ཞིང་སྡེ།སྔ་མའི་པར་གཞི་དེ དབང་ཆེན་མེ་ཏོག  ནས 2025-11-26 10:45ལ་འགྲུབ།

ཞིང་སྡེ།

ཞིང་སྡེ།
ཞིང་སྡེ་ལ་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་དཔལ་འབྱོར་གྱི་ཆ་རྐྱེན་ཡོད་ཅིང་། ཞིང་ལས་ཐོན་སྐྱེད་གཙོ་བོར་བྱེད་པའི་འདུས་སྡོད་ས་ཁུལ་ལ་ཟེར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དང་མི་འདྲ་བར་ཞིང་ལས་གཉེར་བའི་མི་ཚོགས་འདུས་སྡོད་ཁུལ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
农村
ཕྱི་ཡིག་གི་མིང་།
countryside
ཐོན་ལས་གཙོ་བོ།
ཞིང་ལས།
མི་འབོར་སྡོད་གནས་ཀྱི་རིགས།
ཁ་ཐོར་ཅན་གྱི་རིགས།
དཔལ་འབྱོར་སྤེལ་སྟངས་གཙོ་བོ།
ཞིང་ལས་ཆུང་བའི་གཉེར་སྐྱོང་གི་རང་བྱུང་དཔལ་འབྱོར།
1 ལོ་རྒྱུས་འཕེལ་རིམ།  
1_1 གདོད་མའི་སྤྱི་ཚོགས།  

གདོད་མའི་སྤྱི་ཚོགས་ཀྱི་ཐོག་མའི་དུས་སྐབས་སུ།   མིའི་རིགས་ཀྱིས་འཚོལ་བསྡུ་དང་རྔོན་བྱེད་པ་ལ་བརྟེན་ནས་འཚོ་བ་རོལ་བ་དང་།   རྩྭ་ཆུ་དང་ཚང་དུ་སྡོད་པ་ལས་གྲོང་ཚོ་ཟེར་བ་ཞིག་མེད།   གདོད་མའི་སྤྱི་ཚོགས་ཀྱི་དུས་དཀྱིལ་ཏེ།   ཧ་ལམ་རྡོ་ཆས་གསར་བའི་དུས་སྐབས་སུ་སླེབས་དུས།   མིའི་རིགས་ཀྱིས་ཞིང་ལས་ཐོན་སྐྱེད་ལག་རྩལ་ཁོང་དུ་ཆུད་པ་དང་།   ས་ཞིང་རྨོ་འདེབས་དང་།   ལོ་ཏོག་ལ་ཡུར་ལས་བྱེད་པ།   སྒོ་ཕྱུགས་དང་ཁྱིམ་བྱ་གསོ་བ་སོགས་ཀྱི་ཐོན་སྐྱེད་བྱ་འགུལ་ཡོད་པས།   མིའི་རིགས་གཏན་སྡོད་བྱེད་འགོ་ཚུགས་ནས་ཆེས་ཐོག་མའི་གྲོང་སྡེ་བྱུང་བ་རེད།   གདོད་མའི་གྲོང་སྡེ་ནི་ཁྲག་རྒྱུད་ཀྱི་འབྲེལ་བ་ལས་གྲུབ་པའི་རུས་རྒྱུད་ཚོ་བ་འདུས་སྡོད་བྱེད་ས་ཞིག་ཡིན་ཞིང་།   གདོད་མའི་སྤྱི་ལ་དབང་བའི་ལམ་ལུགས་ལག་བསྟར་བྱས་ཏེ་རང་བྱུང་ལས་བགོས་ལྟར་ཐོན་སྐྱེད་བྱེད་སྒོ་སྤེལ་ནས་ཆ་སྙོམས་ཀྱིས་བགོ་བཤའ་རྒྱག་གིན་ཡོད།   གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ་བརྗེ་རེས་ལ་འཕེལ་རྒྱས་ངེས་ཅན་ཞིག་བྱུང་ཞིང་།   འགྲིམ་འགྲུལ་ལ་སྟབས་ཅུང་བདེ་བའི་གྲོང་སྡེ་ཁ་ཤས་སུ་གནས་ཡུལ་འཚམ་པའི་ཚོང་འདུས་དར་ཡོད།   

