སྤྱི་ལོ1868ལོར། མིང་ཀྲི་གནམ་བསྐོས་གོང་མ་ཁྲིར་བཞུགས་སྐབས། 《གོང་མའི་སྨྱུག་ཡིག》ཅེས་པ་ཁྱབ་བསྒྲགས་བྱས་ཏེ། “ཡབ་མེས་གོང་མ་རྣམས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་འཛིན་བྱེད” “ལེ་དབར་ཁྲི་ཕྲག་གི་རྦ་རླབས་འཕྱུར་འདོད་ན། རྒྱལ་ཁབ་ཀྱི་ཟིལ་ཤུགས་ཕྱོགས་བཞིར་ཁྱབ་པར་བྱེད་དགོས།"ཞེས་བརྗོད་ཅིང་། དེ་ནས་བཟུང་སྐམ་ས་ཆེན་པོའི་སྲིད་ཇུས་ཀྱི་རྨང་གདན་བཏིང་བ་དང་། ཕྱི་ཕྱོགས་སུ་རྒྱ་སྐྱེད་པའི་ཧམ་སེམས་ཐོག་མར་མངོན་པ་རེད། སྤྱི་ལོ1890ལོའི་ཟླ12པའི་ཚེས6ཉིན། ནང་བློན་ཁང་གི་དབུ་བཞུགས་བློན་ཆེན་ཧྲན་ཞན་ཡིའུ་ཕིན་གྱིས་འཇར་པན་གྱི་སྐབས་དང་པོའི་བཙན་རྒྱལ་གྲོས་ཚོགས་སྟེང་སྲིད་སྐྱོང་གཏམ་བཤད་སྤེལ་བ་དང་། “ཁེ་ཕན་ཐིག”ཟེར་བའི་གཞུང་ལུགས་བཏོན་ནས། “རྒྱལ་ཁབ་རང་བཙན་གྱིས་རང་སྲུང་བྱེད་པའི་ཐབས་ལམ་ནི། གཅིག་ནི་རང་བདག་དབང་ཆའི་ཐིག་སྲུང་སྐྱོབ་དང་། གཉིས་ནི་ཁེ་ཕན་ཐིག་འགོག་སྲུང་བྱེད་པ་དེ་ཡིན། རང་བདག་དབང་ཆའི་ཐིག་ཟེར་བ་ནི། རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ལ། ཁེ་ཕན་ཐིག་ཟེར་བ་ནི། རང་རྒྱལ་གྱི་རང་བདག་དབང་ཆའི་ཐིག་གི་བདེ་འཇགས་དང་འབྲེལ་བ་དམ་ཟབ་ཡོད་པའི་ས་ཁོངས་ཡིན།” འདི་ནི་སྐམ་ས་ཆེན་པོའི་སྲིད་ཇུས་གྲུབ་པ་དང་གཏན་ཁེལ་བྱས་པའི་མཚོན་རྟགས་ཡིན་ནོ། །“ཐིག་གཉིས་སྨྲ་བ”དེར་གཞིགས་ན། འཇར་པན་གྱིས་ཨེ་ཤ་ཡ་ཤར་མའི་སྐམ་ས་ཆེན་པོར་མ་གཞི་ནས་འདོད་རྔམ་བཅངས་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་དྲག་ཤུགས་ལ་བརྟེན་ནས་སྔོན་ལ་ཁྲའོ་ཞན་དང་ཀྲུང་གོ་དབང་དུ་བསྡུ་རྒྱུ་དང་། དེ་ནས་ཐད་ཀར་རྒྱ་གར་དབང་དུ་བསྡུས་ནས། མཐར་ཐ་ན་ཨེ་ཤ་ཡ་དང་འཛམ་གླིང་ཡང་དབང་དུ་བསྡུ་རྩིས་བྱེད་ཀྱི་ཡོད། དེའི་ནང་ནས། ཀྲུང་གོར་བཙན་འཛུལ་བྱས་ནས་རྩ་མེད་གཏོང་རྒྱུ་ནི་སྐམ་ས་ཆེན་པོའི་སྲིད་ཇུས་ཀྱི་ལྟེ་བ་དང་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། དུས་རབས19པའི་དུས་མཇུག་གི་ཤིང་རྟ་ལོའི་ཀྲུང་འཇར་དམག་འཁྲུག་དང་དུས་རབས20པའི་ལོ་རབས30དང40པའི་ནང་ཀྲུང་གོར་བཙན་འཛུལ་བྱེད་པའི་དམག་འཁྲུག་ཚང་མ་ནི། འཇར་པན་བཙན་རྒྱལ་རིང་ལུགས་ཀྱིས“སྐམ་ས་ཆེན་པོའི་སྲིད་ཇུས”ལག་བསྟར་བྱས་པའི་འབྲས་བུ་ལྡོག་མེད་རེད་དོ། །