རང་རྒྱལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཐབས་ཕྱོགས་ནི"བདེ་འཇགས་དང་པོ་དང་། སྔོན་འགོག་གཙོ་བོ་དང་། ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པ"བཅས་ཡིན་པ་གསལ་ཆོད་བྱས་ཡོད། སྔོན་འགོག་གཙོ་བོར་བཟུང་བ་དེ་ནི"བདེ་འཇགས་ཨང་དང་པོ་རུ་བཞག་པའི"ལས་ཀ་སྣ་ཚོགས་ཀྱི་ནང་དུ་མངོན་འགྱུར་བྱེད་དགོས་ཤིང་། སྔོན་འགོག་གི་ལས་ཀ་ཡག་པོར་བསྒྲུབ་རྒྱུ་ནི་ཆེས་གལ་ཆེན་ཞིག་ཡིན། ཆུང་ཟོན་སྔོན་འགོག་དང་། ཆུ་མ་རྒྱས་གོང་ལ་ཆུ་རགས་དང་སྐྱོན་མ་བྱུང་གོང་ལ་ལྡོག་ཐབས་ཟེར་བའི་དཔེ་བཞིན་དུ་ལས་འཛོལ་དང་ལས་རིགས་ཐོག་གི་གནོད་སྐྱོན་དག་མྱུ་གུ་ལྟ་བུའི་སྐབས་སུ་རྩ་མེད་དུ་གཏོང་དགོས། ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པ་དེ་ནི། བདེ་འཇགས་ཐོན་སྐྱེད་དེ་ངེས་པར་དུ་བཅའ་ཁྲིམས་དང་། དཔལ་འབྱོར་དང་། ཚན་རྩལ་དང་སྲིད་འཛིན་གྱི་ཐབས་སོགས་ཕྱོགས་ཡོངས་ནས་བེད་སྤྱོད་གཏོང་བ་དང་། ཡན་ལག་དང་རྩ་བ་མཉམ་དུ་འཛིན་པ་དང་། གཙོ་བོར་རྩ་བ་ལེགས་སྐྱོང་བྱེད་པ་དང་། རྒྱུ་རྐྱེན་འཛོམ་པར་སྐུལ་འདེད་བྱས་ནས་གྲུབ་པའི་ཕན་ཡུན་རིང་བའི་སྒྲིག་ལུགས་ཤིག་ཡིན།
བདེ་འཇགས་ཨང་དང་པོ་རུ་བཞག་པའི་བདེ་འཇགས་ཐོན་སྐྱེད་དེ་ནི་སྲིད་གཞུང་རིམ་གྲས་ཁག་དང་ཐོན་སྐྱེད་ལས་སྒོ་གཉེར་མཁན་གྱི་ལས་ཁུངས་ཁག་གི་དོན་དག་ཆེན་པོ་ཨང་དང་པོ་ཡིན། བདེ་འཇགས་ཐོན་སྐྱེད་བྱེད་པར་མཐོང་ཆེན་བྱེད་ན། གང་ཐུབ་ཅི་ཐུབ་སྒོས་ཐབས་ཚུལ་ལག་བསྟར་བྱས་ནས་ལས་བཟོ་བའི་བདེ་འཇགས་ལ་ཁེག་ཐག་བྱེད་པ་དང་འབད་པ་ཆེན་པོས་ལས་འཛོལ་མི་བྱུང་བར་སྔོན་འགོག་བྱ་དགོས། ཡིན་ན་ཡང་ཐོན་སྐྱེད་ལས་འགན་དང་བདེ་འཇགས་བར་འགལ་བ་བྱུང་བའི་སྐབས་སུ། སྔོན་ལ་ངེས་པར་དུ་བདེ་འཇགས་ཀྱི་གནད་དོན་དེ་ཐག་གཅོད་བྱས་ནས་བདེ་འཇགས་ཁེག་ཐག་བྱས་པའི་ཆ་རྐྱེན་འོག་ཏུ་བདེ་ལེགས་ངང་ཐོན་སྐྱེད་བྱེད་སྒོ་སྤེལ་ཐུབ་པ་བྱེད་དགོས།
གཅིག"མི་གཙོ་བོར་འཛིན་པའི"བསམ་བློ་རྒྱུན་འཁྱོངས་སྒོས་བདེ་འཇགས་ཐོན་སྐྱེད་ཀྱི་ཐབས་ཕྱོགས་ལ་མི་གཙོ་བོར་འཛིན་པའི་བསམ་བློ་མངོན་མཚོན་བྱེད་དགོས། མིའི་ཚེ་སྲོག་ནི་ཆེས་དཀོན་པོ་ཡིན་པས། ཐོག་མཐའ་བར་གསུམ་དུ་ལས་བཟོ་བའི་ལུས་སྲོག་བདེ་ཐང་དང་བདེ་འཇགས་ལ་ཁེག་ཐག་བྱེད་པའི་བྱ་བ་དེ་ལས་ཀ་