འཇའ་འགོག་སྔོན་གཤེགས་དཔའ་བོ། སྤྱི་ལོ1908ལོར་ལུའུ་དབྱི་ཡི་ཞིང་བདག་ཁྱིམ་ཚང་ཞིག་ཏུ་སྐྱེས། ལོ་ན་ཆུང་དུས་ས་གནས་དེ་གའི་སློབ་ཆུང་དུ་སློབ་སྦྱོང་བྱས་པ་དང་། རྗེས་སུ་ཡུས་ཡན་ནན་སློབ་གྲྭའི་སློབ་འབྲིང་དུ་རྒྱུགས་འཕྲོད། སྤྱི་ལོ1929ལོར་ཧྲེན་དབྱང་དུ་མཐོ་འབྲིང་ལ་རྒྱུགས་འཕྲོད་པ་རེད།
སྤྱི་ལོ1932ལོའི་དཔྱིད་ཀར། འཇའ་འགོག་ཚོགས་པའི“སློབ་མའི་ཚོགས་པ”དང“འཇའ་འགོག་རྒྱལ་སྐྱོབ་ཚོགས་པ”གསར་འཛུགས་དང་དེའི་ནང་ཞུགས། སྤྱི་ལོ1933ལོའི་ཟླ1པར། “བྱང་ཤར་དམངས་ཚོགས་རང་སྲུང་དམག”གི་སྤྱི་ཁྱབ་གྲོས་འཛིན་མའོ་ཁོ་ཞིའུ་ཡི་མངགས་བཅོལ་ལྟར། འཇའ་འགོག་དྲག་དཔུང“ཟུར་སྐྱོད་རུ་ཁག”འཛུགས་པར་ཞུགས། ལོ་དེའི་ཟླ3པར། “སློབ་མའི་ཚོགས་པ”དང“འཇའ་འགོག་རྒྱལ་སྐྱོབ་ཚོགས་པའི”རྨང་གཞིའི་ཐོག“ཟུར་སྐྱོད་རུ་ཁག”བཙུགས་པ་དང་། ཁོང་གིས་རུ་དཔོན་གཞོན་པའི་འགན་བཞེས། སྤྱི་ལོ1934ལོའི་ཟླ2པའི་ཚེས1ཉིན། “ཟུར་སྐྱོད་རུ་ཁག”བསྐྱར་སྒྲིག་བྱས་ནས“ལྕགས་ཁྲག་དམག”བཙུགས་པ་དང་། ཁོང་གིས“ལྕགས་ཁྲག་དམག”རུ་ཆེན་གཉིས་པའི་རུ་དཔོན་གྱི་འགན་བཞེས། སྐབས་དེར་དམག་འཐབ་མང་པོར་བཀོད་འདོམས་བྱས་པ་མ་ཟད་གཡུལ་དུ་ཞུགས་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། སྤྱི་ལོ1935ལོའི་ཟླ2པར། “ལྕགས་ཁྲག་དམག”མཉམ་འབྲེལ་རུ་ཁག་གཉིས་སུ་རྒྱ་བསྐྱེད་པ་དང་། ཁོང་གིས་མཉམ་འབྲེལ་རུ་ཁག་གཉིས་པའི་རུ་དཔོན་གྱི་འགན་བཞེས། ལོ་དེའི་ཟླ11པར། “ལྕགས་ཁྲག་དམག”དམག་སྡེ་གསུམ་པའི་བཀོད་འདོམས་པའི་འགན་ཁུར། སྤྱི་ལོ1936ལོའི་ཟླ4པར། “ལྕགས་ཁྲག་དམག”གི་དམག་སྤྱི་ཀྲའོ་ཐུང་འགག་སྒོ་ལས་བུད་དེ་སོང་བས། ཁོ་རང་ཚང་མས“ལྕགས་ཁྲག་དམག”གི་དམག་སྤྱི་དང་དམག་སྡེ་གསུམ་པའི་བཀོད་འདོམས་པར་གཅིག་ལྕོགས་སུ་བསྐོས། “ལྕགས་ཁྲག་དམག”ལ་བཀོད་འདོམས་བྱས་ནས་འཇའ་ཇག་ལ་རྡུང་རྡེག་ཐེངས་མང་ཐེབས་པ་རེད།
སྤྱི་ལོ1938ལོའི་དགུན་ཁར། ངོ་ལོག་པས་གཡོ་འཚོང་བྱས་པར་བརྟེན་འཛིན་བཟུང་བྱས། བཙོན་ཁང་ནང་དུ་དགྲ་བོས་འཇམ་རྩུབ་སྣ་ཚོགས་ཀྱིས་ཁོ་རང་ལ་མགོ་འདོགས་བྱེད་དུ་འཇུག་འདོད་པ་རེད། འོན་ཀྱང་ཁོས་དྲང་བདེན་གྱི་དཔའ་ངར་ཞུམ་མེད་ཀྱིས་ཤི་ཡང་མགོ་མི་སྒུར་བར་དགྲ་བོའི་རྩུབ་སྤྱོད་ལ་ཁ་རྡུང་དྲག་པོ་བཏང་། ཁོང་གིས“ང་ཉིན་གཅིག་ལ་གསོན་ན་ང་ཉིན་གཅིག་ལ་ཀྲུང་གོ་བ་ཞིག་བྱེད་རྒྱུ་ཡིན་ལ། ཐ་ན་འདྲེ་གཡོག་ཉིན་གཅིག་ཀྱང་མི་བྱེད།”ཟེར། སྤྱི་ལོ1939ལོའི་ཟླ3པར། དགྲ་བོས་ཁོ་རང་ཧྥེང་ཁྲེང་བཙོན་ཁང་ནས་ཨར་ལུང་རི་བོའི་འོག་ཏུ་བཅུག་སྟེ། སྔོན་ལ་ཁོའི་ལྕེ་བཅད་པ་དང་། དེ་ནས་ཆེས་གདུག་རྩུབ་ཆེ་བའི་ཁྲིམས་ཆད་སྤྱད་དེ་ཁོ་དལ་མོས་ངང་བསད། ཁོང་རང་སྐུ་གཤེགས་སྐབས་ལོ31ལས་སོན་མེད།