རྒྱང་འཁོར་ཚེ་ཕུན།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2026-02-11 14:35ལ་འགྲུབ།

རྒྱང་འཁོར་ཚེ་ཕུན།

རྒྱང་འཁོར་ཚེ་ཕུན།
ཁོང་གི་མཚན་དངོས་ལ་ཚེ་རིང་ཕུན་ཚོགས་ཟེར་ཞིང་། སྨྱུག་མིང་ལ་དབྱངས་བཞི་ཟེར། ཁོང་ནི་སྤྱི་ལོ1964ལོར་བོད་ལྗོངས་གཞིས་རྩེ་པ་སྣམ་རྫོང་དུ་སྐྱེས་ཤིང་། སྤྱི་ལོ1986ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན་རྗེས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཚན་པའི་ནང་བོད་ཀྱི་དམངས་སྲོལ་དང་གླིང་སྒྲུང་མྱུར་སྐྱོབ་ཞིབ་འཇུག་གི་ཕྱག་ལས་གཉེར་བ་དང་། ཞིབ་འཇུག་པ་ཆེན་མོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
次仁平措
མི་རིགས།
བོད་རིགས།
སྐྱེས་ལོ།
སྤྱི་ལོ1964ལོ།
སྐྱེས་ཡུལ།
བོད་ལྗོངས་གཞིས་རྩེ་པ་སྣམ་རྫོང་།
ལས་ཐོབ།
ཞིབ་འཇུག་པ་ཆེན་མོ།
མཐུས་ཚབ་བརྩམས་ཆོས།
《རྒྱང་འཁོར་ཚེ་ཕུན་གྱི་ཆེད་རྩོམ་ཕྱོགས་སྒྲིག》 《སྒྲུང་མཁན་བསམ་གྲུབ་ཀྱི་ཞལ་རྒྱུན་གཏམ་དཔེ་གཅེས་བཏུས་རྣ་བའི་བདུད་རྩི》
1 ངོ་སྤྲོད།

