སྒྲུབ་གནས་མཁའ་འགྲོ་འབུམ་རྫོང་ནི། སུ་རུག་ཤོག་ཀའི་ནུབ་བྱང་སྤྱི་ལེ་སུམ་ཅུ་མ་ཟིན་ཙམ་ལྗིད་ཆེན་ལུང་པའི་སྐེད་དུ་ཡོད། མཚོ་ངོས་ལས་སྨིས༤༤༠བཙམ་ཟིན། རི་པ་བར་མ་དགོན་གྱི་སྒྲུབ་གནས་གོང་མར་ཡང་གྲགས། དཔའ་བོ་མཁའ་འགྲོ་འབུམ་གྱི་བཞུགས་གནས་ཡིན་པས་མཁའ་འགྲོ་འབུམ་རྫོང་ཞེས་བྱ། འདི་ནི་རི་པའི་བླ་མ་གྲུབ་བརྙེས་ཀརྨ་བག་ཡོད་སྐུ་རབས་བདུན་པ་དྲུང་ཆོས་རྒྱལ་བསྟན་འཛིན་གྱིས། སྤྱི་ལོ་དུས་རབས་བཅུ་དགུ་པའི་མགོ་སྟོད་བོད་ཀྱི་རབ་བྱུང་བཅོ་ལྔ་པའི་དཀྱིལ་དུ་གནས་སྒོ་ཕྱེས། དེ་ནས་ད་བར་ལོ་གྲངས་བརྒྱ་ལྷག་བརྒལ། འདི་ནི་རིག་འཛིན་གོང་མའི་སྒྲུབ་གནས་དང་རྩ་གསུམ་ལྷའི་ཕོ་བྲང་གནས་རི་གཉིས་ཀ་ཡིན་ཏེ། གྲུབ་བརྙེས་གོང་མ་རྣམས་ཀྱིས། རི་རྩེ་ལ་རིགས་གསུམ་མགོན་པོ། རི་སྐེད་ལ་རྒྱལ་བ་རིགས་ལྔ། རི་མཐའ་ལ་མ་མགོན་དམ་གསུམ། རི་རྩ་ལ་ལྷ་ཀླུ་གཉན་གསུམ། མདུན་རི་ལ་ཞིང་སྐྱོང་ཡབ་ཡུམ། དུང་སེང་གནམ་ལ་མཆོངས་འདྲ། ས་ཡི་སྲུང་བཞི་ཚང་བ། ས་རྡོ་རི་བྲག་རྩི་ཤིང་། མཁའ་འགྲོ་འབུམ་གྱི་བཞུགས་གནས། ཞེས་སྒྲུབ་གནས་ནི་རི་རྩེའི་བྲག་གསེབ་ཀྱི་སྤང་མཐིལ་ཁོད་ཡངས་པ་ཞིག་ཏུ་ཡོད་ཅིང་། ཡིད་འོངས་ཉམས་སུ་དགའ་བའི་རི་ཁྲོད་དབེན་གནས་ཤིག་ཡིན། རི་ཁྲོད་འདིར་ཐོག་མར་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཐུགས་སྲས་གྲུབ་པའི་དབང་ཕྱུག་ཆེན་པོ་ཨ་ལེབ་རྟོགས་ལྡན་ནམ་རི་པའི་རྣམ་དག་གིས་སྒྲུབ་གནས་སུ་བཟུང་སྟེ་སྒྲུབ་པ་མཛད་པས། ཉམས་རྟོགས་ཀྱི་རྩལ་ཆེན་པོ་རྫོགས་ཏེ་ཉིན་སྲིབ་ཀྱི་རི་རྩེ་ཕན་ཚུན་ལ་བྱ་ལྟར་ལྡིང་བ་ཕལ་པའི་མིག་གི་སྤྱོད་ཡུལ་དུ་གྱུར་པ་ཡོངས་སུ་གྲགས་ཤིང་། སྒྲུབ་གནས་དེར་ཚེ་དང་སྒྲུབ་པ་མཉམ་པར་བཞུགས། དེའི་ཡང་སྲིད་ཀརྨ་པ་བཅོ་ལྔ་པ་མཁའ་ཁྱབ་བདེ་བའི་རྡོ་རྗེས་ངོས་འཛིན་གནང་བ་རི་པ་བསྟན་པའི་ཉི་མས་ཀྱང་སྒྲུབ་གནས་སུ་མཛད། དེ་རྗེས་བེ་ཅང་བསྟན་བཀྲའམ་ཡུལ་མིས་རྡོ་རྐོ་བླ་མ་ཞེས་པ་ཞིག་ཡོད་པ་ཁོང་ཉིད་སྒྲུབ་གནས་དེར་ཡུན་རིང་བཞུགས། ཐུན་མཚམས་སུ་སྲིབ་ཀྱི་རི་རྩ་དེར་མ་ཎིའི་རྡོ་འབུམ་ཆེན་པོ་ཞིག་བཞེངས། རྡོ་ཆུང་མཛུབ་