ལའུ་ཧྲན་རི་བོའི་སྐེད་རྔའི་རྫ་ཁོག་ནི་མན་ཆིང་གོང་མས་བདག་ཏུ་ཉར་བའི་གནའ་རྫས་ཤིག་ཡིན། གནའ་དཔྱད་པས་འདི་དང་ཧོ་ནན་ཞིང་ཆེན་ལའུ་ཧྲན་རི་བོའི་སྐེད་རྔའི་རྫ་ཁོག་ཆག་རོ་གཉིས་བསྡུར་བས་ཁྱད་ཆོས་ཡོངས་སུ་མཚུངས་པ་རྟོགས། དེ་ལ་བརྟེན་ནས་འདིའང་ཐང་གི་ལའུ་ཧྲན་རི་བོའི་རྫ་ཆས་ཡིན་པའི་ངེས་ཤེས་རྙེད། སྐེད་རྔའི་སྲིད་ལ་ལི་སྨི58.9དང་སྐོར་ཐིག་ལ་ལི་སྨི22.2ཡོད། སྣེ་གཉིས་སྦོམ་ལ་སྐེད་པ་ཕྲ་བས་དཀར་ཡོལ་ཆེན་པོ་གཉིས་གཅིག་ཏུ་མཐུད་པ་དང་འདྲ། ངོས་སུ་ཐིག་སྐུད་བདུན་འབུར་ཚུགས་སུ་བཏོད་པ་དང་། སྣེ་གཉིས་སུ་ཀོ་ཐག་འདོགས་སའི་ཁུང་བུ་ཡོད། རྔ་མཁན་གྱིས་ཐ་གུ་སྐེད་རྔའི་དཀྱིལ་དུ་བཏགས་ནས་རང་གི་རྐེར་དཔྱངས་རྗེས་ཐད་ཁར་བརྡུང་ཆོག། སྐེད་རྔ་ནི་བསྐལ་པ་ཡ་ཐོག་ནས་བཟུང་མཚོ་སྔོན་དང་ཀན་སུའུ་ཕྱོགས་སུ་དར་བ་དེ་གའི་གནའ་རྫས་ལས་ཤེས་ཐུབ། དེ་ནས་ཆིང་ཧན་དང་ཝེ་ཅིན་ལྷོ་བྱང་རྒྱལ་རབས་སོགས་སུ་མུ་མཐུད་འཕེལ་རྒྱས་བྱུང་། ཐང་གི་རྫ་ཆས་ལས་རིགས་དར་རྒྱས་བྱུང་བས་རྫ་ཁོག་ཅན་གྱི་སྐེད་རྔ་དར། ལའུ་ཧྲན་རི་བོའི་སྐེད་རྔའི་རྫ་ཁོག་ནི་ཐང་གི་དུས་སུ་རྫ་ནག་བཟོ་བའི་མཚོན་རྟགས་ཡིན་པར་མ་ཟད་རིན་ཐང་ཆེ་བའི་རོལ་ཆས་ཤིག་ཀྱང་ཡིན། 2013ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་《རྒྱལ་ཕྱིར་འགྲེམ་སྟོན་མི་ཆོག་པའི་རིག་དངོས་སྐོར་གསུམ་པའི་དཀར་ཆག་》ཏུ་བསྡུས་སོ། །