རྒྱང་འཁོར་ཚེ་ཕུན། མཚན་དངོས་ལ་ཚེ་རིང་ཕུན་ཚོགས་ཟེར་ཞིང་། སྨྱུག་མིང་ལ་དབྱངས་བཞི་ཟེར། ཁོང་ནི་སྤྱི་ལོ1964ལོར་བོད་ལྗོངས་གཞིས་རྩེ་པ་སྣམ་རྫོང་དུ་སྐྱེས་ཤིང་། སྤྱི་ལོ1986ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན་རྗེས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཚན་པའི་ནང་བོད་ཀྱི་དམངས་སྲོལ་དང་གླིང་སྒྲུང་མྱུར་སྐྱོབ་ཞིབ་འཇུག་གི་ཕྱག་ལས་གཉེར་བ་དང་། ཞིབ་འཇུག་པ་ཆེན་མོ་ཡིན། སྤྱི་ལོ1996ལོ་ནས་བཟུང་མི་རིགས་ཞིབ་འཇུག་ཚན་པའི་དབུ་འཛིན་གཞོན་པ་དང་། དབུ་འཛིན། བོད་རང་སྐྱོང་ལྗོངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ལྟེ་གནས་ཀྱི་དབུ་འཛིན་བཅས་ཀྱི་ཐུགས་འགན་རིམ་བཞིན་བཞེས་ཤིང་། སྐབས་བདུན་པའི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། སྐབས་བརྒྱད་པ་དང་བཅུ་གཅིག་པའི་རང་སྐྱོངས་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ལྷན་གྱི་ཨུ་ཡོན། སྐབས་བཅུ་པའི་ལྗོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུའི་ཁྲིམས་འཛུགས་བློ་འདྲི་ཨུ་ཡོན། བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུའུ་ཞི་སོགས་ཞོར་འཛིན་གནང་མྱོང་། ད་ལྟ་འགན་ཡོལ་ལས་ཁྱུར་གནང་རྗེས་བོད་རང་སྐྱོང་ལྗོངས་མི་དམང་སྲིད་གཞུང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་མི་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན། བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་སོགས་ཀྱི་འགན་གནང་བཞིན་ཡོད་ལ།  《བོད་ལྗོངས་ཞིབ་འཇུག》སོགས་རྒྱལ་ནང་གི་རིག་གཞུང་དུས་དེབ་ལྔ་ཙམ་གྱི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རང་སྐྱོང་ལྗོངས་དངོས་མིན་རིག་གནས་ཤུལ་བཞག་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ལུས་རྩལ་རྩལ་རྩེད་ཚོ་ཆུང་གི་དབུ་འཛིན། བོད་ལྗོངས་ནང་བསྟན་སློབ་གླིང་གི་རིག་གཞུང་བློ་འདྲི་ཡུལ། རྒྱལ་ཡོངས་གེ་སར་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མི། ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ཚོགས་པའི་རྒྱུན་ལས་ལས་འཛིན་པ་སོགས་ཀྱི་འགན་ཞོར་འཛིན་གནང་བཞིན་ཡོད། ཁོང་ལ་སྔ་ཕྱིར་རྒྱལ་ཁབ་ཀྱི་མཐོ་རིམ་ཤེས་ལྡན་མི་སྣ“མི་ཁྲིའི་འཆར་གཞི”ཡི་ཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་སྣེ་ཁྲིད་ཤེས་ལྡན་མི་སྣ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སུ་སྤྱོད་པའི་ཆེད་མཁས་པ། རྒྱལ་ཁབ་རིམ་པའི་རིག་གནས་མཁས་པ་གྲགས་ཅན། རྒྱལ་ཁབ་རིམ་པའི“ཤེས་ལྡན་མི་སྣ་བརྒྱ་སྟོང་ཁྲིའི་ལས་གཞི”ཡི་ཁོངས་མི་སོགས་ཀྱི་མཚན་སྙན་མང་པོ་རིམ་པར་ཐོབ་ཡོད། དེ་མིན་ཁོང་གིས་སྔ་རྗེས་སུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དང་། གླིང་སྒྲུང་གི་རྒྱལ་སྤྱིའི་རིག་གཞུང་གྲོས་ཚོགས། སྐབས་དང་པོའི་རྒྱལ་སྤྱིའི་བྱུང་བརྗོད་སྙན་ངག་གི་མཐོ་རིམ་རིག་གཞུང་གྲོས་ཚོགས་སོགས་ཀྱི་ནང་ཞུགས་མྱོང་ཡོད་ལ། འཇར་མན་དང་། ཨུ་རུ་སུ། དབྱི་ཊ་ལི། སུའེ་ཙེར། སུའེ་ཏེན། པེའོ་ཊིམ། ནེ་པ་ལ་སོགས་ཕྱིའི་རྒྱལ་ཁབ་དང་། རང་རྒྱལ་གྱི་ཞང་ཀང་སློབ་ཆེན་སོགས་ལ་ཕེབས་ཏེ་རིག་གཞུང་འཚམས་འདྲི་དང་རིག་གཞུང་བགྲོ་གླེང་ཐེངས་མང་གནང་མྱོང་ཡོད། གཞན《བོད་ལྗོངས་ཞིབ་འཇུག》དང《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ》 《བོད་ལྗོངས་ཉིན་རེའི་ཚགས་པར》སོགས་སུ་ཁོང་ལ་ཆེད་དུ་བཅའ་འདྲི་ཞུས་པའི་འབྲེལ་ཡོད་རྩོམ་ཡིག་མང་པོ་སྤེལ་ཡོད་ལ། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཁང་གི་གདན་ཞུས་ལྟར་བོད་ཀྱི་དམངས་སྲོལ་དང་གླིང་སྒྲུང་སྐོར་གྱི་འཆད་ཁྲིད་དང་བགྲོ་གླེང་ཐེངས་མང་གནང་མྱོང་ཡོད།