1_2 བྲན་གཡོག་སྤྱི་ཚོགས།  

བྲན་གཡོག་སྤྱི་ཚོགས་སྐབས་ཀྱི་ཞིང་སྡེ་རུ་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བའི་དབང་གིས་ལག་ཤེས་བཟོ་ལས་དང་ཚོང་ལས་སྔ་རྗེས་སུ་བྱུང་ལ་ཞིང་ལས་ཀྱང་རང་ཚུགས་སུ་བྱུང་།   གྲོང་སྡེ་ཆེ་གྲས་ཁ་ཤས་སུ་ལག་ཤེས་བཟོ་ལས་པ་གཅིག་སྡུད་དང་ཚོང་ལས་གཅིག་སྡུད་བྱས་ནས་ཡུན་རིང་རང་བཞིན་གྱི་ཁྲོམ་ར་ཞིག་ཆགས།   ས་གནས་དེ་དག་རིམ་བཞིན་ས་ཁུལ་ཞིག་གི་ཆབ་སྲིད་དང་།   དཔལ་འབྱོར།   རིག་གནས་བཅས་ཀྱི་ལྟེ་གནས་སུ་འགྱུར་བཞིན་ཡོད།   རྒྱུ་ནོར་གྱི་བདེ་འཇགས་དང་སྲིད་དབང་སྲ་བརྟན་དུ་གཏོང་ཆེད།   མཁར་རྫོང་འཛུགས་སྐྲུན་བྱས་ནས་རིམ་བཞིན་གྲོང་ཁྱེར་བྱུང་བ་རེད།   ཚོང་བ་ཆེན་པོ་དང་།   བྲན་བདག་སོགས་སྔར་བཞིན་ཞིང་སྡེ་རུ་བསྡད་ཡོད།  

1_3 བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས།  

བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་དུས་སྐབས་ཀྱི་ཞིང་སྡེ་རུ་ས་ཞིང་སོགས་ཐོན་སྐྱེད་རྒྱུ་ཆ་མང་ཆེ་བ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བདག་གྲལ་རིམ་ལ་དབང་བ་དང་ཉུང་ཤས་ཤིག་ཞིང་བར་དབང་བ་རེད།   མ་རྩ་རིང་ལུགས་ཀྱི་དུས་འགོར་ཞིང་སྡེ་ཡི་སྡོད་དམངས་ནང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ཤུལ་ལུས་ཁོངས་མི་སྣ་ཚོགས་ཚུད་ཡོད་པ་ཕུད།   གཙོ་བོ་ཞིང་ལས་བདག་གཉེར་བྱེད་མཁན་ས་ཞིང་ཆུང་བའི་བདག་པོ་དང་ཞིང་ལས་མ་རྩ་ཅན་ཡིན།   མ་རྩ་རིང་ལུགས་ཀྱི་ཐོན་སྐྱེད་བྱེད་སྟངས་ཞིང་སྡེ་རུ་རྒྱ་བསྐྱེད་པ་དང་བསྟུན་ནས།   མ་རྩ་རྡིབ་པའི་ཞིང་བ་འབོར་ཆེན་ཞིག་གྲོང་ཁྱེར་དུ་སོང་ནས་བཟོ་ལས་ བར་གྱུར།   དར་རྒྱས་ཆེ་བའི་མ་རྩ་རིང་ལུགས་ཀྱི་དུས་རིམ་དུ་ཞིང་སྡེ་ཡི་སྡོད་དམངས་ཀྱི་གྲུབ་ཆ་གཙོ་བོ་ནི་བསྡུར་ཚད་མི་འདྲ་བའི་ཞིང་རའི་བདག་པོ་ཆེ་འབྲིང་ཆུང་གསུམ་དང་ཞིང་རའི་བདག་པོས་གླས་པའི་ཞིང་ལས་བཟོ་པ་ཡིན།   དེ་མིན་གྲོང་ཁྱེར་ནས་ཞིང་སྡེ་རུ་གནས་སྤོས་པའི་སྡོད་དམངས་དང་ཞིང་སྡེ་ཡི་བཟོ་ཚོང་ལས་རིགས་ཀྱི་ལས་ཞུགས་མི་སྣ་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།  

