ཐང་གི་སྐབས་སུ་དཔལ་འབྱོར་དར་ཞིང་རྒྱས་པས། སྤྱི་ཚོགས་ཐོག་ཚོང་ཟོག་ཉོ་འཚོང་བྱེད་པའི་ཟངས་སྒོར་གྱི་དགོས་མཁོ་བྱུང་། སྐབས་དེར་ཟངས་རིགས་སྔོག་འདོན་དང་བཙོ་སྦྱང་གི་ལག་རྩལ་ཆེར་མེད་པས། ཐང་རྒྱལ་ཁབ་ལ་ཟངས་ཧ་ཅང་དཀོན་པར་གྱུར། སྒོར་མོའི་དགོས་མཁོ་བསྐང་ཕྱིར། སྲིད་གཞུང་གིས་ཟངས་རིགས་སྤྱད་ནས་འཚོ་བའི་ཡོ་བྱད་བཟོ་བ་བཀག། དེར་བརྟེན་རྫ་ཆས་ཀྱིས་འཚོ་བའི་ཡོ་བྱད་བཟོ་བ་དང་རྫ་ཆས་བཟོ་ལས་སྐད་ཅིག་ལ་དར་རྒྱས་བྱུང་། ཞན་ཡའོ་ནི་བྱང་ཕྱོགས་སུ་གནས་པའི་རྫ་ཆས་བཟོ་བའི་བྲག་ཁུང་ཞིག་ཡིན། དེང་གི་ཧོ་པེ་ནེ་ཆོ་ས་ཆར་ཡོད། ཞན་ཡའོ་ནས་བཟོས་པའི་རྫ་དཀར་གྱི་རྒྱུ་སྤུས་ལེགས་ཤིང་སྤྱོད་ཡུན་རིང་། ཁ་དོག་དཀར་ཞིང་ངོས་འཇམ་པས་ཉོ་མཁན་ཧ་ཅང་མང་། འབྱོར་བ་ཡོད་མེད་སུ་ཡིན་རུང་ཞན་ཡའོ་རྫ་དཀར་སྤྱོད་པར་བཤད། ཨ་རབ་དང་ཨ་ཧྥེ་རི་ཁ་ནས་རྫ་དཀར་རྙེད་པ་དེས་ཀྲུང་གོའི་རྫ་དཀར་མཚོ་ཐོག་དར་གོས་ཚོང་ལམ་བརྒྱུད་ནས་རྒྱལ་ཁབ་ཕྱི་ལ་དར་བ་མཚོན། ཞན་ཡའོ་རྫ་དཀར་འདིའི་དཔངས་ལ་ལི་སྨི13དང་ཁ་ཞེང་ལ་ལི་སྨི7.4དང་ཞབས་ལ་ལི་སྨི6.1ཡོད། རྫ་ཁ་ཕྱི་ལ་འཁྱོག་ཅིང་སྐེ་ཐུང་བ་དང་། ལྟོ་བ་སྒོར་དབྱིབས་ཁ་དོག་དཀར་པོ་ཡིན། ལོ་ངོ་སྟོང་ཕྲག་འདས་ཀྱང་རྫ་དཀར་ལ་ཆག་གྲུམ་བྱུང་མེད་པ་དང་བཀྲག་མདངས་གསལ་བས་ཞན་ཡའོ་རྫ་དཀར་གྱི་ཚབ་མཚོན་དུ་གྱུར།