དཔག་རྒྱལ་ནོར་བུ་དགྲ་འདུལ་ནི་སུ་རུག་ཤོག་ཀ་སྲིད་གཞུང་གི་ནུབ་བྱང་མཚམས་སུ་སྤྱི་ལེ༢༥ཙམ་ཟིན་པ་ལྕི་ཆུའི་སྲིབ་རྒྱུད་དཔག་ཆེན་ལུང་པའི་ཕུ་རུ་ཡོད་ལ། ཡུལ་གྱི་རྒྱལ་རི་དང་རི་པ་བར་མ་དགོན་པའི་རྒྱབ་རིའང་ཡིན། རིའི་མཐོ་ཚད་མཚོ་ངོས་ལས་སྨིས༤༨༠༠ཙམ་ཟིན། འདི་ནི་དྲག་རྩལ་བཙན་གྱི་རྗེ་བོ་ལྕིའི་རི་དམར་སྤུན་བདུན་གྱི་གྲས་སུ་གཏོགས་ཤིང་། རྫ་རི་དམར་པོ་མི་སྙིང་གྱེན་ལ་བསླངས་པ་ལྟ་བུའམ་རི་དབྱིབས་ལ་ནོར་བུ་དང་འདྲ་བས་མིང་དེ་ཐོགས། ཁ་སྐད་དུ་དཔག་རྒྱལ་དང་ཡིག་ཐོག་ཏུ་དཔག་རྒྱལ་དང་དམག་རྒྱལ་ནོར་བུ་དགྲ་འདུལ་ཞེས་ཅི་རིགས་བྲིས་འདུགནང་གི་བཞུགས་བཀོད་ཀྱང་། རི་སྤྲུལ་བག་ཡོད་བདུན་པས་མཛད་པའི་གསོལ་མཆོད་ལས། མི་དམར་ཁྲོ་འཛུམ་དར་དམར་སྐུ་ལ་གསོལ་ཞིང་ཟངས་རྨོག་ཟུར་གསུམ་ཁྱུང་གི་ལྡེམ་འཕྲུ་ཅན། སྟག་དོང་གཟིག་ཤུབས་དང་བཏབ་པ་སྐེད་དུ་བསྐོར་བ། གཡས་གཡོན་ཕྱག་ན་བཙན་མདུང་དང་བཙན་ཞག་བསྣམས་པ་ཞིག་ཡོད་པ་གསལ། ཡུལ་མིས་དཔག་ཆེན་རི་རྒན་དང་རི་རིན་པོ་ཆེ་ཞེས་ཤིན་ཏུ་བཀུར་ཞིང་ས་བཅུ་ཐོབ་པར་བཤད། ལྕི་ཡི་ལྷ་ཁང་སྨུག་མོ་དཔག་རྒྱལ་གྱི་བཙུན་མོ་ཡིན་པ་དང་། དཔག་ཆེན་ལུང་པར་ཡབ་ཡུམ་འདུ་བའི་གནས་དང་ཆིབས་རྟ་བཏོད་སར་གྲགས་པ་བཅས་ཡོད། དེ་བཞིན་གཞི་བདག་ཆེ་དགུ་ལ་རི་མཚོ་ཟུང་རེ་ཡོད་པ་བཞིན། དཔག་ཆེན་མདའི་གུར་འདྲ་ཕུག་པའི་འདབས་སུ་དཔག་ཆེན་མཚོ་ཞེས་པ་ཡོད། ངག་རྒྱུན་དུ། རི་བོ་ཆུང་ཡང་གཞི་བདག་འཁོར་བས་གཉན། ། མཚོ་ཆུ་ཆུང་ཡང་དགེ་བསྙེན་གནས་པས་བཙན། ། ཞེས་པ་ལྟར་སྔར་མཚེའུ་དེར་མཚོ་གླང་མཚོ་ལུག་སོགས་མཐོང་མྱོང་བའི་མི་དངོས་སུ་ཡོད། ལ་ལས་མཚོ་འགྲམ་ནས་མིག་གིས་མ་མཐོང་རུང་ནོར་གྱི་ངུར་སྒྲ་དང་ལུག་གི་འབའ་སྒྲ་རྣ་བས་ཐོས་པའང་གང་མང་ཡོད། སྔར་དཔག་ཆེན་མཚོ་འགྲམ་དུ་བར་སྐོར་མའི་དུད་ཁྱིམ་ཕྱུག་པོ་ཞིག་གིས་མཆོད་བསྟོད་དུས་རྒྱུན་དུ་བྱས་པས་ཕྱུགས་ཟོག་འཕེལ་ཁ་རྒྱས་ཤིང་མཛོ་དང་གླང་ངེ་སོགས་མཐོ་སྒང་དུ་མཐོང་བར་དཀོན་པའི་སེམས་ཅན་རྟགས་ཅན་འགའ་སྒོ་ཕྱུགས་ཀྱི་ཁྲོད་དུ་བྱུང་། མཚོ་ཟོག་དེ་དག་གི་རྒྱུད་རྒོད་པས་གཡོག་མོ་དཀའ་ཚེགས་ཀྱིས་སུན་སྣང་སྐྱེས། ཉིན་ཞིག་ལ་གླང་ངེ་ལ་ལག་ཙོག་བྱས་ནས་སྒྱིད་ཐག་བྲབ། ཁ་ནས་སྡིགས་སྨོད་བྱེད་བཞིན་མཚོ་འགྲམ་དུ་དེད་པས་ཀླུ་གཡང་ཉམས་པས་ཕྱི་སུ་སྒོ་ཕྱུགས་དེ་དག་སྟོང་བར་གྱུར་སྐད། མདོར་ན་དཔག་རྒྱལ་འདི་ནི་དྲེགས་པ་རང་རྒྱུད་པ་རྐྱང་མ་ཡིན་པ་ས་ཐོབ་སེམས་དཔའི་ངོ་བོར་གྱུར་པས། མཆོད་བསྟོད་བྱས་ན་མགོན་སྐྱོབ་ཆེ་ཞིང་འཁུ་ལྡོག་ཆུང་བར་གྲགས། སྔར་བག་ཡོད་བདུན་པ་རྒྱ་གར་དུ་ཕེབས་ཐེངས་གཉིས་ལ་རང་ཡུལ་གྱི་གཞི་བདག་གཞན་རང་ཡུལ་ལས་བརྒལ་མི་ནུས་ནའང་། ཟོ་དོར་འདི་ཁོ་ན་སྐབས་སྐབས་སུ་རྒྱ་གར་དུའང་ཁམས་འདྲིར་སླེབས་བྱུང་གསུངས་མྱོང་བ་དང་། དེ་བཞིན་སྔར་རི་པ་བག་ཡོད་རིན་པོ་ཆེ་དབྱར་སྒར་དུ་ཕེབས་སྐབས་དཔག་རྒྱལ་གྱི་བླ་བྱ་ཕོ་རོག་གནག་ལ་ཆེ་བ་གཉིས་ཡོད་པ་དག་གིས་སྒར་གཞིས་དང་འགྲོགས་ནས་ཡོང་བ་སོགས་གསོལ་མཆོད་མཁན་ལ་སྡོང་གྲོགས་མཛད་པའི་ངག་རྒྱུན་མང་། ཕྱིས་སུ་བག་ཡོད་རིན་པོ་ཆེ་རྒྱ་གར་ནས་རང་དགོན་དུ་ཐོག་མར་ཕེབས་སྐབས་རྒྱ་གར་གྱི་ས་མཚམས་སུ་དངོས་སུ་བསུ་རུ་སླེབས་བྱུང་ཞེས་ཞལ་ནས་གསུངས། ཡུལ་མི་རྒྱུན་དུ་གསོལ་མཆོད་བྱེད་མཁན་རྣམས་ལ་སྡོང་གྲོགས་མཛད་པའི་བཤད་རྒྱུན་མང་། རིའི་མདུན་ནས་ནགས་སུ་གཏོགས་པ་ཀུན་གཅོད་སྲོལ་མེད་ཅིང་། གལ་ཏེ་སྤེན་ནེ་ཙམ་ཞིག་བཅད་ན་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་ཡོང་བ་དང་། དེ་མ་ཐག་མངོན་རྟགས་འདྲ་མིན་འབྱུང་། རི་ལ་གནས་པའི་རི་དྭགས་རྔོན་པ་ལྟ་ཅི། ས་རྐོ་རྡོ་སློག་དང་ཐབ་གཞོབ་གསུར་སོགས་ཀུ་ཅོ་འུར་སྒྲ་ཕན་ལ་འཛེམ་བྱ་བྱེད་ཅིང་། ཐ་ན་མེ་དབྱུག་ཏུ་ཁྲ་མ་ཙམ་ཞིག་འཐུ་དགོས་ན་མཆོད་བསྟོད་དང་གནང་བ་ཞུ་ནས་འཐུ་དགོས། དེར་བརྟེན་ཡུལ་མིས་རི་རིན་པོ་ཆེ་ཞེས་བཀག་རི་དང་དགོན་པའི་རྒྱབ་རི་བཀའ་སྲུང་གི་གྲལ་དུ་བཀུར་ཏེ་གཞིས་བྱེས་ཀུན་ཏུ་གསོལ་མཆོད་བསྟོད་གསོལ་བར་མ་ཆད་པར་བྱེད་པ་ཞིག་ཡིན།