1_4 མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་དུས་སྐབས།  

ཉལ་ཐའི་དམག་འཁྲུག་གི་རྗེས་སུ།   ཞིང་སྡེ་དེ་རིམ་བཞིན་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་དང་མི་སེར་སྤེལ་ཡུལ་ཕྱེད་ཙམ་གྱི་དཔལ་འབྱོར་དུ་གྱུར་ཞིང་།   དེའི་སྤྱི་ཚོགས་དཔལ་འབྱོར་གྱི་ཁྱད་ཆོས་ནི།   1.ས་ཞིང་མང་ཆེ་བ་ཞིང་བདག་དང་ཞིང་ཕྱུག་གྲལ་རིམ་ལ་དབང་བ་ཡིན།   2.ཞིང་བདག་གིས་ས་བོགས་དང་།   སྐྱེད་ཆེའི་བུ་ལོན།   ཚོང་ལས་མ་རྩ་བཅས་རྣམ་པ་གསུམ་ལ་བརྟེན་ནས་ཞིང་བར་བཤུ་གཞོག་བྱས།   3.ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་བཟོ་ལས་ཐོན་རྫས་ཀྲུང་གོར་ནང་འདྲེན་བྱས་པ་མ་ཟད།   ཀྲུང་གོར་ཐད་ཀར་བཟོ་གྲྭ་བཙུགས་པས་རྨོ་འདེབས་དང་འཁེལ་འཐག་ཟུང་འབྲེལ་གྱི་ཞིང་སྡེ་ཡི་དཔལ་འབྱོར་གྲུབ་ཚུལ་ལ་གཡོ་འགུལ་ཐེབས།   4.བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་ཀྱིས་ཀྲུང་གོའི་ཞིང་ལས་ཐོན་རྫས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་ཚོད་འཛིན་བྱས་པ་མ་ཟད།   ཐད་ཀར་ཞིང་སྡེ་རུ་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱས་པའི་དབང་གིས་ཀྲུང་གོའི་ཞིང་ལས་ཚོང་ཟོག་ཅན་དུ་གྱུར་བར་མི་སེར་སྤེལ་ཡུལ་གྱི་ངོ་བོ་ལྡན་པ་རེད།  

2 རྒྱལ་ཁབ་བཙུགས་རྗེས།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཞིང་སྡེ་ཡི་སྤྱི་ཚོགས་དང་དཔལ་འབྱོར་འབྲེལ་བར་རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་བ་རེད།   སྤྱི་ལོ1949ལོ་ནས་སྤྱི་ལོ1952ལོའི་བར་རྒྱལ་ཡོངས་ཀྱི་ཞིང་སྡེ་མང་ཆེ་བར་ས་ཞིང་བསྒྱུར་བཅོས་བྱས་ཏེ།   བཀས་བཀོད་རྒྱུད་འཛིན་གྱི་ས་ཞིང་དབང་བའི་ལམ་ལུགས་ནས་ཞིང་བར་ས་ཞིང་དབང་བའི་ལམ་ལུགས་སུ་བསྒྱུར་བ་དང་།   ཁེར་རྐྱང་ཞིང་བའི་དཔལ་འབྱོར་དེ་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོར་གྱུར་བ་རེད།   སྤྱི་ལོ1953ལོ་ནས་སྤྱི་ལོ1957ལོའི་བར་ཞིང་ལས་མཉམ་ལས་ཅན་དུ་འགྱུར་བའི་དུས་སྐབས་སུ་སླེབས་ཤིང་།   ཞིང་བ་མཉམ་ལས་ཁང་དུ་ཞུགས་པ་དང་ས་ཞིང་གི་ཐོན་སྐྱེད་རྒྱུ་ཆ་གཙོ་བོ་རྣམས་ཐུན་མོང་ལ་དབང་བའི་ལམ་ལུགས་དང་ཁག་བགོས་ལམ་ལུགས་གཉིས་སུ་དབྱེ་ནས་སྡེབ་སྦྱོར་བྱས་པ་རེད།   མཁོ་སྤྲོད་མཉམ་ལས་དང་།   ཡིད་རྟོན་མཉམ་ལས།   དེ་བཞིན་ཞིང་སྡེ་ཡི་བཟོ་ལས་བཅས་ཀྱི་ཐད་ཚོང་ཁང་དང་།   དངུལ་ཁང་།   སློབ་གྲྭ།   སྨན་ཁང་།   རིག་གནས་སྒྲིག་བཀོད་སོགས་རིམ་བཞིན་འཕེལ་རྒྱས་ཕྱིན་ནས་ཞིང་སྡེ་ཡི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་།   སྤྱི་ལོ1958ལོ་ནས་སྤྱི་ལོ1978ལོའི་བར་མི་དམངས་ཀུང་ཧྲེ་ཅན་ལག་བསྟར་བྱས་ཤིང་།   ཐུན་མོང་གིས་གཉེར་སྐྱོང་བྱས་པའི་དགེ་མཚན་གྱི་དབང་གིས་ཞིང་ཁའི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་འཛུགས་སྐྲུན་བྱས་ཤིང་།   ཞིང་ལས་ཐོན་སྐྱེད་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་མོད།   འོན་ཀྱང“གཡོན”གྱི་སྲིད་ཇུས་དང“ཞིང་ལས་ལ་བརྟེན་ནས་གྲོང་ཁྱེར་གསོ་བའི”བྱེད་ཕྱོགས་ཀྱིས་ཞིང་ལས་ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་ཚང་མར་འཆིང་རྒྱ་ཐེབས་པ་དང་།   ཞིང་སྡེ་ཡི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོས།   སྤྱི་ལོ1979ལོ་ནས་བཟུང་ཞིང་སྡེ་རུ་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱེད་འགོ་བརྩམས་ཏེ།   ས་ཞིང་ཐུན་མོང་ལ་དབང་བའི་རྨང་གཞིའི་ཐོག་ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་པའི་གཉེར་སྐྱོང་ལག་བསྟར་བྱས་ཏེ།   ཞིང་སྡེ་རུ་ཉོ་སྒྲུབ་བྱེད་པ་རིམ་བཞིན་ཇེ་ཉུང་དུ་བཏང་བ་ནས“ལམ་ལུགས་ལྷོད་གཏོང་དང་།   ཉུང་ལེན་མང་སྟེར”དང“བཟོ་ལས་ཀྱིས་ཞིང་ལས་ལ་རོགས་འདེགས་དང་།   གྲོང་ཁྱེར་གྱིས་ཞིང་སྡེ་ལ་སྐུལ་ཁྲིད་བྱེད་པ”ལག་བསྟར་བྱས་པས།   ཞིང་སྡེ་ཡི་ཚོང་ལས་དང་།   བཟོ་ལས།   འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་བཅས་ལ་འཕེལ་རྒྱས་མགྱོགས་ཙམ་བྱུང་ཞིང་།   ཞིང་སྡེ་ཡི་རྣམ་པར་ཡང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་།  

