རི་འདི་གོང་སྨོས་དཔག་རྒྱལ་དང་རི་འབྲེལ་ལྗིད་ཆེན་ལུང་པའི་ཉིན་དུ་ཡོད་ལ། རིའི་མཐོ་ཚད་དང་ལམ་ཐག་དཔག་རྒྱལ་ནོར་བུ་དགྲ་འདུལ་དང་ཕལ་ཆེར་འདྲ། རྫ་སྤང་འདྲེས་པའི་རི་བོ་མཐིང་སྨུག་གླང་ཆེན་ལ་ནོར་བུ་བཀལ་འདྲའི་རི་དབྱིབས་ཅན། འདི་ལ་ཀླུ་ཡི་དགེ་བསྙེན་གནོད་སྦྱིན་ནོར་བདག་ཆེན་པོ་རྡོ་རྗེ་དབང་མཆོག་སྩལ་ཞེས་པ་གནས་པར་གསུངས་ཏེ། གོང་སྨོས་རི་སྤྲུལ་བདུན་པས་མཛད་པའི་གསོལ་མཆོད་ལས། གནོད་སྦྱིན་ཆེན་པོ་རྡོ་རྗེ་དབང་མཆོག་དར་ནག་འཇོལ་བེར་དང་དར་སྔོན་གྱི་ལ་ཐོད་ཅན། བུང་བའི་མདོག་ཅན་རཏྣའི་ནོར་གཞོང་ཐོགས་པ། ཨིནྡྲའི་སྐུ་མཁར་དབྱིག་གི་ཁྲི་ལ་བཞུགས་པ་ཞིག་ཡོད་པ་གསལ། གཞི་གནས་ཡུལ་གྱི་བདག་པོ་འདི་རི་པ་བར་མའི་རྒྱབ་རི་དང་ཡུལ་གྱི་ཕྱུག་རི་ཡིན། རྫ་རི་པའི་ཆོས་རྒྱུད་འཛིན་པ་རི་པ་བརྩོན་འགྲུས་རྒྱ་མཚོའི་སྐྱེ་རབས་རི་པ་བག་ཡོད་པས་ཕྱག་བཏབས་པའི་རི་པ་བར་མ་དགོན་གྱི་རྒྱབ་གཡས་སུ་རི་འདི་གནས་པ་དང་། གཡོན་དུ་ཁོ་རྫ་གཉིས་གླང་ཆེན་དཀར་ནག་གི་བར་དུ་གནས་ཆགས་པས་ས་དཔྱད་ལེགས་པར་བཤད།