སྤྱོད་ཁྲོད། གླེང་ཕྱོགས་གཡོ་ལེན་དེ་གཙོ་གནད་རྡུང་རྡེག་བྱ་ཡུལ་གྱི་གྲས་སུ་བཞག་ཡོད། སྤྱི་ལོ2026ལོར་ཀོང་ཏུང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནག་ཚོགས་དང་འབྲེལ་བའི་རྩ་འཛུགས8དང་། ངན་འབྲེལ་རྩ་འཛུགས226མེད་པར་བཟོས་པས། ནག་ཚོགས་དང་འབྲེལ་བའི་གནས་ཚུལ་དུས་མཚུངས་སུ39.022%མར་ཆག་ཡོད།
དུས་མཚུངས་སུ་སྤྱི་བདེ་པུའུ་ཡི་གཅིག་གྱུར་བཀོད་འདོམས་འོག་ལེའོ་ཉིང་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་རེས་སྐོར་དང་པོའི་གཅིག་སྡུད་དྲ་བསྡུའི་བྱ་སྤྱོད་ཁྲོད། གསར་འགྱུར་སྨྱན་སྦྱོར་ལས་དོན་པའི་ཐོབ་ཐང་རྫུན་མ་སྤྱོད་པ་དང་སྦགས་བཙོག་གམ་ཡང་ན་སྒྲིག་འགལ་ཐོན་སྐྱེད་ཀྱི་གནད་དོན་འཇིགས་སྐུལ་དམར་རྗེན་དུ་བཏོན་པ་བརྒྱུད་ཁེ་ལས་ལ་གླེང་ཕྱོགས་གཡོ་ལེན་བྱེད་པའི་ཉེས་བཟོ་ཚོགས་པ་ཞིག་མེད་པར་བཟོས་ནས་ཉེས་སྤྱོད་དོགས་ཅན3བཟུང་བ་རེད།
སྤྱི་ལོ2026ལོའི་ཟླ8ཚེས13ཉིན་ཧང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ལེན་ཨན་ཆུའུ་ཡན་ལག་ཅུའུ་ཀྱིས“ཟློས་གར་སྲུང་སྐྱོབ”ལ་ཁ་གཡར་ནས་གླེང་ཕྱོགས་གཡོ་ལེན་གྱི་གྱོད་གཞི་ཞིག་མྱུལ་ཞིབ་རྩད་ཆོད་དང་། རང་མོས་སྨྱན་སྦྱོར་གྱི་རྩིས་ཐོའི་ཨང་གྲངས་ལ་བརྟེན་ནས་གླེང་ཕྱོགས་ལ་ཁ་ལོ་སྒྱུར་བ་དང་། བརྙན་འཕྲིན་ཟློས་གར་ཚོགས་ཆུང་དང་སྒྱུ་རྩལ་པར “དངུལ་བཏང་ནས་གནོད་འཚེ་སེལ་བའི”ལས་རིགས་ཅན་གྱི་ཉེས་གསོག་ཚོགས་པ་ཞིག་མེད་པར་བཟོས་ནས་ས་ཆ་མང་པོར་དུས་གཅིག་ཏུ་དྲ་རྒྱ་བསྡུས་ནས་གྱོད་གཞི་དང་འབྲེལ་བའི་མི་སྣ10བཟུང་བའི་ནང་ཉེས་ཅན་གཙོ་བོ2འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།
ཞིབ་ཕྲར་བརྗོད་ན། གྱོད་གཞི་དེ་ནི་རྒྱལ་ཡོངས་ཀྱིས་དྲ་སྟེང་རིག་རྩེད་ཁྱབ་ཁོངས་ཀྱི་སྐྱ་མདོག་ལས་གཉེར་བྱ་སྤྱོད་ལ་དམིགས་ནས་གཡོ་ལེན་བྱེད་པའི་ཉེས་བཟོ་ལ་བརྟེན་ནས་གྱོད་དོན་ཐོ་འགོད་དང་མྱུལ་ཞིབ་བྱེད་པའི་དཔེ་མཚོན་གྱོད་གཞི་ཞིག་རེད། ཉེས་བཟོ་ཚོགས་པའི་སྒྲིག་འཛུགས་ནན་པོ་ཡོད