3 དུས་རབས་གསར་བ།  

“ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ”ནི་ཞིང་སྡེ་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ40འཁོར་བའི་ལོ་རྒྱུས་ཉམས་མྱོང་གི་ཕྱོགས་སྡོམ་དང་སྔར་བས་གོང་འཕེལ་བཏང་བའི་འགྱུར་ལྡོག་ཅིག་ཡིན།   ཞིང་སྡེ་བསྒྱུར་བཅོས་ནི་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་ཀྱི་འཇུག་སྒོ་ཡིན་པ་དང་།   བསྒྱུར་བཅོས་སྒོ་འབྱེད་ཀྱི་ཁྱོན་ཡོངས་ཀྱི་བྱ་གཞག་ཁྲོད་ཐོག་མཐའ་བར་གསུམ་དུ་གོ་གནས་གལ་ཆེན་བཟུང་ཡོད།   ཁྱིམ་དུད་ཀྱི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་ཁྱབ་སྤེལ་བཏང་བ་ནས་ཤང་གྲོང་ཁེ་ལས་ཀྱི་སྟོབས་ཤུགས་གསར་བ་གློ་བུར་དུ་ཐོན་པར་སྐུལ་འདེད་བཏང་བ་དང་།   ཞིང་ལས་དཔྱ་ཁྲལ་དང་།   ཕྱུགས་ལས་དཔྱ་ཁྲལ།   དམིགས་བསལ་ཐོན་རྫས་ཀྱི་དཔྱ་ཁྲལ་བཅས་མེད་པར་བཟོས་ནས་ཞིང་སྡེ་ཡིས་འགན་གཙང་ལེན་བྱེད་པའི་ས་ཞིང་དང་ཁང་ས“དབང་གསུམ་ལོགས་འཛུགས”ལ་སྐུལ་འདེད་གཏོང་བའི་བར་དང་།   དེ་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་སོགས་ཀྱིས་རྩ་བའི་ཆ་ནས་ཞིང་སྡེ་ཡི་དབུལ་ཕོངས་རྣམ་པར་བསྒྱུར་བཅོས་ཆེན་པོ་བཏང་།      