ཡོངས་ཀྱི་ཨང་དང་པོར་འཇོག་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་བ་ནས་ལས་ཞུགས་ལས་བཟོ་བའི་ལུས་སྲོག་བདེ་འཇགས་ཀྱི་"བདེ་འཇགས་དང་པོར་འཇོག་པའི་"ཐབས་ཕྱོགས་ཀྱིས་མི་དམངས་སྲིད་གཞུང་རིམ་པ་ཁག་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ལས་བྱེད་མི་སྣ་དང་། ཁེ་ལས་ཀྱི་འགན་ལེན་མི་སྣ་དང་དོ་དམ་མི་སྣ་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་གཙོ་བོར་འཛིན་པའི་བསམ་བློ་བཟུང་སྟེ། བདེ་འཇགས་ཐོན་སྐྱེད་བྱེད་པ་དེ་དཔལ་འབྱོར་དང་བདག་གཉེར་བྱེད་པའི་ལས་འགན་དང་པོར་འཇོག་དགོས། དེ་དང་མཚུངས་པར་ལས་ཞུགས་མི་སྣར་མི་གཙོ་བོར་འཛིན་པའི་འདུ་ཤེས་ཆགས་སུ་བཅུག་ནས་ནམ་ཡིན་ཡང་རང་ཉིད་སྲུང་སྐྱོབ་དང་གཞན་གྱི་ལུས་སྲོག་བདེ་འཇགས་དང་བདེ་ཐང་དེ་དོན་ཆེན་དུ་བཟུང་བར་བྱས་ནས། ནམ་ནམ་ཞར་ཞར་བདེ་འཇགས་ཀྱི་གཟུང་ཐག་ལ་དམ་པོར་འཛིན་དགོས། གལ་ཏེ་བདེ་འཇགས་དང་ཐོན་སྐྱེད་གཉིས་ལ་གདོང་ཐུག་བྱུང་ན་ཐག་གཅོད་ཡང་དག་པ་བྱས་ཏེ་བདེ་འཇགས་ལ་ཁེག་ཐག་བྱེད་དགོས།
གཉིས། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་བྱུང་བར་སྔོན་འགོག་བྱེད་པ་དེ་བདེ་འཇགས་ཐོན་སྐྱེད་བྱ་བའི་ཨང་དང་པོར་འཛིན་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཐབས་ཕྱོགས་ཀྱིས་ལས་འཛོལ་བྱུང་བར་སྔོན་འགོག་བྱེད་པ་དེ་བདེ་འཇགས་ཐོན་སྐྱེད་ཀྱི་ཨང་དང་པོར་འཛིན་དགོས་པར་འདོད། ཐོན་སྐྱེད་ལས་འཛོལ་བྱུང་བའི་རྒྱུ་རྐྱེན་ལ་བལྟས་ན། གཅིག་ནི་བདེ་འཇགས་ཐོན་སྐྱེད་དང་ལས་འཛོལ་བྱུང་བའི་སྔོན་འགོག་གི་བྱ་བར་དོ་སྣང་བྱས་པ་མི་འདང་བ་དང་། "ཐོན་སྐྱེད་གལ་ཆེན་དུ་བཟུང་ནས་བདེ་འཇགས་སྣང་མེད་དུ་བཞག་པ"འི་མངོན་ཚུལ་གཙོ་བོ་དང་བདེ་འཇགས་ཐོན་སྐྱེད་དང་དཔལ་འབྱོར་གོང་འཕེལ་གཉིས་འགལ་ཟླར་བཟུང་སྟེ་མངོན་མེད་རྐྱེན་ངན་གྱི་ལས་འཛོལ་ཚབས་ཆེན་འགའ་ཤས་མཐོང་རུང་མ་མཐོང་ཁུལ་བྱེད་པ་དང་། སྟོང་གཏམ་མང་ཙམ་ལབ་ནས་དངོས་འབེབས་ལག་ལེན་ཉུང་བ་དང་། བདེ་འཇགས་ལྟ་སྐུལ་གྱི་བརྟག་དཔྱད་དེ་ཕྱི་ཚུལ་ཙམ་ཡིན་པ། གཉིས་ནི་ཁྲིམས་ལུགས་ཡོད་ཀྱང་མི་བརྩི་བ་དང་། གཏན་འཁེལ་ཡོད་རུང་ཐག་མི་ཆོད་པ། ཁྲིམས་ཆད་བཅད་རུང་གཟབ་ནན་མིན་པ། ཁྲིམས་དང་འགལ་ཡང་རྩད་མི་གཅོད་པ། གསུམ་ནི