བདེ་འཇགས་ཐོན་སྐྱེད།(安全生产)སྔ་མའི་པར་གཞི་དེ ཟླ་བའི་སྲས་མོ  ནས 2025-11-20 10:53ལ་འགྲུབ།

བདེ་འཇགས་ཐོན་སྐྱེད།(安全生产)

བདེ་འཇགས་ཐོན་སྐྱེད།(安全生产)
བདེ་འཇགས་ཐོན་སྐྱེད་ཞེས་པ་ནི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོའི་ནང་མིར་གནོད་འཚེ་དང་རྒྱུ་ནོར་ལ་གྱོང་གུན་མི་ཕོག་པའི་ཆེད་དུ་ལས་འཛོལ་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱད་དེ་མི་སྣའི་བདེ་འཇགས་དང་། སྒྲིག་ཆས་དང་སྒྲིག་བཀོད་འཐུས་ཚང་། ཁོར་ཡུག་ལ་གཏོར་བཤིག་མི་ཕོག་པ་བཅས་བྱས་ནས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པའི་འབྲེལ་ཡོད་བྱེད་སྒོ་ལ་ཟེར། བདེ་འཇགས་ཐོན་སྐྱེད་ནི་ངལ་རྩོལ་བའི་བདེ་འཇགས་དང་། སྐྱོན་བྲལ། རྒྱལ་ཁབ་ཀྱི་རྒྱུ་ནོར་བཅས་སྲུང་སྐྱོབ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་གཞི་རྩའི་འགན་ལེན་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བར་འགན་ལེན་བྱས་ནས་བསྒྱུར་བཅོས་སྒོ་འབྱེད་སྔར་ལས་ལྷག་པར་བྱེད་པའི་གཞི་རྩའི་ཆ་རྐྱེན་ཡང་ཡིན། དེར་བརྟེན་བདེ་འཇགས་ཐོན་སྐྱེད་ལས་ཀ་ལེགས་པར་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་རེད། སྤྱི་ལོ2020ལོའི་ཟླ4པའི་ཚེས28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་འཆར་གཞི》ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། སྤྱི་ལོ2024ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཕྱི་ཕྱོགས་སུ《ཀྲུང་དབྱང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་བྱེད་ཐབས》ཁྱབ་བསྒྲགས་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཀྲུང་དབྱང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་རིགས་དབྱེའི་ལྟ་སྐུལ་དོ་དམ་བྱ་རྒྱུ་ཁ་གསལ་བཟོས་ཡོད། བྱེད་ཐབས་དེ་སྤྱི་ལོ2024ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安全生产
ཕྱི་ཡིག་གི་མིང་།
work safety
1 ངོ་བོ།

དང་པོ།  ངལ་རྩོལ་བའི་ཚེ་སྲོག་བདེ་འཇགས་དང་ལས་རིགས་བདེ་ཐང་སྲུང་སྐྱོབ་བྱ་རྒྱུ་ནི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེས་རྩ་བ་དང་ཆེས་གཏིང་ཟབ་པའི་ནང་དོན་ཡིན་ལ།  བདེ་འཇགས་ཐོན་སྐྱེད་ཀྱི་ངོ་བོའི་སྲོག་ཤིང་ཡང་ཡིན།

གཉིས་པ།  ཚད་གཞི་མཐོ་ཤོས་ཀྱི་སྲུང་སྐྱོབ་ནན་བཤད་བྱས་ཡོད།

གསུམ་པ།  ཐོན་སྐྱེད་བྱེད་རིང་སྲུང་སྐྱོབ་བྱ་རྒྱུ་འབུར་དུ་ཐོན་ཡོད།

བཞི་པ།  ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་འོག་སྲུང་སྐྱོང་བྱ་རྒྱུ་འབུར་དུ་ཐོན་པར་བྱས་ཡོད།