4 འཐབ་ཇུས་ཀྱི་ཁ་ཕྱོགས།  
4_1 གཞི་རྩའི་ལམ་ལུགས།  

ཞིང་སྡེ་ཡི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས།   ཞིང་སྡེ་ཡི་ས་ཞིང་ཞིང་བ་ཐུན་མོང་ལ་དབང་བ་དང་།   ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་པའི་གཉེར་སྐྱོང་རྨང་གཞིའི་རང་བཞིན་གྱི་གོ་གནས་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་དང་།   ཞིང་སྡེ་ཡི་ས་ཞིང་འགན་གཙང་ལེན་བྱེད་པའི་འབྲེལ་བ་བརྟན་པོ་ཡོང་བ་མ་ཟད།   ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་དང་ཞིང་བ་དང་ས་ཞིང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ།   ཞིང་བའི་འདོད་བློར་བརྩི་འཇོག་དང་ཞིང་བའི་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས།  

4_2 ཞིང་སྡེ་འཛུགས་སྐྲུན།  

ཞིང་སྡེ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས།   ཞིང་བའི་ཆེད་དུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་དང་།   ཞིང་སྡེ་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་ཆོས་ཉིད་བརྩི་སྲུང་།   ཞིང་སྡེ་ཡི་ཁྱད་ཆོས་ལྡན་པའི་ཉམས་འགྱུར་སྲུང་སྐྱོང་བྱེད་པར་དོ་སྣང་།   ཞིང་སྡེ་ཡི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་བའི་ཞབས་ཞུ་གྲོང་ཚོ་དང་དུད་ཚང་དུ་ཁྱབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲངས་འབོར་གྱིས་སྤུས་ཚད་ལ་བསྟུན་པ་དང་།   འཕེལ་རིམ་གྱིས་ཕན་འབྲས་དངོས་ལ་བསྟུན་ཐུབ་པ་བྱེད་དགོས།  

4_3 གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས།  

གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།   རྫོང་ཁོངས་དེ་གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་འཕེལ་རྒྱས་ཀྱི་འཇུག་སྒོ་གལ་ཆེན་ཞིག་ཏུ་བརྩིས་ནས།   ཞིང་སྡེ་ཡི་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུ་དེ་སྔོན་ལ་འཇོག་པ་ཁ་ཕྱོགས་སུ་འཛིན་པ་དང་།   བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་གྲོང་ཁྱེར་གྱིས་ཞིང་སྡེ་ལ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ།   གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་ངང་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།   སྤྱི་བའི་ཐོན་ཁུངས་རྫོང་ཁོངས་སུ་གཅིག་གྱུར་བྱེད་པ་དང་གྲོང་ཁྱེར་དང་ཞིང་སྡེ་འཆམ་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཉམ་དུ་དར་རྒྱས་སུ་གཏོང་དགོས།     

4_4 རྒྱུན་མཐུད་འཕེལ་རྒྱས།  

ཞིང་ལས་དང་ཞིང་སྡེ་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།   རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་།   ཞིང་ལས་ཐོན་སྐྱེད་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ།   ས་ཁོངས་ཀྱི་ཁྱད་ཆོས་ལ་དོ་སྣང་བྱེད་པ།   ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   ཞིང་སྡེ་ཡི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་རྒྱག་པ།   ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཆགས་པ་བཅས་བྱས་ཏེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་འཆམ་མཐུན་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས།  

4_5 ཐུན་མོང་ཕྱུག་འགྱུར།  

ཞིང་བའི་ཞིང་སྡེ་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས།   ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ལས་འགན་ལྗི་མོ་དང་གནད་དོན་ཆེ་ཤོས་དེ་སྔར་བཞིན་ཞིང་སྡེ་རུ་ཡོད།   དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་།   གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་སྡེ་ཡི་གྲོང་མི་མང་པོ་ཕྱུག་འགྱུར་གྱུ་ལམ་དུ་སྙེགས་པ་དང་།   གྲོང་ཁྱེར་དུ་སྡོད་པའི་ཞིང་བའི་ལས་ཞུགས་མཐོ་རུ་གཏོང་བ་བཅས་བྱས་ནས་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་གོམ་སྟབས་བརྟན་པོ་ཡོང་ཐུབ་པ་བྱེད་དགོས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཞིང་སྡེ། འཕེལ་རྒྱས། ཞིང་བ།