གོལ་ས་ཞེས་པ་ནི། ནོར་སའམ་ལོག་པ་ལ་གོ་དགོས་པས། སྐབས་འདིར་ལྟ་བའི་གོལ་ས་ཞེས་པ་ནི། བདག་འཛིན་གྱི་ལྟ་བ་དེར་གོ་བ་ཡིན། བདག་ཏུ་ལྟ་བ་ཞེས་པ་ནི་འཇིག་ཚོགས་ལ་ལྟ་བ་ཡིན་ཞིང༌། དེ་ནི་འཇིག་ཅིང་མི་རྟག་པའི་རང་བཞིན་ཅན་གྱི་ཕུང་པོའི་ཚོགས་པ་ལ་དམིགས་ནས་བདག་ཏུ་འཛིན་པ་ཉིད་ཡིན། བདག་འཛིན་ལ་གཉིས་ཏེ་ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་གཉིས། སྤྱིར་བདག་ཅེས་པའི་སྐད་དོད་དུ་ཨཱཏྨ་ཞེས་ཡོད་ལ། དེ་སྒྲ་ཡངས་པའི་དབང་དུ་བྱས་ན་གང་ལ་ཡང་མ་ལྟོས་པར་ཚུགས་ཐུབ་ཏུ་གནས་པ་ཞིག་ལ་བདག་ཅེས་གོ་དགོས་ཤིང༌། དེ་ལྟར་ན་ཆོས་བདག་གི་དབང་དུ་བྱས་པ་དང༌། སྒྲ་དོག་པར་བྱས་ན་ཕུང་པོ་ལ་དམིགས་ནས་ང་བདག་ཏུ་འཛིན་པ་ལ་གོ་དགོས་པས། དེ་ལྟར་ན་གང་ཟག་གི་བདག་གི་དབང་དུ་བྱས་པའོ། །ང་དང་ང་ཡི་བར་མངོན་པར་ཞེན་པའི་བདག་འཛིན་དེ་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་པ་སྟེ། དེའི་དབང་གིས་གཞན་ཕྱོགས་ལ་སྡང་བ་དང་རང་ཕྱོགས་ལ་ཆགས་པ་སོགས་ཀྱི་ཉོན་མོངས་པ་ཐམས་ཅད་སྐྱེ་ཞིང་སྡུག་བསྔལ་བརྒྱ་ཕྲག་དུ་མས་མནར་བ་ཡིན་ཏེ། 《སྤྱོད་འཇུག》ལས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང༌། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར།