འཇིགས་སྐུལ་རིང་ལུགས་ནི་སྤྱི་བའི་གནོད་སྐྱོན་ཞིག་ཡིན་པར་བརྩིས་ཡོད་དེ། “དམག་འཁྲུག་དང་། རྒྱལ་ཁབ་ཀྱི་བུ་ལོན། མི་འབོར་མང་བ། བཀྲེས་ལྟོགས་དང་ཉོ་ཚོང་གི་གཏོང་ཉུང་འདྲེན་ཕྱོགས། ནད་རིགས་སོགས་དང་བསྡུར་ཆོག”མོད། མི་ལ་ལས་འཇིགས་སྐུལ་རིང་ལུགས་ཀྱི་སྨྱོ་རླབས་ལ“དུས་རབས་ཉི་ཤུ་པའི་ཆབ་སྲིད་ཀྱི་རིམས་ནད”ཅེས་འབོད་ཀྱིན་ཡོད་པ་དང་། ཐ་ན་མི་ལ་ལས་འཇིགས་སྐུལ་རིང་ལུགས་དང་ཆབ་སྲིད་ཀྱི་རུལ་སུངས་དང་ཁོར་ཡུག་སྦགས་བཙོག་བཅས་མཉམ་དུ་དུས་རབས་ཉེར་གཅིག་པའི་མིའི་རིགས་ལ་འཕྲད་པའི་འཇིགས་སྐུལ་ཆེན་པོ་གསུམ་གྱི་གྲས་སུ་བཞག་ཡོད་པའི་ངོས་འཛིན་བྱེད་ཀྱིན་ཡོད་མོད། འོན་ཀྱང་འཇིགས་སྐུལ་རིང་ལུགས་ཀྱི་གནད་དོན་དེ་རང་ཉིད་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཀུན་སྤྱོད། རིགས་རྒྱུད། ཆོས་ལུགས་སོགས་གཏིང་ཟབ་པའི་རྒྱུ་རྐྱེན་སྣ་ཚོགས་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཁག་གི་ཁེ་ཕན་མི་འདྲ་བ་དང་ཡང་འབྲེལ་བ་ཡོད་པས། འཇིགས་སྐུལ་རིང་ལུགས་ལ་ངོས་འཛིན་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་དང་གཅིག་མཐུན་བྱེད་མི་ཐུབ། དེར་བརྟེན། ད་ལྟའི་བར་དུ་རྒྱལ་སྤྱིའི་སྟེང་དུ་ཕྱོགས་ཡོངས་དང་ཚོད་འཛིན་གྱི་ནུས་པ་ལྡན་པའི་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྤྱི་ཆིངས་སྔར་བཞིན་གཅིག་ཀྱང་མེད་པ་མ་ཟད། ཐ་ན་གཅིག་གྱུར་གྱི“འཇིགས་སྐུལ་རིང་ལུགས”ཀྱི་མཚན་ཉིད་གཅིག་ཀྱང་མེད། ཐ་ན་རྒྱལ་ཁབ་ཅིག་གི་སྲིད་གཞུང་ལས་ཁུངས་ནང་དུ་འཇིགས་སྐུལ་རིང་ལུགས་ཀྱི་མཚན་ཉིད་ལ་ཡང་ཁྱད་པར་ཡོད་པ་སྟེ། དཔེར་ན། “ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཇིགས་སྐུལ་རིང་ལུགས་ཀྱི་མཚན་ཉིད་ལ་དེའི་ཆབ་སྲིད་རང་བཞིན་གྱི་ཀུན་སློང་ནན་བཤད་བྱེད་པ་དང་། FBIཡི་མཚན་ཉིད་ལ་འཇིགས་སྐུལ་དྲག་ཤུགས་ཀྱི་ཁྲིམས་འགལ་རང་བཞིན་ནན་བཤད་བྱེད་ཀྱིན་ཡོད” འཇིགས་སྐུལ་རིང་ལུགས་ཀྱི་མཚན་ཉིད་ད་ལྟའི་བར་རྒྱལ་སྤྱིའི་ཁྱབ་ཁོངས་སུ་གཅིག་མཐུན་བྱུང