པདྨའི་མཆོད་སྡེར་ནི1956ལོར་ཅང་སུའུ་སུའུ་ཀྲོའུ་ཝོ་ཆའོ་ནས་རྙེད། སྡེར་མ་འདི་ཕོར་བ་དང་ཞབས་སྡེར་གཉིས་ཀྱིས་གྲུབ་ཅིང་། སྤྱིའི་མཐོ་ཚད་ལི་སྨི13.2ཡིན། ཕོར་བའི་མཐོ་ཚད་ལ་ལི་སྨི8.9དང་ཁ་ཞེང་ལ་ལི་སྨི13.8ཡོད། ཞབས་སྡེར་གྱི་མཐོ་ཚད་ལ་ལི་སྨི6.6དང་ཁ་ཞེང་ལ་ལི་སྨི14.9དང་ཞབས་ལ་ལི་སྨི9.3ཡོད། ཕོར་ངོས་དྲང་ཞིང་གཏིང་ཟབ་པ་དང་ཞབས་ངོས་ཟླུམ་སྒོར་ཡིན། ཕྱི་ངོས་སུ་པདྨའི་འདབ་མ་སུམ་བརྩེགས་སུ་བརྐོས་པ་བལྟས་ཚོད་ཀྱིས་མེ་ཏོག་དངོས་སུ་བཞད་པ་ལྟར་སྣང་། ཞབས་སྡེར་གྱི་ཁ་ཕྱིར་བསློགས་ནས་ཞབས་རྭ་ཕྱི་ལ་བསྐྱེད་ཅིང་ངོས་སུ་པད་འདབ་ཡོད། ཞབས་སྡེར་གྱི་དཀྱིལ་དུ་ཁུང་བུ་ཞིག་བཏོད་ཡོད་ལ་འགྲམ་དུ་མཆོད་སྡེར་བཟོ་མཁན་གྱི་མིང་“ཤང་ཅི་”ཞེས་པ་བརྐོས་འདུག། པདྨའི་མཆོད་སྡེར་འདི་ཡང་ཡའོ་ཡོད་ས་ཆ་ནས་ཐོན་པ་རེད། བཟོ་དབྱིབས་མཛེས་ཤིང་ཚོན་རྩི་མཐུག་ལ་སྲ་བ་དང་། ངོས་གཙང་ཞིང་གསལ་ལ་སྔོ་ཞིང་དྭངས་པ་སོགས་མཛེས་པའི་དཔལ་གྱིས་ཕྱུག། གནའ་དུས་བཟོ་རྩལ་འདི་རིགས་གསང་བ་བྱས་ཏེ་གོང་མའི་རྫ་ཆས་ཁོ་ནར་སྤྱོད་པ་ལས་ཕྱི་ལ་བཀྲམ་མེད། མཆོད་སྡེར་གྱི་བཟོ་བཀོད་ངོ་མཚར་ཞིང་བཟོ་ལྟ་ཞིབ་ཚགས་ལྡན་པས་ལོ་མང་པོ་འགོར་ཡང་ད་དུང་ཉམས་པ་མེད་པར་གནས། 2013ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་《རྒྱལ་ཕྱིར་འགྲེམ་སྟོན་མི་ཆོག་པའི་རིག་དངོས་སྐོར་གསུམ་པའི་དཀར་ཆག་》ཏུ་བསྡུས་སོ། །