མགོ་ཙམ་གྱི་ངོས་སུ་མ་ཎི་བརྐོས་པ་སོགས་རྡོ་རྐོ་ཕུལ་དུ་བྱུང་བས་རྡོ་རྐོ་བླ་མ་ཞེས་མཚན་ཐོགས། གཅོད་དང་སྔགས་འདེབས་པ་ལ་ཕན་ཐོགས་ཆེ་བར་གྱུར། མཐར་སྒྲུབ་གནས་དེར་ཞི་བར་གཤེགས་ཤིང་སྐུ་གདུང་ཡང་གནས་དེར་ཞུགས་སུ་ཕུལ། དེ་རྗེས་ཁེ་ཚ་ཨ་འཛིན་ཞེས་པའི་རྟོགས་ལྡན་དེ་རྒྱུན་བཞུགས་མཛད་ཡོད་པར། ༡༩༥༩ལོར་ཡུལ་དམག་གིས་རི་ཉུལ་སྐབས་མཐོང་སྟེ་ལྕི་སྟོད་ཤོག་ཁར་ཁྲིད། དགུང་མོར་བཙོན་ཟས་རྩམ་པ་ཅུང་ཟད་བྱིན་པ་དེ་བཙོན་སྲུང་ལ་གསུར་འདེབས་རོགས་ཞེས་གསུར་དུ་བསྔོས། ཕྱི་ཉིན་བཙོན་པ་གཞན་དང་ལྷན་དུ་རྫ་སྟོད་དུ་འདེད་རྒྱུར་འཆར་གཞི་བཞིན་ཕྱི་ཉིན་གོམ་པ་ཁ་ཤས་མཚམས་ཕག་ལུང་ལམ་ཁར་ཅུང་ཟད་ངལ་གསོ་རུ་ཆུག་ཅེས་གད་ཁར་སྐྱིལ་ཀྲུང་གིས་ཙོག་པུར་བཞུགས་ཏེ་དེར་འདས། གཞན་ཡང་རི་ཁྲོད་དེར་བག་རོགས་རྟོགས་ཆུང་ཞེས་ཉམས་རྟོགས་ཕུལ་དུ་བྱུང་བ་ཞིག་ཀྱང་དབྱར་དུས་རུ་བ་ཐག་ཉེར་མེད་སྐབས་བདུན་ཕྲག་ཁ་ཤས་ལ་རྩི་ཏོག་ཁོ་ན་གསོལ་ནས་བཞུགས་པར་གྲགས། རྒྱལ་བསྟན་ཡང་དར་སྐབས་བླ་རྒན་བཀྲ་ཤིས་སམ་རྟོགས་ལྡན་དགའ་འཇིགས་ཁོང་མཚུར་ཕུའི་དབང་ཕྱུག་ཕུག་ཏུ་ལོ་བདུན་རིང་མཚམས་སྒྲུབ་མཛད་དེ་སྒྲུབ་དཔོན་བླ་མས་བསྟོད་བསྔགས་གང་ལེགས་ཐོབ། སླར་རང་དགོན་དུ་ཕེབས་ཏེ༡༩༩༨ལོ་ནས་བཟུང་ད་བར་ཟླ་རེ་གཉིས་མ་གཏོགས་ངག་བཅད་ཀྱིས་ཚེ་མཚམས་ལ་བཞུགས། གསོལ་ཆས་ཕྲན་བུ་ཙམ་ལས་ཡུལ་གྱི་དད་འབུལ་རྩ་བ་ནས་མི་ལེན་པར་མི་ནག་གི་ཁྱིམ་དང་ཉེ་འབྲེལ་གྱི་སྒོ་ཐེམ་སྤངས། ད་ལྟའང་དྲང་སྲོང་ཇི་བཞིན་འཚོ་ཞིང་བཞེས་པ་བཅས་སོ། ། སྒྲུབ་གནས་འདིའི་ས་རྡོ་རྩི་ཤིང་སོགས་ལ་དཔའ་བོ་མཁའ་འགྲོ་འབུམ་ཕྲག་གནས་པས་མཁའ་འགྲོ་འབུམ་རྫོང་ཞེས་བྱའོ། ། མདོར་ན་སྒྲུབ་གནས་མཁའ་འགྲོ་འབུམ་རྫོང་ནི་རི་པ་བར་མ་དགོན་གྱི་བླ་རབས་རིམ་བྱོན་སྐབས་སུ་རི་ཁྲོད་པའི་སྒྲུབ་རྒྱུན་བར་མ་ཆད་པའི་སྒྲུབ་གནས་རྩ་ཆེན་ཞིག་ཡིན་ལ། བསྐོར་བ་རེ་ལ་རིགས་གསུམ་མགོན་པོའི་བསྙེན་པ་བྱེ་བ་གཅིག་བཏོན་པའི་ཕན་ཡོན་ཡོད་པར་གསུངས། གནས་དེར་རང་བྱུང་ཁམས་ཀྱི་བཀོད་པ་མཛེས་སྡུག་ལྡན་པས་ཡུལ་སྐོར་ལྗོངས་རྒྱུའི་གནས་ཕུལ་དུ་བྱུང་བ་ཞིག་གོ།