གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་རྨང་གཞི་ཡིན། ཚན་རྩལ་ནི་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། སྒྱུར་བཅོས་ནི་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཤིག་ཡིན། ཞིང་ལས་ལ་བརྟེན་ནས་རྒྱལས་ཁབ་སྟོབས་ལྡན་དུ་གཏོང་བའི་གཞི་རྩའི་བླང་བྱ་ནི། ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་དེ་ཡིན་པས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་སྤྱིར་བཏང་གི་ཆོས་ཉིད་ལ་བརྩི་སྲུང་བྱེད་དགོས། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་པ་དང་། ཞིང་ལས་དཔལ་ཡོན་གྱི་ལོ་རྒྱུས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གྲོང་གསེབ་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྱོང་བྱེད་དགོས། ཞིང་ལས་ལ་བདེ་འཇགས་འགན་ལེན་དང་ཡིད་ཆེས་མཁོ་སྤྲོད་བྱེད་པ། ཚན་རྩལ་གསར་གཏོད་རང་ཚུགས་རང་སྤེལ། སྒྲིག་བཀོད་དང་སྒྲིག་ཆས་འཐུས་ཚང་། ཐོན་ལས་ཀྱི་སྦྲེལ་ཐག་འཐུས་ཚང་། ཐོན་ཁུངས་བེད་སྤྱོད་ལེགས་བསྡུས་ནུས་ཆེ། རྒྱལ་སྤྱིའི་འགྲན་རྩོད་ཀྱི་ལེགས་ཆ་མངོན་གསལ་བཅས་མངོན་འགྱུར་བྱེད་དགོས།
རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བར་སྔོན་ལ་ཞིང་ལས་སྟོབས་ལྡན་དུ་གཏོང་དགོས་པ་དང་། ཞིང་ལས་སྟོབས་ལྡན་དུ་གྱུར་ན་ད་གཟོད་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ཐུབ། ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་རྨང་གཞི་ཡིན། གནས་བབ་གསར་བ་དང་བླང་བྱ་གསར་བའི་མདུན་དུ་ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དེ་ངེས་པར་དུ“ཞིང་གསུམ”བྱ་བར་སྤྱི་འདོམས་བྱེད་པའི་འཐབ་ཇུས་ཀྱི་སྤྱིའི་རྩ་འཛིན་དུ་བརྩིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོ་གནས་གལ་ཆེན་དུ་འཇོག་དགོས།
ཞིང་ལས་ནི་རྨང་གཞི་ཡིན་པ་དང་། ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་ནི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་གྱི་རྩ་བ་ཡིན།
སྤྱི་ལོ2024ལོའི་ཟླ12པར། ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བ་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་གཏོང་བའི་ཆབ་སྲིད་འགན་འཁྲི་ཇེ་བརྟན་དུ་བཏང་ནས་ཞིང་ལས་ཀྱི་རྨང་གཞི་དེ་བས་བརྟན་པོ་ཡོང་བ་བྱེད་དགོས་ཞེས་བསྟན།
སྤྱི་ལོ2025ལོའི་ཟླ4པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མགྱོགས་མྱུར་ངང་ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་འཛུགས་སྐྲུན་བྱེད་པའི་འཆར་འགོད(2024ལོ་ནས2035ལོ་བར)》པར་འགྲེམས་བྱས།