ཧྥེ་གླིང་སྐམ་ས་ཆེ་མོར་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དཔེར་ན། གསེར་དང་ཟངས། ཚྭ་བཅས་ལྟ་བུ་རེད། དུས་རབས15པར་ཧྥེ་གླིང་གི་ཚོང་བས་དངོས་ཟོག་དེ་དག་ཨ་རབ་དང་། ཧིན་རྡུ། ཀྲུང་གོ ཡོབ་གླིང་བཅས་སུ་ཕྱིར་གཏོང་བྱས་ནས་རྫ་ཆས་དང་དར་གོས་ཀྱིས་མཚོན་པའི་རྒྱས་སྤྲོས་དངོས་རྫས་དང་བརྗེ་རེས་བྱེད་ཀྱིན་ཡོད། ནུབ་རྒྱུད་ཀྱི་གནའ་བོའི་ཀག་ན་བཙན་རྒྱལ་དང་ཕྱིས་ཀྱི་བཙན་རྒྱལ་མཱ་ལི། ད་དུང་སང་ཧའེ་བཙན་རྒྱལ་གཉིས་གསེར་གྱི་ཉོ་ཚོང་ལ་བརྟེན་ནས་ཕྱུག་པོར་གྱུར། དུས་རབས15པ་དང་དུས་རབས16པར། ཡོབ་གླིང་དུ་གསེར་གྱི་དགོས་མཁོ་ཧ་ཅང་ཆེ། ཧྥེ་གླིང་བྱང་མའི་ཨི་ཟི་ལམ་གྱི་ཚོང་བས་རྔ་མོང་རུ་ཁག་བརྒྱུད་ནས་སཱ་ཧཱ་ལཱ་བྱེ་ཐང་བརྒལ་ཏེ་གསེར་ཡོབ་གླིང་དུ་བསྐྱལ། ལྷོ་རྒྱུད་ཀྱི་ཅིན་པཱ་པུའུ་ཝེས(津巴布韦)སུའོ་ཧྥ་ལཱ(索法拉)གྲུ་ཁ་བརྒྱུད་དེ་གསེར་དང་ཟངས་རྒྱང་ཐག་རིང་བའི་ཧིན་རྡུ་དང་ཀྲུང་གོར་ཕྱིར་གཏོང་བྱས་ནས་ཕྱུག་པོ་ཆགས། དུས་རབས15པའི་དུས་མཇུག་ཏུ། ཕོར་ཐིའུ་ཀལ་གྱི་མྱུལ་དཔྱད་པ་ཚོས་གྲུ་གཟིངས་བཏང་ནས་ཧྥེ་གླིང་མཚོ་འགྲམ་དུ་ཡུལ་སྐོར་བྱས། དུས་རབས16པར་ཕོར་ཐིའུ་ཀལ་གྱི་མིས་མཚོ་འགྲམ་ཤར་མར་ཚོང་དོན་ས་ཚིགས་འཛུགས་རྒྱུར་བགྲོད་ལམ་བཏོད། ཧྥེ་གླིང་དང་ཡོབ་གླིང་བར་གྱི་འབྲེལ་བས་བྲན་གཡོག་ཉོ་ཚོང་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།