2 སྒྲིག་སྲོལ་རྩ་དོན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ནང“བདེ་འཇགས་ཨང་དང་པོར་འཇོག་པ་དང་།  སྔོན་འགོག་གཙོ་བོར་བྱེད་པ།  ཕྱོགས་བསྡུས་བཅོས་སྐྱོབ”བཅས་ཀྱི་བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་གཞི་རྩའི་བྱེད་ཕྱོགས་གཏན་འཁེལ་བྱས་པ་དང་།  བྱེད་ཕྱོགས་དེའི་སྒྲིག་སྲོལ་འོག་དོ་དམ་སྒྲིག་སྲོལ་དང་གཞི་རྩའི་རྩ་དོན་ངེས་ཅན་ཞིག་གྲུབ་ཡོད།

3 དོ་དམ་སྒྲིག་སྲོལ།

རང་རྒྱལ་གྱི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་ནི།  ཕྱོགས་བསྡུས་ལྟ་སྐུལ་དོ་དམ་དང་ལས་རིགས་ལྟ་སྐུལ་ཟུང་འབྲེལ་དང་།  རྒྱལ་ཁབ་ཀྱི་ལྟ་ཞིབ་དང་ས་གནས་ཀྱི་ལྟ་སྐུལ་ཟུང་འབྲེལ།  སྲིད་གཞུང་གི་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་ཟུང་འབྲེལ་བཅས་བྱེད་པའི་རྣམ་པ་ཞིག་ཡིན།

ལྟ་སྐུལ་དོ་དམ་གྱི་གཞི་རྩའི་ཁྱད་ཆོས་ནི།  དབང་གྲགས་རང་བཞིན་དང་།  བཙན་ཤེད་རང་བཞིན།  ཡོངས་ཁྱབ་ཚོད་འཛིན་རང་བཞིན་བཅས་ཡིན།

ལྟ་སྐུལ་དོ་དམ་གྱི་གཞི་རྩའི་རྩ་དོན་ནི།  “ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་དང་།  ཁྲིམས་འཛིན་དུས་ངེས་པར་དུ་གཟབ་ནན།  ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་དང་།  དོན་དངོས་གཞིར་འཛིན་པ།  བཅའ་ཁྲིམས་ཚད་གཞིར་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ།  སྔོན་འགོག་གཙོ་བོར་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ།  བྱ་སྤྱོད་ལ་ལྟ་ཞིབ་དང་ལག་རྩལ་ལྟ་ཞིབ་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ།  ལྟ་ཞིབ་དང་ཞབས་ཞུ་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་བཅས་ཡིན།

4 གཞི་རྩའི་རྩ་དོན།

1. “མི་རྩ་བར་འཛིན་པའི”རྩ་དོན།

ཐོན་སྐྱེད་བྱེད་རིང་དུ་ངེས་པར་དུ“མི་གཙོ་བོར་འཛིན་པའི”རྩ་དོན་རྒྱུན་འཁྱོངས་བྱ་དགོས་པའི་བླང་བྱ་བཏོན་ཡོད།  ཐོན་སྐྱེད་དང་བདེ་འཇགས་བར་གྱི་འབྲེལ་བའི་ཁྲོད་དུ་ཡོད་ཚད་བདེ་འཇགས་གཙོ་བོར་འཛིན་པ་དང་།  བདེ་འཇགས་ངེས་པར་དུ་ཨང་དང་པོར་འཇོག་དགོས།  ངེས་པར་དུ་ཉེན་ཁའི་འབྱུང་ཁུངས་ལ་སྔོན་ཚུད་ནས་དབྱེ་ཞིབ་དང་།  ཉེན་ཁ་དང་གནོད་རྐྱེན་ལ་སྔོན་དཔག་དང་གདེང་འཇོགཉེན་ཁ་འབྱུང་བའི་ཆོས་ཉིད་དང་འགྱུར་ལྡོག་བྱུང་ཚུལ་ཁོང་དུ་ཆུད་པ་བཅས་བྱས་ཏེ་བབ་མཚུངས་ཀྱི་སྔོན་འགོག་བྱེད་ཐབས་སྤྱད་དེ་ཉེན་ཁ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་རྩ་མེད་དུ་འགྲོ་བའི་མྱུ་གུ་མ་འབུས་ཙམ་དུ་འཇོག་པ་དང་།

2. “སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་རྒྱུའི”རྩ་དོན།

བདེ་འཇགས་ཐོན་སྐྱེད་ཀྱི་གལ་ཆེའི་རང་བཞིན་ལ་དོ་དམ་བྱེད་མཁན་ཡང་ངེས་པར་དུ་འགན་འཁྲི་འཁུར་མཁན་ཡིན་དགོས་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས།