་པ་དང་། རང་མོས་སྨྱན་སྦྱོར་གྱི་རྩིས་ཐོའི་ཨང་གྲངས་བརྒྱུད་ལྡོག་ཕྱོགས་ཀྱི་སྦྱར་ཡིག་སྤེལ་བ་དང་། དེ་རྗེས“དྲིལ་བསྒྲགས་ཞབས་ཞུ་མཁོ་འདོན་བྱེད་པ”འམ་ཡང་ན“ཟློས་གར་སྲུང་སྐྱོབ”ཞེས་པའི་མིང་ཐོག་ནས་གནོན་ཤུགས་སྤྲད་དེ་གནོད་འཚེ་ཕོག་མཁན་ལ་བཙན་ཤེད་ཀྱིས་འགྲོ་གྲོན་སྤྲོད་དུ་བཅུག་པ་རེད།
དུས་མཚུངས་སུ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྱང་གླེང་ཕྱོགས་གཡོ་ལེན་གྱི་ཉེས་བཟོ་ལ་རྡུང་རྡེག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། སྤྱི་ལོ2026ལོའི་ཟླ8ཚེས13ཉིན་ཧྲན་ཞི་ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་སྐུལ་སློང་ཚོགས་འདུ་འཚོགས་པ་དང་། མ་འོངས་པའི་ལོ་གཅིག་གི་ལས་དོན་བཀོད་སྒྲིག་བྱས་ཏེ་གླེང་ཕྱོགས་གཡོ་ལེན་བྱ་རྒྱུ་དེ་ནག་ཚོགས་ཉེས་བཟོ་གསར་པ་བཅུ་ལ་རྡུང་རྡེག་གཏོང་བའི་གཙོ་གནད་གྲས་སུ་བཞག་ཡོད། ཚོགས་འདུའི་སྟེང་ཞིབ་དཔྱོད་ལས་ཁུངས་ཀྱིས“ཞིབ་ཏིག་འགན་སྒྲུབ”ལ་དམིགས་ཏེ་ཞིབ་དཔྱོད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། འཛིན་བཟུང་ཞུ་གཏུག་གི་འགན་ནུས་ཏན་ཏིག་སྒྲུབ་པ། ཁུངས་སྣེ་གྲལ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་སྐུལ་འདེད་གཏོང་བ་བཅས་བརྒྱུད་རྡུང་རྡེག་གི་ཕན་འབྲས་འགན་ལེན་བྱས་ནས་ནག་ཚོགས་སྟོབས་ཤུགས་བསྐྱར་དུ་མངོན་པར་སྔོན་འགོག་བྱེད་དགོས་པའི་ནན་བཤད་བྱས།
སྤྱི་ལོ2026ལོའི་ཟླ8པར་སྤྱི་བདེ་ལས་ཁུངས་དྲ་བའི་བདེ་འཇགས་སྡེ་ཁག་གིས་ལམ་ཐིག་ལྟར་འགག་སྒྲོལ་བྱས་ཏེ་བརྙན་འཕྲིན་ལས་རིགས་ལ་དམིགས་པའི་དྲ་རྒྱའི་གླེང་ཕྱོགས་གཡོ་ལེན་བྱེད་པའི་གྱོད་གཞི་གསུམ་བསྟུད་མར་རྩད་ཆོད་པ་དང་། རིམ་རྩིས་བྱས་ན་ཉེས་སྤྱོད་དོགས་ཅན24འཛིན་བཟུང་བྱས་པ་དང་། དྲ་རྒྱའི་ཐལ་རྡུལ་ནག་པོའི་རྫིག་ཉམས་ལ་རྡུང་རྡེག་ནུས་ལྡན་བཏང་བ། དྲ་རྒྱའི་བརྒྱུད་སྤེལ་སྒྲིག་ལམ་དང་འབྲེལ་ཡོད་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པ་ཡོད།
