གཞུང་དབང་ཁེ་ལས་སྲོག་ཤིང་དུ་གྱུར་བའི་བསྒྱུར་བཅོས་འཕེལ་རྒྱས་དང་ཚན་རྩལ་ཡར་ཐོན་སོགས་ཀྱིས་གྲོང་ཁྱེར་ལ་འཕེལ་རྒྱས་དང་འཕོ་འགྱུར་ཆེན་པོ་བྱུང་བ་དང་བསྟུན་ནས། ཞིང་སྡེའི་དཔལ་འབྱོར་གྱི་ཞན་ཆ་དང་རྗེས་ལུས་མངོན་གསལ་བྱུང་བ་དང་། ཞིང་ལས་དང་། ཞིང་སྡེ། ཞིང་བ་བཅས་ཀྱི“ཞིང་གསུམ”གྱི་གནད་དོན་ཕྱིར་མངོན་པ་རེད།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ“བཟོ་ལས་ཀྱིས་ཞིང་ལས་ལ་ཕན་འདོགས་པ་དང་། གྲོང་ཁྱེར་གྱིས་ཞིང་སྡེ་ལ་རྒྱབ་སྐྱོར་བྱེད་པའི”དུས་རིམ་གསར་བར་སླེབས་པས། ཞིང་སྡེའི་ཁྲལ་གྲོན་བསྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་ཞིང་སྡེ་གཅིག་གྱུར་གྱིས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་ཆེད་དུ་མིག་སྔར་ཞིང་སྡེ་ཕྱོགས་བསྡུས་བསྒྱུར་བཅོས་ཀྱི་གཙོ་གནད་ནི། སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུ་གཙོ་གནད་དུ་བཟུང་ནས་ཤང་དང་གྲོང་རྡལ་གྱི་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་དོན་འཁྱོལ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཞིང་སྡེ་ཡི་འོས་འགན་སློབ་གསོ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས། གཞི་རིམ་ནོར་སྲིད་ཀྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་གཙོ་གནད་དུ་བཟུང་ནས་རྫོང་དང་ཤང་གི་ནོར་སྲིད་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། ཞིང་བའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། གཞི་རིམ་གྱི་འགལ་བ་ཅུང་གཅིག་བསྡུས་ཡིན་པའི་ཞིང་སྡེའི་སློབ་གསོ་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་འཕེལ་རྒྱས་སོགས་ཐད་ཀྱི་བུ་ལོན་སྔོན་ལ་སེལ་རྒྱུ་འགག་གནད་སྒྲོལ་སར་བྱས་ཏེ། ཞིང་སྡེའི་བུ་ལོན་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་དང་། དེར་བརྟེན་ནས་ཞིང་སྡེའི་བསྒྱུར་བཅོས་དང་ཞིང་སྡེའི་ལས་དོན་གཞན་དག་སྐུལ་ཁྲིད་དང་སྐུལ་འདེད་གཏོང་དགོས།
ཞིང་སྡེ་ཡི་ཕྱོགས་བསྡུས་བསྒྱུར་བཅོས་དེ་ཞིང་སྡེའི་ཐོན་སྐྱེད་འབྲེལ་བ་དང་སྟེང་གི་བཀོད་པ་དེ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་མི་འཚམ་པའི་ལྷུ་ཚིགས་དང་ཕྱོགས་ཁ་ཤས་དང་འབྲེལ་བ་ཡོད་པ་དང་། དམིགས་ཡུལ་ནི་ནུས་ཆེའི་ཞིང་སྡེའི་སྲིད་འཛིན་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ནང་རྐྱེན། གྲོང་ཁྱེར་དང་ཞིང་སྡེ་ལ་ཁྱབ་པའི་སྤྱི་བའི་ནོར་སྲིད་ལམ་ལུགས། དེ་བཞིན་ཞིང་བའི་ཡོང་འབབ་འཕར་སྣོན་དང་ཁུར་པོ་ཡང་དུ་གཏོང་བའི་ཡུན་ཕན་ལམ་སྲོལ་བཅས་བཙུགས་ནས་ཞིང་སྡེ་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།