ཁྲིམས་སྲོལ་ཞེས་པ་ནི་བཅའ་ཁྲིམས་སྒྲིག་སྲོལ་གྱི་བསྡུས་མིང་ཡིན་ལ། བཅའ་ཁྲིམས་ཤིག་ལག་བསྟར་བྱེད་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྲིད་འཛིན་དང་འབྲེལ་ཡོད་སྐོར་གྱི་ཁྲིམས་སྲོལ་ལམ་ཡང་ན་ས་གནས་མི་དམངས་འཐུས་མི་ཚོགས་ཆེན་ནས་ཁྱབ་བསྒྲགས་བྱས་པའི་ས་གནས་རང་བཞིན་དང་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་ཡིན་ཞིང་། སྲིད་འཛིན་ཁྲིམས་སྲོལ་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འདི་དག་བཅའ་ཁྲིམས་ག་གེ་མོ་ལག་བསྟར་བྱེད་ཆེད་གཏན་ལ་ཕབ་པའི་ཚད་ལྡན་གྱི་ཡིག་ཆ་ཅན་ཡིན་པས། དེར་བཅའ་ཁྲིམས་ཀྱི་ཕན་ནུས་ལྡན་ཞིང་བཅའ་ཁྲིམས་མ་ལག་གི་གྲུབ་ཆའང་ཡིན།
དང་པོ། ཁྲིམས་འགལ། ཁྲིམས་འགལ་ནི་ད་ཡོད་བཅའ་ཁྲིམས་ཀྱི་བླང་བྱ་དང་མི་འཚམ་ཞིང་དེའི་ཁྱབ་ཁོངས་ལས་བརྒལ་བའི་བྱ་འགུལ་ཞིག་ཡིན། ཁྲིམས་འགལ་དུ་གྱུར་བ་ལ་ངེས་པར་དུ་གཤམ་གྱི་ཆ་རྐྱེན་དག་ཚང་དགོས་ཏེ།
གཅིག ངེས་པར་དུ་མི་རྣམས་ཀྱི་བྱ་སྤྱོད་གང་རུང་ཞིག་ཡིན་པ་ལས་བསམ་བློའི་གནད་དོན་མིན།
གཉིས། བྱ་སྤྱོད་སྤེལ་མཁན་གྱི་བྱ་སྤྱོད་དེས་ངེས་པར་དུ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་ལ་གནོད་བྱས་ཏེ་་སྤྱི་ཚོགས་ལ་གནོད་པ་གཏོང་དགོས།
གསུམ། བྱ་སྤྱོད་སྤེལ་མཁན་ལ་ངེས་པར་དུ་སྐྱོན་ཡོད་དགོས། (བསམ་བཞིན་དུའམ་ལས་འཛོལ་བྱུང་བ)
བཞི། བྱ་སྤྱོད་སྤེལ་མཁན་ལ་ངེས་པར་དུ་ཁྲིམས་བཀོད་ཀྱི་འགན་འཁུར་བའི་ནུས་པ་ལྡན་དགོས།
གཉིས་པ། ཁྲིམས་ཆད་གཅོད་པ།
ཁྲིམས་ཆད་གཅོད་པ་ཞེས་པ་ནི་རྒྱལ་ཁབ་ཀྱི་ཆེད་གཉེར་ལས་ཁུངས་ཀྱིས་ཁྲིམས་འགལ་པར་བཅའ་ཁྲིམས་ཀྱི་འགན་ཁུར་ལྟར་ལག་བསྟར་བྱས་པ་དང་བཙན་ཤེད་ཀྱིས་ཉེས་ཆད་གཅོད་པ་ཞིག་ཡིན། ཁྲིམས་དང་འགལ་ན་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་ལ། བཅའ་ཁྲིམས་དང་འགལ་བའི་མིར་ཁྲིམས་ཆད་གཅོད་དགོས། ཁྲིམས་ཆད་གཅོད་པ་ལ་རིགས་བཞི་ཡོད་དེ། རྩ་ཁྲིམས་དང་འགལ་བའི་ཁྲུན་གཅོད་དང་ཉེས་དོན་ཁྲུན་གཅོད། དམངས་དོན་ཁྲུན་གཅོད་དང་སྲིད་འཛིན་ཁྲུན་གཅོད་བཅས་སོ༎