ཞིབ་བཤེར་བྱས་པ་བརྒྱུད། ལི་ཆེ་གེ་མོ་དང་ལིའོ་ཆེ་གེ་མོ་གཉིས་གཙོ་བྱས་པའི་ཉེས་བཟོ་ཚོགས་པས་ཐོ་འགོད་བྱས་པ་བརྒྱུད་རིག་གནས་སྨྱན་སྦྱོར་ཀུང་སི་བཙུགས་ཏེ་རྩ་འཛུགས་ཡོད་པ་དང་གྲབས་ཇུས་ཡོད་པ། གོ་རིམ་ཅན་བཅས་ཀྱི་སྒོ་ནས་དྲ་རྒྱའི་གླེང་ཕྱོགས་ཚོད་འཛིན་བྱས་ཡོད། ཚོགས་པ་དེས་དངོས་སུ་ཚོད་འཛིན་བྱས་པའི་ཞེན་འབྲངས་ཚད་ཁྲི་བརྒྱ་ལྷག་ཙམ་གྱི་རང་མོས་སྨྱན་སྦྱོར་གྱི་རྩིས་ཐོའི་ཨང་གྲངས་སྤྱད་དེ་དུས་ཡུན་རིང་བོའི་ནང་མིག་སྔའི་སྐད་གྲགས་ཆེ་བའི་བརྙན་འཕྲིན་ཟློས་གར་དང་། ཁྱབ་གདལ་ཆེ་བའི་ཕྱོགས་བསྡུས་སྒྱུ་རྩལ། མི་སྣ་གྲགས་ཅན་བཅས་ལ་དམིགས་ནས་ལྡོག་ཕྱོགས་ཀྱི་ཆ་འཕྲིན་འབོར་ཆེན་སྒྲིག་སྦྱོར་དང་རྫུན་བཟོ། ཁྱབ་བསྒྲགས་བཅས་བྱས་པས་གླེང་ཕྱོགས་ཀྱི་གནོན་ཤུགས་ཆགས་པ་བྱས་དང་གནོད་འཚེ་ཕོག་མཁན་གྱིས“ཟློས་གར་སྲུང་སྐྱོབ”ཀྱི་ཞབས་ཞུ་ཟེར་བ་དེ་རང་འགུལ་ངང་འབྲེལ་གཏུག་དང་ཉོ་སྒྲུབ་བྱེད་དུ་བཅུག་སྟེ་ཁྲིམས་འགལ་ངང་ཁེ་བཟང་རག་ཐབས་བྱས་པ་རེད། ཚོགས་པ་དེའི་འབྲེལ་ཡོད་ཉེས་བཟོ་བྱ་སྤྱོད་ཀྱིས་རིག་རྩེད་ཐོན་ལས་ཀྱི་སྐྱོན་བྲལ་སྣོད་བཅུད་ལ་ཟིང་ཆ་ཚབས་ཆེན་བཟོས་ཡོད། གྱོད་གཞི་ཧྲིལ་པོ་རྩད་ཆོད་བྱུང་རྗེས་ཧང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཀྱིས་གཅིག་སྡུད་ཐོག་དྲ་བསྡུའི་བྱ་སྤྱོད་སྤེལ་ནས་ཉེས་སྤྱོད་དོགས་ཅན10འཛིན་བཟུང་བྱས་པ་རེད། འདྲི་གཅོད་བྱས་པ་བརྒྱུད་ལི་ཆེ་གེ་མོ་དང་ལིའོ་ཆེ་གེ་མོ་གཙོ་བྱས་པའི་ཚོགས་པས་ཁྲིམས་འགལ་ཉེས་བཟོའི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་གྱོད་གཞི་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད།
ཞིན་བཤེར་བྱས་པ་བརྒྱུད། ཀྲེང་ཆེ་གེ་མོ་དང་ཧོང་ཆེ་གེ་མོ་གཉིས་ཀྱིས་དུས་ཡུན་རིང་པོའི་ནང་ཟློས་གར་གསར་བ་དང་མི་སྣ་གྲགས་ཅན་གྱི་ལྡོག་ཕྱོགས་ཀྱི་ཆ་འཕྲིན་བསྡུ་རུབ་བྱས་པ་དང་། དྲ་རྒྱའི་སྟེང་ཀུན་གྱིས་དོ་སྣང་བྱེད་པའི་སྟེགས་བུ་མང་པོའི་རྩིས་ཐོའི་ཨང་གྲངས་ཚོད་འཛིན་བྱས་ཏེ་ནང་དོན་རྫུན་མ་