ཞིང་བ་རྣམས་ཀྱིས་གནས་གཏན་ཁེལ་གཅིག་ཏུ་བསྡད་ནས་ས་ཞིང་བཏབ་སྟེ་འབྲུ་རིགས་གསོག་འཇོག་བྱེད་ཀྱིན་ཡོད་པ་རེད། ཞིང་བ་མང་ཆེ་བའི་སྡོད་ཁང་ཉིས་བརྩེགས་ཡིན་པ་དང་སྟེང་ཁང་མི་སྡོད་ས་དང་ཅ་དངོས་འཇོག་ས། འོག་ཁང་དུ་བ་ཕྱུགས་དང་རྩྭ་ཤིང་འཇོག་ས་བྱེད་ཀྱི་ཡོད། ལོ་གཅིག་གི་རིང་དུས་ཚིགས་བཞི་བོ་ཐམས་ཅད་ལ་ཞིང་ལས་བྱེད་དགོས་པ་དཔེར་ན། དགུན་དུས་སུ་ཞིང་ནང་དུ་ལུད་བཀྲམས་དགོས་པ་དང་། དཔྱིད་དུས་སུ་ས་ཞིང་རྨོ་ཞིང་ས་བོན་འདེབས་པ། དེ་ཡང་ས་ཁུལ་ཀྱི་མཐོ་དམའ་ལ་གཞིགས་ནས་སྔ་འདེབས་དང་བར་འདེབས། ཕྱི་འདེབས་བཅས་སུ་ཡོད། ས་བོན་བཏབས་རྗེས་སུ་ལོ་ཏོག་ཡག་པོ་ཞིག་ཡོང་མིན་ས་ཞིང་བདག་སྐྱོང་བྱེད་སྟངས་ལ་རག་ལས་ཡོད་སྟབས། དབྱར་དུས་སུ་སྐྱ་ཡུར་དང་ལྡུམ་འཐོག་རྣམས་ཡག་པོར་བྱས་ཏེ་ལྗང་བུར་སྲུང་སྐྱོབས་ཡག་པོ་བྱ་དགོས།
བོད་པའི་ཞིང་བས་འབྲུ་རིགས་གཙོ་བོ་ནས་དང་གྲོ། སྲན་མ་གསུམ་པོ་འདེབས་ཀྱི་ཡོད་ལ། ལོ་རེར་སྟོན་ཐོག་ཐེངས་རེ་ལེན་པ་རེད། འོན་ཀྱང་བོད་ཀྱི་རོང་ཆེན་ཕྱོགས་སུ་ད་དུང་འབྲས་དང་། བྲ་བོ། སོ་བ། མ་རྨོས་ལོ་ཏོག ཁྲེ་ཙི། སྲན་མའི་རིགས་མི་འདྲ་བ་སྐྱེ་ཞིང་སྟོན་ཐོག་ཐེངས་གཉིས་ལེན་ཐུབ་ཀྱི་ཡོད། དེ་ཡང་རྫ་ཡུལ་རོང་པའི་སྐད་དུ་སྲན་ལྗང་ལ་རུས་དང་། སྲན་དམར་ལ་ལིས། སྲན་ཆུང་ལ་སྲན་ཀག་དང་། མ་རྨོས་ལོ་ཏོག་ལ་ཏ་འབའ་སོགས་ཟེར།