་མེད་པའི་དབང་གིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་ཉེས་སྤྱོད་ཀྱི་གོ་དོན་གཅིག་གྱུར་བྱེད་དཀའ་བར་གྱུར་ཡོད། རྒྱལ་སྤྱིའི་ལག་ལེན་ཁྲོད་འཇིགས་སྐུལ་རིང་ལུགས་ལ་མཚན་ཉིད་འཇོག་པར་གཡོལ་ཐབས་བྱེད་པ་དང་། ཐད་ཀར་སྤྱི་ཆིངསའམ་ཆིངས་ཡིག་གི་རྣམ་པའི་ཐོག་ནས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་ཉེས་སྤྱོད་རིགས་ག་གེ་མོ་ཞིག་གཏན་འབེབས་བྱེད་པའི་དངོས་སྤྱོད་རིང་ལུགས་ཀྱི་བྱེད་སྟངས་ཡོད་པ་མ་ཟད། “སྤྱི་ཆིངས་མང་པོ་ཞིག་གི་ལག་ལེན་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམིགས་བསལ་གྱི་བྱ་སྤྱོད་ལ་ཉེས་པ་གཏན་འཁེལ་བྱེད་པའི་བྱ་ཐབས་དེ་ཕྱོགས་བསྡུས་རང་བཞིན་གྱི་འཇིགས་སྐུལ་རིང་ལུགས་ཀྱི་མཚན་ཉིད་ཅིག་བཟོ་བ་ལས་ཕན་ནུས་ལྡན་པ་སྔར་བས་ར་སྤྲོད་བྱུང་ཡོད”མོད། འོན་ཀྱང་གཞུང་ལུགས་ཐོག་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་ཉེས་སྤྱོད་ཐ་སྙད་ལ་ཚད་ཆེ་ཤོས་ཀྱི་སྒོ་ནས་ངོས་འཛིན་བྱ་རྒྱུ་ནི་སྔར་བཞིན་དགོས་ངེས་ཤིག་ཡིན་པ་མ་ཟད། རྒྱང་ལྟའི་རང་བཞིན་གྱི་དོན་སྙིང་ཡང་ལྡན།
རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་ཉེས་སྤྱོད་ཚང་མར་འཇིགས་སྐུལ་རིང་ལུགས་ཀྱི་ཆབ་སྲིད་རང་བཞིན་གྱི་ཁྱད་ཆོས་ལྡན། ཆབ་སྲིད་རང་བཞིན་གྱི་ཁྱད་ཆོས་ནི་འཇིགས་སྐུལ་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན། “འཇིགས་སྐུལ་རིང་ལུགས་ཀྱི་མཚན་ཉིད་ཚང་མར་ཆབ་སྲིད་ཀྱི་དགྲར་འཛིན་དང་། ཆབ་སྲིད་ཀྱི་གཏུམ་སྤྱོད། དབང་ཆ། ཉེས་གསོག་བཅས་འདུས་ཡོད། འཇིགས་སྐུལ་རིང་ལུགས་ནི་ཉེས་གསོག་ཞིག་ཡིན་མོད། འོན་ཀྱང་སྤྱིར་བཏང་གི་ཉེས་གསོག་དང་མི་འདྲ་བས། དེ་ནི་ཆབ་སྲིད་ཀྱི་ཉེས་གསོག་བྱ་སྤྱོད་ཅིག་ཏུ་བརྩིས་ཆོག” སྨྱུག་འཛིན་པས་དེའི་ཆབ་སྲིད་རང་བཞིན་གྱི་ཁྱད་ཆོས་ནི་དེའི་དམིགས་ཡུལ་ལ་གཞིགས་ནས་བཤད་པ་ཡིན་པས། ང་ཚོས་འཇིགས་སྐུལ་བྱེད་སྤྱོད་ཀྱི་དམིགས་ཡུལ་གྱི“རིམ་པ”ལ་དབྱེ་ཞིབ་བྱས་ནས་ཁྱད་ཆོས་འདི་རྒྱས་བཤད་བྱས་ཆོག