3. “ཐོན་སྐྱེད་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས་པའི”རྩ་དོན།

ལས་གྲྭའི་ལས་གཞི་རིམ་པ་སོ་སོའི་མགོ་ཁྲིད་དང་ལས་བཟོ་ཡོངས་ཀྱིས་ཐོན་སྐྱེད་བརྒྱུད་རིམ་ནང་ངེས་པར་དུ་ཐོན་སྐྱེད་དམ་འཛིན་བྱེད་པ་དང་ཆབས་ཅིག་བདེ་འཇགས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ་དང་།  དེས་བདེ་འཇགས་དང་ཐོན་སྐྱེད་གཅིག་གྱུར་བྱུང་བ་དང་།  ཐོན་སྐྱེད་དང་བདེ་འཇགས་ནི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་ཡིན་པས་དེ་གཉིས་ཁ་བྲལ་མི་རུང་བ་དང་ཁ་གཏད་དུ་ལངས་མི་རུང་བ་དང་།  བདེ་འཇགས་དེ་ཐོན་སྐྱེད་ཀྱི་ནང་དུ་འཇོག་དགོས།

4. “བདེ་འཇགས་ལ་ཆོད་སློག་དབང་ཆ་ཡོད་པའི”རྩ་དོན།

བདེ་འཇགས་ཐོན་སྐྱེད་ལས་ཀ་ནི་ལས་གྲྭའི་ལས་གཞི་དོ་དམ་ལ་བསྡུར་ཞིབ་བྱེད་པའི་གཞི་རྩའི་ནང་དོན་ཞིག་ཡིན་ཞིང་།  དེས་དམིགས་ཚད་ཁག་ལ་དཔྱད་ཞིབ་བྱེད་དགོས་པ་དང་།  སྔོན་ཐོན་ལ་དཔྱད་བསྡུར་བྱེད་སྐབས་ཐོག་མར་ངེས་པར་དུ་བདེ་འཇགས་དམིགས་ཚད་ལེགས་གྲུབ་བྱས་ཚུལ་ལ་བསམ་གཞིགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།  བདེ་འཇགས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་མེད་ན།  དམིགས་ཚད་གཞན་དག་བདེ་བླག་ངང་ལེགས་གྲུབ་བྱུང་ཡང་རྣམ་གྲངས་ཇེ་ལེགས་སུ་གཏོང་ཐབས་བྲལ་བས་བདེ་འཇགས་ལ་སྤ་སེ་གཅིག་གིས་ཁྲ་སློག་གཏོང་བའི་ནུས་པ་ལྡན་ཡོད།

5. “དུས་གཅིག་ཏུ་གསུམ”གྱི་རྩ་དོན།

གཞི་རྩའི་འཛུགས་སྐྲུན་ལས་གཞི་ནང་གི་ལས་རིགས་ཀྱི་བདེ་འཇགས་དང་།  འཕྲོད་བསྟེན་ལག་རྩལ།  ཁོར་ཡུག་སྲུང་སྐྱོབ་ལ་སོགས་པའི་བྱེད་ཐབས་དང་སྒྲིག་བཀོད་རྣམས་ངེས་པར་དུ་ལས་གྲྭ་གཙོ་བོ་དང་དུས་གཅིག་ཏུ་ཇུས་འགོད་དང་།  དུས་གཅིག་ཏུ་ལས་འགོ་འཛུགས་པ།  དུས་གཅིག་ཏུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་བེད་སྤྱོད་བཅས་བྱེད་པའི་བཅའ་ཁྲིམས་དང་ལམ་ལུགས་ཀྱི་བསྡུས་མིང་ཡིན་དགོས།