2 རིག་གཞུང་གྲུབ་འབྲས།

ཁོང་གིས་སྔ་རྗེས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་བོད་རིག་པའི་དཔྱད་རྩོམ་དང་དམངས་སྲོལ་ངོ་སྤྲོད་སོགས་རྩོམ་ཡིག་བརྒྱ་དང་བཞི་བཅུ་ལྷག་ཙམ་སྤེལ་ཡོད་ཅིང་། 《བོད་ཀྱི་ས་མ་འབྲོག་ཁུལ་གྱི་ལུས་རྩལ་དང་རིག་རྩེད》ཅེས་པ་དང་། 《བོད་ཀྱི་དམངས་སྲོལ་གྱི་བླང་དོར་གསལ་བའི་སྒྲོན་མེ》 《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་སྒྲུང་དཔེ་ཚོགས་སྐོར་གྱི་ཞིབ་འཇུག》 《བོད་ཀྱི་གཉེན་སྲོལ་རགས་གླེང》 《བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་གནད་དོན་འགའ་ཞིག་གླེང་བ》 《བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་སྐོར་གྱི་དཔྱད་གླེང》 《བོད་ཁྱིའི་རིག་གནས་རྣམ་བཤད》 《དབུས་གཙང་གཉེན་སྟོན་གསལ་འགྲེལ་དང་གཉེན་བཤད་འཇིག་རྟེན་དགའ་བའི་གཏམ》 《བོད་ལྗོངས་ཀྱི་གླིང་སྒྲུང་རིག་གནས་རྟོག་ཞིབ》 《ཤར་པའི་ལོ་རྒྱུས་རིག་གནས་དང་ཚོ་པའི་སྐོར་གྱི་ཞིབ་འཇུག》ཞེས་པ་སོགས་བོད་ཡིག་གི་ཆེད་རྩོམ་དང་། 《བོད་ཀྱི་དམངས་སྲོལ》(སྟོད་ཆ། སྨད་ཆ)ཞེས་པ་དང《ལྷ་སའི་མི་རིགས་དུས་ཆེན》ཞེས་པ་སོགས་རྒྱ་ཡིག་གི་བརྩམ་ཆོས་རྩོམ་སྒྲིག་ཆེད་དེབ་དཔེ་སྐྲུན་བྱས་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་ནང《སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་སྒྲུང》ཞེས་པ་དང་། 《དམངས་ཁྲོད་སྒྲུང་པ་སྒེར་གྱི་ཁྱད་ཆོས་མཚོན་པའི་གླིང་སྒྲུང》 《བསམ་གྲུབ་ཀྱིས་འཆད་པའི་གླིང་སྒྲུང་རྒྱ་འགྱུར་མ》སོགས་དཔེ་ཚོགས་གསུམ་གྱི་ལས་གཞི་གཙོ་སྐྱོང་དང་གཙོ་འགན་རྩོམ་སྒྲིག་པའི་འགན་འཁུར་གནང་ཞིང་། སྒྲུང་སྣ་བརྒྱ་ལྷག་ཙམ་དཔར་སྐྲུན་དང་། དེ་བཞིན《རྒྱང་འཁོར་ཚེ་ཕུན་གྱི་ཆེད་རྩོམ་ཕྱོགས་སྒྲིག》(༡—༣)དང་། 《སྒྲུང་མཁན་བསམ་གྲུབ་ཀྱི་ཞལ་རྒྱུན་གཏམ་དཔེ་གཅེས་བཏུས་རྣ་བའི་བདུད་རྩི》 《འགོག་གླིང》 《གླིང་སྒྲུང་བསླབ་བྱ་རིན་ཆེན་ཕྲེང་བ》 《གངས་མཐིང་གཉེན་སྟོན་རྟེན་འབྲེལ་ཆེན་མོ》ལ་སོགས་དམངས་ཁྲོད་སྒྲུང་པའི་ངག་སྒྲུང་བཅུ་ལྷག་ཙམ་ལེགས་སྒྲིག་དཔར་སྐྲུན་གནང་ཡོད། གཞན་ཡང་ཁོང་གིས་སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་ལྗོངས་རིམ་པའི་ལས་གཞི་མི་ཉུང་བ་ཞིག་གཙོ་སྐྱོང་དང་ལེགས་གྲུབ་གནང་བ་ལས་གཞན། སྐུ་སྒེར་གྱིས་ལེགས་གྲུབ་གནང་བའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ནུབ་རྒྱུད་རྣམ་གྲངས་ཏེ“ཤར་པའི་མི་རིགས་གཏོགས་ཁོངས་སྐོར་ལ་དཔྱད་པ”ཞེས་པའི་ལས་གཞི་དེ་ཉིད་ལ་ཞིབ་བཤེར་རྩིས་ལེན་སྐབས་ཕུལ་བྱུང་རིམ་པའི་དཔྱད་འབྲས་ཀྱི་མཚན་སྙན་ཐོབ་ཡོད།

གཞན་ཡང《ཀྲུང་གོའི་རྩོམ་པ་པོ》ཞེས་པའི་དུས་དེབ་གྲགས་ཅན་དང་། 《བོད་ལྗོངས་ཉིན་རེའི་ཚགས་པར》དང《ཧྲན་ཏུང་སྤྱི་ཚོགས་ཚན་རིག་ཚགས་པར》 《བོད་ལྗོངས་གསར་པ》 《སྐལ་བཟང་མེ་ཏོག》 《ས་མཐོའི་ཕུལ་བྱུང་མི་སྣ》ཞེས་པའི་དཔེ་དེབ་སོགས་སུ་ཁོང་གི་མཛད་འཕྲིན་ཅུང་ཞིབ་རྒྱས་སུ་སྤེལ་ཡོད།

བརྡ་འགྲེལ་གདོང་འཛར།

མི་སྣ། དགེ་རྒན་ཆེན་མོ། བོད་ལྗོངས།