“ཉི་མར་ཕྱོགས་པའི་བྱ་ཆ་གཅིག”གི་བ་སོའི་བརྐོས་རིས་ནི། 1977ལོར་ཀྲེ་ཅང་ཞིང་ཆེན་ཧོམ་ཏུ་གནའ་ཤུལ་ལས་རྙེད་པ་ཡིན་ཞིང་། བ་སོ་ལས་གྲུབ་པའི་བརྐོས་རིས་འདིའི་སྲིད་ལ་ལི་སྨི16.6དང་ཞེང་ལ་ལི་སྨི5.9དང་། མཐུག་ཚད་ལ་ལི་སྨི1.2ཡོད། བ་སོའི་ངོས་སུ་ཐིག་སྦོམ་པོས་དབྱིབས་སྒོར་མོ་ཅན་གྱི་རི་མོ་ཞིག་བརྐོས་ཡོད་པ་ཆེ་ཆུང་མི་མཚུངས་པའི་སྒོར་མོ5ཡིས་གྲུབ་ཅིང་ཉི་མ་མཚོན། དེའི་མཐའ་འཁོར་དུ་མེ་ལྕེ་མཆེད་པའི་རི་མོ་བརྐོས་ཤིང་ཉི་མའི་འོད་ཟེར་མཚོན། ཉི་མའི་གཞོགས་གཉིས་སུ་ཆེ་ཆུང་མཚུངས་པའི་བྱ་གཉིས་བརྐོས་ཡོད་པ་ཉི་མར་འཁོར་ནས་མཆིས། བྱ་ཡི་འགྲམ་དུ་ཆེ་ཆུང་མཚུངས་པའི་སྒོར་དབྱིབས6བརྐོས་ཡོད་པ་སྟོད་དུ4དང་སྨད་དུ2ཡོད། བ་སོའི་མཐའ་རུ་བཟོ་རྩལ་ཞིབ་ལ་ཐིག་རྩ་འབྱོངས་པའི་བྱ་སྒྲོ་བརྐོས་ཡོད་ཅིང་། བ་སོའི་རྒྱབ་ལོགས་ཀྱི་རི་མོ་ཅུང་ཟད་རྩང་བ་ཞིག་གོ། བ་སོའི་བརྐོས་རིས་འདིའི་སྤྱོད་ཡུལ་གང་ཡིན་ཐད་མཁས་པ་རྣམས་ཞལ་མི་མཐུན་ཏེ། འགའ་རེས་མཆོད་ཆས་ཤིག་ཡིན་པའི་ཚོད་དཔག་དང་རེ་འགས་རི་དྭགས་རྔོན་སྐབས་སྤྱོད་པའི་ཁ་ཕྱོགས་སྟོན་ཆས་ཤིག་ཡིན་པའི་ལྟ་བ་བཏོན། ཡང་ལ་ཤས་ནས་གནའ་མིའི་རྒྱན་ཆས་ཤིག་དང་། ཉི་ལྷར་དད་པའི་ཐོ་ཐེམ་རི་མོ་ཞིག་ཏུའང་འདོད། “ཉི་མར་ཕྱོགས་པའི་བྱ་ཆ་གཅིག”གི་བ་སོའི་བརྐོས་རིས་འདི་ནི་སྒྱུ་རྩལ་དངོས་པོ་རྩ་ཆེན་ཞིག་ཏུ་ཁས་འཆེས་རུང་ཞིང་། དེའི་ངོས་སུ་ཡོད་པའི་བྱ་ཆ་གཅིག་གི་རི་མོ་ནི་ཀྲུང་གོའི་སྲོལ་རྒྱུན་རི་མོ་ལས་བྱ་རིགས་འབྲི་བའི་རི་མོའི་ཁུངས་ལྟ་བུར་ཡང་གྱུར་ཡོད་པས། ཧོམ་ཏུའི་མིའི་མཛེས་དཔྱོད་དང་བསམ་བློ་འདུ་ཤེས་མཚོན་ཡོད་པར་བཤད་ཆོག། 2013ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས《རྒྱལ་ཕྱིར་འགྲེམ་སྟོན་མི་ཆོག་པའི་རིག་དངོས་སྐོར་གསུམ་པའི་དཀར་ཆག》ཏུ་བསྡུས་སོ། །