་ཁ་ཤས་ཀྱིས་ལས་འཛོལ་བྱུང་རྗེས་ཀྱི་ཞིབ་བཤེར་བྱེད་པར་མཐོང་ཆེན་བྱས་རུང་ལས་འཛོལ་སྔོན་འགོག་གི་བྱ་བར་མཐོང་ཆེན་བྱས་པ་མི་འདང་བ་དང་། དགོས་ངེས་ཀྱི་བདེ་འཇགས་ལ་ཤུགས་བསྣན་པ་མི་འདང་བ་མ་ཟད། ཐ་ན་བྱུང་ཟིན་པའི་མངོན་མེད་རྐྱེན་ངན་གྱི་ལས་འཛོལ་བྱུང་བ་སྐབས་ཐོག་ཏུ་སྔོན་འགོག་ལག་བསྟར་མི་བྱེད་པར་བརྟེན་ལས་འཛོལ་ཚབས་ཆེན་བྱུང་བའོ། ། རྒྱུ་མཚན་དེའི་རྐྱེན་གྱིས་"སྔོན་འགོག་གཙོ་བོར་འཛིན་པ"དེས་སྲིད་གཞུང་དང་ཁེ་ལས་དང་། ལས་རིགས་མི་གཅིག་པའི་མི་སྣ་སོ་སོས་སྔོན་འགོག་བྱ་བར་མཐོང་ཆེན་བྱས་ནས་སྔོན་འགོག་བྱ་བ་ཡག་པོར་བསྒྲུབ་དགོས་པར་འདོད། ལས་ཞུགས་མི་སྣ་ལ་མཚོན་ནས་བཤད་ན། སྔོན་འགོག་གི་བྱ་བ་ཡག་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ། ལས་ཡུལ་དངོས་ནས་འདི་དང་དེ་ལྟ་བུའི་ལས་རིགས་ཀྱི་ཉེན་ཁ་འབྱུང་བའི་རྒྱུ་རྐྱེན་གནས་ཡོད་པས། ང་ཚོས་ངེས་པར་དུ"སྔོན་འགོག་གཙོ་བོར་འཛིན་པ"འི་འདུ་ཤེས་ཟབ་མོ་ཞིག་ཆགས་སུ་བཅུག་ནས་ཐོན་སྐྱེད་ལས་ཀ་འགོ་མ་བརྩམ་པའི་སྔོན་ལ་སྔོན་འགོག་གི་ལག་བསྟར་བྱེད་ཐབས་དང་མྱུར་སྐྱོབ་བྱེད་ཐབས་དམིགས་སར་སླེབས་པར་དོན་འཁྱོལ་ཡོང་བ་བྱས་ནས་ལས་འཛོལ་བྱུང་བར་སྔོན་འགོག་བྱ་དགོས།
གསུམ། ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱ་དགོས། ཕྱོགས་ཡོངས་ནས་བདག་སྐྱོང་ཞེས་པ་ནི། རང་རྒྱལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཁ་ཕྱོགས་ཀྱི་རེ་བ་དང་མཐུན་པར་རང་འགུལ་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱས་ནས་བདེ་འཇགས་ཐོན་སྐྱེད་བྱ་བའི་ཡུན་རིང་རང་བཞིན་དང་། ཁེག་པོའི་རང་བཞིན་དང་། རྙོག་འཛིང་རང་བཞིན་བཅས་ལ་དོ་སྣང་བྱས་ནས་བདེ་འཇགས་ཐོན་སྐྱེད་བྱ་བའི་ནང་གི་འགལ་བ་གཙོ་བོ་དང་གནད་འགག་བཟུང་སྟེ་ཕྱོགས་ཡོངས་ནས་དཔལ་འབྱོར་དང་། བཅའ་ཁྲིམས་དང་། སྲིད་འཛིན་སོགས་བྱེད་ཐབས་སྤྱད་ནས་མིར་དོ་དམ་དང་ཁྲིམས་སྐྱོང་དང་། ཚན་རྩལ་སྔོན་འགོག་སོགས་ཕྱོགས་མང་པོ་མཉམ་འབྲེལ་བྱེད་པ་མ་ཟད། སྤྱི་ཚོགས་དང་ལས་བཟོ་བ་དང་གླེང་ཕྱོགས་སོ་སོས་ལྟ་སྐུལ་བྱེད་པ་གང་ལེགས་སྒོས་འདོན་སྤེལ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཁོངས་ཀྱི་གནད་དོན་ཕན་ངེས་ཀྱིས་ཐག་གཅོད་དགོས།