ཁྲའོ་དབྱང་ལང་མཱ་འགྱིག་འཁོར་ཚད་ཡོད་འགན་འཁྲི་ཀུང་སིའི་ལག་རྩལ་པུའུ་ཡི་པུའུ་ཀྲང་དང་མཐོ་རིམ་ལག་རྩལ་པ་ཆེན་མོ་ཡིན་པའི་ཆ་ནས། ཝང་ཞའོ་ཀོང་གིས་ད་བར་ལང་མཱ་འགྱིག་འཁོར་དུ་ལས་ཀ་བྱས་ནས་ལོ21སོང་། གཙོ་བོ་ཀུང་སིའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་གྱི་ལས་ཀ་བྱེད་བཞིན་ཡོད་པ་དང་། ཀུང་སིའི་འགྱིག་འཁོར་གྲུབ་ཆ་ཇུས་འགོད་ཀྱི་སྣེ་ཁྲིད་མི་སྣ་ཡིན། རིམ་རྩིས་བྱས་ན་གསར་གཏོད་ཁེ་བེད60ལྷག་ཙམ་དང་དངོས་སྤྱོད་དཔེ་གསར་གྱི་ཁེ་བེད7ཐོབ་ཡོད། ཆེད་ལས་རང་བཞིན་གྱི་དཔྱད་རྩོམ10ལྷག་ཙམ་སྤེལ་ཡོད། སྤྱི་ལོ2015ལོར《འགྱིག་འཁོར་བརྡ་ཆད་དང་དེའི་མཚན་ཉིད》ཀྱི་རྒྱལ་ཁབ་ཚད་གཞིའི་རྩོམ་སྒྲིག་བྱ་བར་ཞུགས། སྤྱི་ལོ2016ལོར་ནང་འཁོར་མེད་པའི་ཐོན་རྫས་རྩེ་གྲ12R22.5ཞིབ་འཇུག་གསར་སྤེལ་གཙོ་སྐྱོང་བྱས་པ་དང་། ལོ་གཉིས་རིང་གི་འཚོལ་ཞིབ་དང་ལག་ལེན་བརྒྱུད་རྒྱལ་ནང་གི་ཐོན་རྫས་རྩེ་གྲ་ཇུས་འགོད་བྱས་པ་དང་། ཐོན་རྫས་ཀྱི་ནུས་པ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པས། ཕྱི་རྒྱལ་གྱིས་ལས་རིགས་དེའི་ཐོན་རྫས་རྩེ་གྲ་སྒེར་སྡེམ་བྱེད་པའི་གནས་ཚུལ་མེད་པ་བཟོས། སྤྱི་ལོ2019ལོར་ཝང་ཞའོ་ཀོང་གིས12.00R20གཏེར་ཁའི་འཁོར་ལོའི་ཞིབ་འཇུག་གསར་སྤེལ་ལས་གཞི་གཙོ་སྐྱོང་བྱས་པ་དང་། ལོ་ཕྱེད་ལྷག་ཙམ་གྱི་ཁྲོམ་རར་རྟོག་ཞིབ་བྱས་པ་བརྒྱུད། ཇུས་གཞི20ལྷག་ཙམ་ཇུས་འགོད་བྱས་ནས་དཔྱད་བསྡུར་བྱས། སྤྱི་ལོ2020ལོའི་ལོ་མགོར། གཏེར་རིའི་ཐོན་རྫས་ངོ་མ་ཁྲོམ་རར་བཏོན་པས། ཐོན་རྫས་ཀྱི་ནུས་པས་འཛད་སྤྱོད་པའི་དགོས་མཁོ་ཡོངས་སུ་བསྐངས་ཏེ། ཁྲའོ་དབྱང་ལང་མཱ་འགྱིག་འཁོར་ཚད་ཡོད་འགན་འཁྲི་ཀུང་སིའི་ཁེ་སྤོགས་བཟོ་བའི་ཐོན་རྫས་གལ་ཆེན་ཞིག་ཏུ་གྱུར།
སྤྱི་ལོ2021ལོར། ལང་མཱ་ཀུང་སིས་ཕ་ཁི་སི་ཐན་དུ་བཟོ་གྲྭ་བཙུགས་པ་དང་། ཝང་ཞའོ་ཀོང་གིས་ཕ་ཁི་སི་ཐན་གྱི་མ་རྩ་མཉམ་འཇོག་བཟོ་གྲྭའི་བཟོ་རྩལ་དང་ཐོན་རྫས་སྙོམས་སྒྲིག་ཚོད་ལྟའི་ལས་དོན་གཙོ་སྐྱོང་གནང་། ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་མི་འདང་བའི་རྐྱེན་གྱིས་སྙོམས་སྒྲིག་ཚོད་ལྟའི་ལས་དོན་སྤེལ་བ་དལ་མོར་ཆགས། ཝང་ཞའོ་ཀོང་གིས་ཚོགས་པའི་སྣེ་ཁྲིད་དེ་དཀའ་ངལ་སྣ་ཚོགས་ཁྱད་གསོད་བྱས་ནས་ལོ་ཕྱེད་ལྷག་ཙམ་རིང་དཀའ་སྤྱད་འབད་བརྩོན་བྱས་ཏེ། ཚན་རིག་དང་མཐུན་པའི་འཁོར་སྐྱོད་བྱས་པ་བརྒྱུད་ཚད་གཞི7དང་སྙོམས་སྒྲིག་ཚོད་ལྟ་ཁག26ལེགས་གྲུབ་བྱུང་བ་དང་། ངར་ལྕགས་ཧྲིལ་བོའི་ལྗིད་ཚད་ལྡན་པའི་ཤིང་རྟ་འགྱིག་འཁོར་ཐོན་སྐྱེད་དང་པོ་ཕ་ཁི་སི་ཐན་དུ་བྱུང་། སྤྱི་ལོ2022ལོའི་ཟླ9པ་ནས་སྤྱི་ལོ2023ལོའི་ཟླ12པའི་བར། ཝང་ཞའོ་ཀོང་གིས་མགོ་ཁྲིད་ཀྱི་མངགས་བཅོལ་ལྟར་སླར་ཡང་ཕ་ཁི་སི་ཐན་གྱི་མ་རྩ་མཉམ་འཇོག་ཀུང་སིའི་ཐོན་རྫས་གསར་སྤེལ་ལས་དོན་གྱི་འགན་ཁུར། ཁོང་གིས་འཕྲུལ་ཆས་བཟོ་གྲྭ་གཙོ་བོའི་ལེ་ལག་ཚང་བའི་ཐོན་རྫས་གསར་སྤེལ་དང་། ཐོན་རྫས་ཁྲོམ་རར་རྟོག་ཞིབ། ཚོང་རྗེས་ཀྱི་ཞབས་ཞུ་བཅས་ནས་མགོ་བཙུགས་ཏེ་ཐོན་རྫས23གསར་སྤེལ་བྱས་པར་ཁེ་སྤོགས་སྒོར་ཁྲི1800བྱུང་ཡོད།
ལོ20ལྷག་ཙམ་རིང་། ཝང་ཞའོ་ཀོང་གིས་ལས་དོན་ཚང་མར་ཡག་ཐོག་ཡག་བརྩེགས་དང་ཕུལ་བྱུང་དོན་གཉེར་མཐའ་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་བཟོ་བའི་སྙིང་སྟོབས་ལག་ལེན་བྱས་པ་དང་། སྤྱི་ལོ2024ལོར་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ། སྤྱི་ལོ2025ལོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་གི་མཚན་སྙན་ཐོབ། སྔ་རྗེས་སུ་ཁྲའོ་དབྱང་གྲོང་ཁྱེར་སྲིད་གཞུང་གི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ་དང་ལེའོ་ཉིང་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའ་ཨང་གསུམ་པ་ཐོབ།
ཁྲའོ་དབྱང་ལང་མཱ་འགྱིག་འཁོར་ཚད་ཡོད་འགན་འཁྲི་ཀུང་སིའི་ལག་རྩལ་པུའུ་ཡི་པུའུ་ཀྲང་དང་བཟོ་བཀོད་པ།
སྤྱི་ལོ2023ལོའི་ཟླ4པར། སྤྱི་ལོ2023ལོའི་ལེའོ་ཉིང་གི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ།
སྤྱི་ལོ2024ལོའི་ཟླ4པར། སྤྱི་ལོ2024ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ།
སྤྱི་ལོ2025ལོའི་ཟླ4པར། “རྒྱལ་ཡོངས་ངལ་རྩོལ་དཔེ་བཟང”གི་མཚན་སྙན་ཐོབ།