བཟོས་པ་རེད། ཀུན་གྱིས་དོ་སྣང་བྱེད་པའི་བརྙན་འཕྲིན་ཟློས་གར་སྟོན་པ་དང་སྒྱུ་རྩལ་བས་ཡོངས་བསྒྲགས་བྱེད་སྒོ་སྤེལ་བའི་དུས་སུ་ཁོང་གཉིས་ཀྱིས་ཚོད་འཛིན་བྱས་པའི་རྩིས་ཐོའི་ཨང་གྲངས་བརྒྱུད་ལྡོག་ཕྱོགས་ཀྱི་ནང་དོན་ཁྱབ་བསྒྲགས་བྱས་ཏེ་མིས་སྦྱར་ཡིག་ཚ་ཤོས་ཇེ་དྲག་ཏུ་བཏང་ནས་བསམ་བཞིན་དུ་ལྡོག་ཕྱོགས་ཀྱི་གླེང་ཕྱོགས་གནད་དོན་བཟོས། འབྲེལ་ཡོད་བརྙན་འཕྲིན་ཟློས་གར་ཚོགས་ཆུང་དང་སྒྱུ་རྩལ་པའི་བར་ཁེ་བའི་ཚོགས་པས་ལྡོག་ཕྱོགས་ཀྱི་གླེང་ཕྱོགས་ཀྱིས་བརྩམས་ཆོས་ཀྱི་བསྔགས་བརྗོད་དང་སྒྱུ་རྩལ་པའི་མཚན་སྙན། དེ་བཞིན་ཚོང་ལས་ཀྱི་ཁེ་ཕན་བཅས་ལ་ཤུགས་རྐྱེན་ཐེབས་རྒྱུར་སེམས་ཁྲལ་བྱས་ནས་རང་འགུལ་ངང་ཁོ་གཉིས་དང་འབྲེལ་བ་བྱས་ཏེ་ལྡོག་ཕྱོགས་ཀྱི་ཆ་འཕྲིན་ཐག་གཅོད་བྱས་པ་དང་། ཁོང་གཉིས་ཀྱིས་གྲོན་དངུལ་བསྡུས་རྗེས་ལྡོག་ཕྱོགས་ཀྱི་འབྲེལ་ཡོད་སྦྱར་ཡིག་མེད་པར་བཟོས་ཡོད། བྱ་སྤྱོད་དེས་བརྙན་འཕྲིན་ལས་རིགས་ཀྱི་རྒྱུན་གཏན་ཁྱབ་བསྒྲགས་དང་འགྲེམས་སྤེལ་གྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ་དང་། དྲ་རྒྱའི་གླེང་ཕྱོགས་སྣོད་བཅུད་ལ་གཏོར་བཤིག་བཏང་བ། བརྙན་འཕྲིན་བཟོ་སྐྲུན་བྱེད་མཁན་དང་སྒྱུ་རྩལ་བའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་བཅས་རེད། མིག་སྔར་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་སྤྱོད་དོགས་ཅན2ལ་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་དང་གྱོད་གཞི་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད།
ཞིབ་བཤེར་བྱས་པ་བརྒྱུད། ལི་ཅུན་ཚོགས་པསMCNསྒྲིག་གཞི་བཙུགས་པ་དང་། རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་ཐོ་འགོད་བྱས་ནས། དོན་དངོས་ཐོག་སྐད་འཕྲིན་སྤྱི་རྟགས་དང་པོད་ཕྲན་གྱི་རྩིས་ཐོའི་ཨང་གྲངས་མང་པོ་ཞིག་ཚོད་འཛིན་བྱས་པས། སྤྱིའི་ཞེན་འབྲངས་ཚད་ཁྲི་སྟོང་ལས་བརྒལ་ཡོད། ཚོགས་པ་དེས་དུས་ཡུན་རིང་པོའི་ནང་དྲ་རྒྱའི་སྟེང་འབྲི་མཁན་གླས་ནས་མི་སྣ་གྲགས་ཅན་སྣ་ཚོགས་ཀྱི་སྤར་ཁ་འཚོལ་ཞིབ་དང་མཐུད་སྦྱོར་བྱས་ཏེ། མིས་བཟོས་རིག་ནུས་ཡོ་བྱད་སྤྱད་དེ་ཁོ་ཚོར་ཡོད་པའིVརྩིས་ཐོའི་ཨང་གྲངས་མང་པོ་ཚོད་འཛིན་བྱས་ནས་བརྙན་འཕྲིན་ཟློས་གར་དང་ཕྱོགས་བསྡུས་སྒྱུ་རྩལ་སྟོན་པར་བསམ་བཞིན་དུ་ལྡོག་ཕྱོགས་ཀྱི་གླེང་ཕྱོགས་ལ་གནད་དོན་བཟོས། འབྲེལ་ཡོད་ཟློས་གར་ཚོགས་ཆུང་གིས་གླེང་ཕྱོགས་ཀྱི་གནོན་ཤུགས་འཁུར་ནས་རང་འགུལ་ངང་འབྲེལ་གཏུག་དང་གྲོས་མོལ་བྱས་ནས་སུབ་སྦྱར་གྱི་དོན་དག་སྒྲུབ་སྐབས། ལི་ཆེ་གེ་མོས་གོ་སྐབས་དང་བསྟུན་ནས་བརྙན་འཕྲིན་ཟློས་གར་གཏོང་བའི་སྟེགས་བུའམ་ཡང་ན་གྲགས་ཅན་གཉེར་སྐྱོང་ཀུང་སིར“ཟློས་གར་སྲུང་སྐྱོབ”ཀྱི་ཞབས་ཞུ་ཉོ་དགོས་པའི་རེ་བ་བཏོན་པ་དང་། དེ་མ་བྱས་པར་ལྡོག་ཕྱོགས་ཀྱི་དྲ་རྒྱའི་སྦྱར་ཡིག་བསུབ་རྒྱུ་ཁས་མ་བླངས་པ་རེད། ངན་ཤོག་དེའི་“ཟློས་གར་སྲུང་སྐྱོབ”ཞབས་ཞུའི་ནང་སྤྱིར་བཏང་དུ་འཁྲབ་གཞུང་ཕྱོགས་བསྡུས་ཀྱི་དྲང་ཕྱོགས་དྲིལ་བསྒྲགས་སྦྱར་ཡིག་ཁྱབ་བསྒྲགས་བྱེད་པ་དང་། དུས་འགོར་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་མི་སྣ་གྲགས་ཅན་གྱི་ལྡོག་ཕྱོགས་ཀྱི་སྦྱར་ཡིག་སུབ་པ། དེ་བཞིན་ཟློས་གར་ཕྱོགས་བསྒྲིགས་སྟོན་པའི་རིང་ལ་འབྲེལ་ཡོད་ཟློས་གར་ཕྱོགས་བསྒྲིགས་དང་མི་སྣ་གྲགས་ཅན་གྱི་ལྡོག་ཕྱོགས་ཀྱི་སྦྱར་ཡིག་ཁྱབ་བསྒྲགས་མི་བྱ་རྒྱུ་ཁས་ལེན་བྱེད་པ་སོགས་ཚུད་ཡོད། ངོ་བོ་ནི་རྩིས་ཐོའི་ཨང་གྲངས་ལ་ཚོད་འཛིན་བྱས་ནས་ལྡོག་ཕྱོགས་ཀྱི་གླེང་ཕྱོགས་བཟོ་བ་དང་རྣམ་པ་འགྱུར་བའི་བཙན་ཤེད་ཀྱིས་ཉོ་ཚོང་བྱེད་དུ་འཇུག་པའི་གྱོད་གཞི་ཡོངས་རྩད་ཆོད་རྗེས། ཧུ་ཡོན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་གཅིག་སྡུད་ཐོག་དྲ་བསྡུའི་བྱ་སྤྱོད་སྤེལ་ནས་ཉེས་སྤྱོད་དོགས་ཅན12འཛིན་བཟུང་བྱས་པ་རེད། འདྲི་རྩད་བྱས་པ་བརྒྱུད། ལི་ཅུན་ཚོགས་པས་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་གྱོད་གཞི་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།