ཁེ་བཟང་རག་རྒྱུ་དམིགས་ཡུལ་དུ་མི་འཛིན་པར། གཙོ་བོ་དང་བླངས་རང་བཞིན་གྱི་སྤྱི་ཕན་ལམ་ཡང་ན་གཉིས་ཕན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བའི་སྲིད་གཞུང་མ་ཡིན་པའི་སྤྱི་ཚོགས་རྩ་འཛུགས་ཡིན། ཀྲུང་གོར་ཁེ་སྤོགས་མིན་པའི་རྩ་འཛུགས་ལ་གཙོ་བོ་རིགས་གཉིས་ཡོད་དེ། རིགས་གཅིག་ནི་མང་ཚོགས་ཚོགས་པའི་རྩ་འཛུགས་ཏེ། དཔེར་ན་ཆེད་ལས་རིག་གཞུང་ཚོགས་པ་དང་། ལས་ཞོར་ལ་དགའ་བའི་མཐུན་ཚོགས། འཛད་སྤྱོད་པའི་མཐུན་ཚོགས། བཟོ་ཚོགས། བུད་མེད་ཁེ་དབང་སྲུང་སྐྱོབ་མཐུན་ཚོགས། ལས་འཁྱུར་ངལ་གསོ་མི་སྣའི་མཐུན་ཚོགས། ཆོས་ལུགས་མཐུན་ཚོགས། སློབ་གྲོགས་ཚོགས་པ། ཕ་ཡུལ་གཅིག་པའི་ཚོགས་པ་སོགས་ཡིན། ཚོགས་པ་འདིའི་རིགས་ཀྱི་གྲངས་འབོར་མང་ཞིང་ཁྱབ་རྒྱ་ཆེ་བ། སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་བ་བཅས་ཡིན། རིགས་གཞན་ཞིག་ནི་བྱ་གཞག་རང་བཞིན་གྱི་རྩ་འཛུགས་ཡིན་ཞིང་། དེའི་ནང་སློབ་གྲྭ་དང་། སྨན་ཁང་། དཔེ་མཛོད་ཁང་། གསར་འགྱུར་སྨྱན་སྦྱོར། དཔེ་སྐྲུན་ཁང་། རིག་རྩལ་ཚོགས་པ། ཚན་རིག་ཞིབ་འཇུག་ཁང་། ལུས་རྩལ་ལས་ཁུངས་སོགས་ཚུད་ཡོད།