དེ་ནི་ཧྥུ་ལེ་ཏེ་སའེ་པོ་ཐེ་དང་། ཞི་ཨའོ་ཏུའོ་པི་ཏེ་སེན། ཝེར་པོའོ་ཧྲི་ལ་མུའུ་བཅས་ཀྱིས《ཚགས་པར་དང་ཚགས་པར་གྱི་གཞུང་ལུགས་རིགས་བཞི》ཞེས་པའི་ནང་བཏོན་པ་རེད། རང་མོས་རིང་ལུགས་ཀྱི་གཞུང་ལུགས་དང་། སྤྱི་ཚོགས་འགན་འཁྲིའི་གཞུང་ལུགས་། སུའུ་ལེན་གྱི་གུང་ཁྲན་རིང་ལུགས་ཀྱི་གཞུང་ལུགས་བཅས་དང་མཉམ་དུ་ཚགས་པར་དང་དུས་དེབ་ཀྱི་གཞུང་ལུགས་རིགས་བཞི་ཟེར། དེ་ནི་ཆེས་གནའ་བོ་དང་ཆེས་ཡོངས་ཁྱབ་རང་བཞིན་གྱི་གསར་འགྱུར་སྨྱན་སྦྱོར་ལམ་ལུགས་ཀྱི་གཞུང་ལུགས་ཤིག་ཡིན། “ཆེས་གནའ་བོའི”གནད་འདིར་སའེ་པོ་ཐེ་ཡིས“དེ་ནི་པར་འདེབས་ལག་རྩལ་གསར་གཏོད་བྱས་ནས་ཡུན་རིང་མ་སོང་རྗེས་རིག་རྩལ་བསྐྱར་དར་དུས་མཇུག་གི་དབང་སྡེམ་རིང་ལུགས་ཀྱི་ལམ་ལུགས་འོག་གི་ཐོན་དངོས་ཡིན”ཞེས་བསྟན་ཡོད། “ཡོངས་ཁྱབ་རང་བཞིན་ཆེ་ཤོས”ཞེས་པའི་གནད་འདིར་ཁོང་ཚོས་དེ་ནི་ཚགས་པར་དང་དུས་དེབ། སྤྱི་ཚོགས་བར་གྱི་འབྲེལ་བའམ་སྲིད་གཞུང་བར་གྱི་འབྲེལ་བའི་གཞུང་ལུགས་བཞིའི་ནང་དུ་ལོ་རྒྱུས་དང་ས་ཁམས་ཀྱི་ཐོག་ནས་བཤད་ན་དབང་བསྡུས་རིང་ལུགས་ཀྱི་གཞུང་ལུགས་ནི་ཆེས་ཡོངས་ཁྱབ་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད། སྤྱི་ཚོགས་དང་ལག་རྩལ་འཕེལ་རྒྱས་གང་ལེགས་བྱུང་ནས་ད་ལྟ་ང་ཚོར་མང་ཚོགས་ཁྱབ་སྤེལ་སྨྱན་སྦྱོར་ཟེར་བ་དེ་ཐོན་ཐུབ་པའི་སྐབས་སུ་གཞུང་ལུགས་འདི་རྒྱལ་ཁབ་མང་པོ་ཞིག་གིས་རང་འགུལ་ངང་དང་ལེན་བྱས་པ་དང་། དེང་རབས་ཀྱི་སྤྱི་ཚོགས་མང་པོ་ཞིག་གི་ནང་དུ་དེས་ཚགས་པར་དང་དུས་དེབ་ལམ་ལུགས་ཀྱི་རྨང་གཞི་བཏིང་ཡོད།
གཅིག མི་ནི་སྤྱི་ཚོགས་ཀྱི་ཁོངས་མི་ཞིག་ཡིན་པའི་སྐབས་སུ། ད་གཟོད་དེའི་མི་མངོན་པའི་སྟོབས་ཤུགས་ཡོད་ཚད་འདོན་སྤེལ་བྱེད་ཐུབ། མི་སྒེར་ཁོ་ན་ཡིན་པས་ཚད་ཡོད་པ་རེད།