6. “མི་གཏོང་བ་བཞི”ཡི་རྩ་དོན།

ལས་འཛོལ་གྱི་རྒྱུ་རྐྱེན་ཞིབ་བཤེར་གསལ་བོ་མ་བྱས་ན་མི་གཏོང་བ་དང་།  དོ་བདག་དང་མང་ཚོགས་ལ་སློབ་གསོ་མ་ཐེབས་ན་མི་གཏོང་བ།  ལས་འཛོལ་གྱི་འགན་འཁྲི་འཁུར་མཁན་ལ་ཐག་གཅོད་མ་བྱས་ན་མི་གཏོང་བ།  ལག་ལེན་དུ་འཁྱོལ་ཐུབ་པའི་སྔོན་འགོག་བྱེད་ཐབས་བཟོས་མེད་ན་མི་གཏོང་བ་བཅས་བྱེད་དགོས།  “མི་གཏོང་བ་བཞི”ཡི་རྩ་དོན་ལ་རྒྱབ་སྐྱོར་བྱེད་པའི་གཞི་འཛིན་ས་ནི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ལས་འཛོལ་ཆེས་ཆེ་བའི་སྲིད་འཛིན་འགན་འཁྲི་བདའ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང302པ)ཡིན།

7.“དུས་མཉམ་གསུམ”གྱི་རྩ་དོན།

བདེ་འཇགས་ཐོན་སྐྱེད་དེ་དཔལ་འབྱོར་འཛུགས་སྐྲུན་དང་།  བསྒྱུར་བཅོས་ཟབ་སྤེལ།  ལག་རྩལ་བསྒྱུར་བཀོད་བཅས་དང་དུས་མཉམ་དུ་འཆར་འགོད།  དུས་མཉམ་དུ་འཕེལ་རྒྱས། དུས་མཉམ་དུ་ལག་བསྟར་བཅས་བྱེད་དགོས།

8. “ལྔ་དུས་གཅིག་ཏུ”བྱེད་པའི་རྩ་དོན།

ཁེ་ལས་ཀྱི་ཐོན་སྐྱེད་རྩ་འཛུགས་དང་མགོ་ཁྲིད་པས་ཐོན་སྐྱེད་ལས་ཀར་འཆར་གཞི་དང་།  བཀོད་སྒྲིག ཞིབ་བཤེར།  ཕྱོགས་བསྡོམས།  དཔྱད་བསྡུར་བཅས་བྱེད་པ་དང་ཆབས་ཅིག་བདེ་འཇགས་ཀྱི་ལས་ཀར་འཆར་གཞི་དང་།  བཀོད་སྒྲིག ཞིབ་བཤེར།  ཕྱོགས་བསྡོམས།  དཔྱད་བསྡུར་བཅས་བྱེད་དགོས།

5 རྩ་བཅོས་ཐབས་ཇུས།

སྤྱི་ལོ2005ལོའི་ཟླ12པའི་ཚེས21ཉིན།  ཙུང་ལི་ཝུན་ཅ་པའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས116པ་གཙོ་སྐྱོང་གནང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་ཐབས་ཇུས12གཏན་འཁེལ་གནང་བ་སྟེ།

གཅིག བདེ་འཇགས་ཐོན་སྐྱེད་གོང་དུ་སྤེལ་བའི་འཆར་འགོད་བཟོ་བ་དང་།  བདེ་འཇགས་ཐོན་སྐྱེད་ཀྱི་དམིགས་ཚད་དང་ཚོད་འཛིན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

གཉིས ལས་རིགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་རིགས་ཀྱི་བདེ་འཇགས་ཚད་གཞི་དང་སྒྲིག་སྲོལ་བཟོ་བཅོས་རྒྱག་དགོས།

གསུམ།  ཉེན་མེད་ཀྱི་གཏོང་སྒོ་མང་དུ་བཏང་ནས་རྡོ་སོལ་གཏེར་ཁ་གཙོ་བོར་ཝ་སི་བཅོས་སྐྱོང་བྱེད་པ་སོགས་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་རོགས་སྐྱོར་བྱེད་དགོས།

བཞི།  བདེ་འཇགས་ཚན་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་ནས་རྣམ་གྲངས་དང་མ་དངུལ་དོན་འཁྱོལ་བྱེད་དགོས།

ལྔ།  དཔལ་འབྱོར་གྱི་སྲིད་ཇུས་ཞིབ་འཇུག་གིས་འདོན་པ་དང་།  དཔལ་འབྱོར་སྙོམས་སྒྲིག་བྱེད་ཐབས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

