མེ་ཏོག་གི་བརྡ་རྙིང་བ་སྟེ། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ》གྱི་ལྡེབ141པར། རྩྀ་ཤིང་དང་ལྡུམ་བུ་མེན་ཏོག་རྒྱས་པ་ནྀ། ཡིད་བཞིན་གྱྀ་ནོར་བུ[ལྟ་བུ]འྀ་སེར་བུ་ནྀ་ངད་ངད།། ཅེས་སམ། ལྡེབ154བར། ཤིང་ལོ་མེན་ཏོག་མདོག་སྡུག་རྒྱས་པ་འྀ་མདོག། རྒྱན་དང་བཆས། ཤིང་ཡིད་དུ་འོང་།། ལྡེབ166པར། མེན་ཏོག་འདབ་རྒྱས་ལྟེ་བུ་འྀ་སྐུ་མདོག་ལ། སྙུན་གྱྀ་ཐན་བས་གདུངས་པར་མ་གྱུར་ཏམ། ཞེས་དང་། 《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་འཕྲོ་མཐུད》ཀྱི་ལྡེབ204བར། མཚོ་སྨན་ནི་གཉན་གྱྀ་དྲྀན།། མེན་ཏོག་ནྀ་ཧྭ་ལོ་མཚོན།། ཞེས་སམ། ལྡེབ343པར། སྤངས་པ་མེན་ཏོག་བཏོགས་ཤིང་བལ་ཏེ་ལྷ་ལ་མཆོད་ན་བཟང་།། ལྡེབ351པར། རི་ལ་མེན་ཏོག་སྣ་ཚོགས་པར་སྐྱེས་པ་དང་།། ཞེས་དང་། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ262བར། ཕུན་སུམ་ཚོགས་ཕ་ཐམས་ཅད་ཀྱྀས་མཆོད་པ་ནྀ་མེན་ཏོག་པོག་སྤོས། འཕྲེའང་བ་བྱུག་པ། ཕྱེ་མ་སྦྲམ་བུ། སྀལ་སྙན་རོལ་མོ། ལྷབ་ལྷུབ་ལྡ་ལྡི། ཞེས་འབྱུང་བ་ལྟ་བུའོ།། མེན་ཐོག་ཅེས་ཀྱང་འབྱུང་སྟེ། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ252པར། དཀོན་མཆོག་གསུམ་པོ་དེ་དག་ལ། མྱྀ་དང་ཞྀང་འབྲོག་དང་།། རྐང་འགྲོས་དང་། བླ་རེ་དང་། ཕན་གདུགས་དང་། མེན་ཐོག་ཕོག་སྤོས་ལ་སྩོགས་པ།། མཆོད་པ་དངོསུ་ཅི་འབྱོར་བ་དང་། ཞེས་འབྱུང་བ་ལྟ་བུ།