སྤྱིར་ལོ་ཏོག་ལ་རང་བྱུང་ཁམས་ཀྱི་དགྲ་མང་པོ་ཡོད་པ་དཔེར་ན། བཙའ་ཟེར་བ་ཞིག་ཡོད་པ་དེ་ཐལ་བ་དམར་པོ་ཞིག་ཡིན་ལ་དེ་ལོ་ཏོག་སྟེང་དུ་ཆགས་ན་ལོ་ཏོག་གི་སྙེ་མའི་ནང་གི་འབྲུའི་སྙིང་བོ་ཐམས་ཅད་སྐམ་ནས་བཅུད་མེད་པར་བྱེད་ཀྱི་ཡོད་པ་རེད། ད་དུང་སད་ཟེར་བ་དབྱར་སྟོན་གཉིས་ཀྱི་མཚམས་སུ་མཚན་མོ་ནམ་མཁའ་ནས་སྤྲིན་རྩ་བ་ནས་མེད་པར་ཆགས་ཏེ་ནམ་མཁའ་གཡའ་དག་པ་དེ་ལ་གནམ་གཡེ་ཟེར། དེའི་རྐྱེན་གྱིས་མཚན་མོར་གྲང་ལྷགས་རྒྱས་ཤིང་ལོ་ཏོག་གི་སྟེང་ལ་བ་མོ་ཆགས་ཏེ་འབྲུ་རིགས་ཀྱི་སྙིང་བོ་སྐམ་འགྲོ་བས་འབྲུ་ལ་འབབ་སྒོ་མེད་པ་དང་འབྲུའི་སྙིང་བོ་མེད་པར་ཆགས་འགྲོ། དེ་མིན་ད་དུང་སེར་བ་ཟེར་བ་དབྱར་དུས་སུ་མཁའ་དབྱིངས་ནས་ཆབ་རོམ་ཆགས་ཏེ་བབས་ནས་ལོ་ཏོག་རྣམས་བསྙལ་བའམ་རྡུང་ནས་འབྲུ་རིགས་བསྡུ་རྒྱུ་མེད་པར་བཟོ་བ་ཡོད། ད་དུང་ཚིག་ཅེས་པ་ནི་ལོ་ཏོག་བཏབས་ཚར་རྗེས་ཆར་ཆུ་མེད་པར་ཉི་མའི་ཚ་བ་རྒྱས་ཏེ་ལོ་ཏོག་སྐེམ་ཞིང་རྙིལ་བར་བྱས་ནས་འབྲུ་རིགས་མ་ཐོགས་པར་ས་ལ་ཐོར་བར་བྱེད་པ་རེད།
སྟོན་དུས་སུ་ལོ་ཏོག་བརྔ་ནས་ཆག་པ་གང་རེ་ལྷན་དུ་སྒྲོག་པ་ལ་བམ་པོ་སྒྲོག་ཟེར། དེ་ཉིད་ཤོག་ཚ་སྟེ་སྐམ་པོ་བྱེད་དགོས་ཀྱི་ཡོད་པ་དང་། དེའི་དུས་སུ་བྱེའུ་སྲུང་དགོས་ཀྱི་ཡོད་པ་རེད། དགུན་དུས་ཤོག་སྐམ་པོ་ཆགས་ཟིན་པ་དབྱུག་རའི་ནང་དུ་མར་ཕབ་ནས་ཕོ་གཞོན་མོ་གཞོན་རྣམས་དབྱུག་རའི་ཕྱོགས་གཉིས་སུ་ཁ་གཏད་དུ་བསྡད་ནས་མི་རེས་དབྱུག་སྐོར་རེ་བཟུང་ཞིང་གླུ་ལེན་དང་བཅས་ལོ་ཏོག་བརྡུངས་དགོས་པ་དང་། བརྡུང་ཟིན་པའི་འཕུར་མ་དང་འབྲུ་རིགས་འདྲེས་མ་དེ་དག་མི་གཞན་དག་གིས་རླུང་ལ་འཕྱར་ནས་འབྲུ་དང་འཕུར་མ་སོ་སོར་དབྱེ་ཞིང་། ཕྱེ་ཟིན་པ་དག་ད་གཟོད་འབྲུ་མཛོད་དུ་བཅུག་ནས་རང་གི་བཟའ་ཆས་དང་འབྲོག་པར་བཙོང་ནས་མར་ཆུར་དང་ཤ་ཐུལ། ལྤགས་རིགས་སོགས་ལེན་པར་བྱེད་པ་ཡིན་ནོ།།