དྲུག སློབ་གསོ་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་རྡོ་སོལ་གཏེར་ཁ་ནས་བཟོ་བ་བསྡུ་བ་དང་ངལ་རྩོལ་དོ་དམ་ཚད་ལྡན་དུ་གཏོང་དགོས།

བདུན།  ཁྲིམས་འཛུགས་ལས་ཀ་ཇེ་མགྱོགས་སུ་གཏོང་དགོས།

བརྒྱད།  བདེ་འཇགས་ཐོན་སྐྱེད་ལ་བསྔགས་སྐུལ་དང་ཚོད་འཛིན་བྱེད་པའི་ནང་རྐྱེན་འཛུགས་དགོས།

དགུ ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ཤུགས་ཆེར་བཏང་ནས་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་བྱས་འབྲས་ལ་དཔྱད་ཞིབ་ནན་པོ་བྱེད་དགོས།

བཅུ།  འགན་འཁྲིའི་ལས་འཛོལ་རྩད་ཞིབ་ཐག་གཅོད་ནན་པོ་བྱས་ནས་འགན་ཤོར་ལས་འཛོལ་དང་དཔོན་ཚོང་ངན་འབྲེལ་སོགས་ཀྱི་རུལ་སུངས་སྣང་ཚུལ་ལ་སྔོན་འགོག་དང་ཆད་གཅོད་བྱེད་དགོས།

བཅུ་གཅིག བདེ་འཇགས་རིག་གནས་དར་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས།

བཅུ་གཉིས།  ལྟ་སྐུལ་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་འཕྲལ་སྡོམ་རོགས་སྐྱོབ་མ་ལག་གང་མགྱོགས་འཛུགས་དགོས།

6 སྲིད་གཞུང་བཅོས་སྐྱོང་།

སྤྱི་ལོ2020ལོའི་ཟླ4པའི་ཚེས28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་འཆར་གཞི》ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

སྤྱི་ལོ2022ལོའི་ཟླ4པར་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཏན་འབེབས་ཡོད་པ་དང་།  དེ་སྔའི་སྤྱོད་གོ་ཆོད་པའི་བྱེད་ཐབས།  ཉེ་བའི་ལོ་ཤས་རིང་གནས་ཚུལ་གསར་བར་དམིགས་ནས་སྤྱད་པའི་བྱེད་ཐབས་ནུས་ལྡན་བཅས་གསེད་བཀྲོལ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལས་འཛོལ་ཚབས་ཆེན་དང་ཚབས་ཆེན་སྔོན་འགོག་མཐའ་གཅིག་ཏུ་བྱེད་པའི་བྱེད་ཐབས15བཟོས་ཡོད།

སྤྱི་ལོ2024ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཕྱི་ཕྱོགས་སུ《ཀྲུང་དབྱང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་བྱེད་ཐབས》ཁྱབ་བསྒྲགས་བྱས་པའི་ནང་ཁྱོན་ལེའུ་དྲུག་དང་དོན་ཚན51ཡོད་པའི་ནང་སྤྱིའི་རྩ་དོན་དང་།  བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་འགན་འཁྲི།  བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་གཞི་རྩའི་བླང་བྱ།  བདེ་འཇགས་ཐོན་སྐྱེད་ལས་དོན་སྙན་ཞུའི་ལམ་ལུགས།  བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ།  བྱེད་ཐབས་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཀྲུང་དབྱང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་རིགས་དབྱེའི་ལྟ་སྐུལ་དོ་དམ་བྱ་རྒྱུ་ཁ་གསལ་བཏོན་ཡོད།  བྱེད་ཐབས་དེ་སྤྱི་ལོ2024ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།

སྤྱི་ལོ2024ལོའི་ཟླ1པོའི་ཚེས21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས《བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ཇུས་གཞི(2024ལོ་ནས་2026ལོ་བར)》པར་འགྲེམས་བྱས་ནས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་དང་ཚན་པ་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་སྤེལ་ནས་བདེ་འཇགས་འདུ་ཤེས་དང་།  བདེ་འཇགས་འགན་འཁྲི།  བདེ་འཇགས་བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། 


དཔྱད་གཞིའི་ཡིག་ཆ།