གཉིས། ཐུན་མོང་རྩ་འཛུགས་ཀྱི་རྣམ་པ་མཐོ་ཤོས་ཏེ། རྒྱལ་ཁབ་ཀྱིས་རིན་ཐང་ཚད་གཞིའི་ཐོག་ནས་མི་སྒེར་གྱི་ཚབ་བྱས་ཡོད། མི་སྒེར་རྒྱལ་ཁབ་ཀྱི་གཅིག་གྱུར་ཚོད་འཛིན་འོག་ཏུ་བཞག་ན། ད་གཟོད་ཁོའི་དམིགས་ཡུལ་འགྲུབ་ཐུབ་པ་མ་ཟད། རང་ཉིད་ཤེས་རིག་ལྡན་པའི་མི་ཞིག་ཏུ་འགྱུར་ཐུབ། དེར་བརྟེན། རྒྱལ་ཁབ་ནི་མིའི་རིགས་འཕེལ་རྒྱས་གང་ལེགས་ཡོང་བའི་གཞི་རྩའི་རྒྱུ་རྐྱེན་གཙོ་བོ་ཡིན།
གསུམ། བདེན་དོན་ནི་ལྷ་ཡིས་བསྟན་པ་ལས་བྱུང་བ་དང་། གཙོ་འཛིན་གྱི་ལེགས་པའི་ནུས་པ་ལས་བྱུང་བ་ཡིན། དེ་ལྟར་བྱས་ན། བདེན་དོན་ནི་ཚོད་འཛིན་རང་བཞིན་ལྡན་པ་ཞིག་ཡིན་པ་སྟེ། མི་ཚང་མར་ཐོབ་ཐུབ་པ་མ་ཡིན་པར། བདེན་དོན་ནི་ཚད་གཞི་ཞིག་ཏུ་གྱུར་ཡོད་པས། སྤྱི་ཚོགས་ཀྱི་ཁོངས་མིས་ངེས་པར་དུ་བརྩི་སྲུང་བྱེད་དགོས། དེར་བརྟེན། དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ནུས་པ་ཞིག་ནི་སྤྱི་ཚོགས་ཀྱི་ཁོངས་མིའི་བསམ་བློ་དང་བྱ་སྤྱོད་ཐད་ཀྱི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དང་དུས་མཚུངས་སུ་རང་ཉིད་ཀྱི་མགོ་ཁྲིད་དབང་ཆ་ནམ་ཡང་འགྱུར་བ་མེད་པ་སྲུང་སྐྱོང་བྱ་རྒྱུ་དེ་རེད།
སྨྱན་སྦྱོར་གྱིས་ནམ་ཡང་རྒྱལ་ཁབ་བམ་ཡང་ན་རྒྱལ་པོའམ་ཡང་ན་མངོན་ལྐོག་གང་རུང་ནས་ཚོད་འཛིན་བྱེད་པ་ལ་བསྟུན་དགོས། གསར་འགྱུར་སྨྱན་སྦྱོར་གྱིས་རྒྱལ་པོ་ལ་འགྲན་སློང་དང་སྐྱོན་བརྗོད་བྱས་མི་ཆོག སྨྱན་སྦྱོར་གྱིས་ལག་བསྟར་བྱེད་པ་ནི་གོང་ནས་འོག་ཏུ་དོ་དམ་བྱེད་པ་སྟེ། རྒྱལ་ཁབ་བམ་ཡང་ན་དབང་སྒྱུར་པས་སྨྱན་སྦྱོར་གྱི་ནང་དོན་ཐག་གཅོད་བྱེད་དགོས།
གཏམ་བརྗོད་སྣ་མང་རང་བཞིན་དང་བསམ་བློ་སྣ་མང་ཅན་ལ་ངོ་རྒོལ་བྱེད་པ་སྟེ། དབང་ཆ་གཅིག་སྡུད་རིང་ལུགས་པའི་ངོས་ནས་བཤད་ན། ལྟ་བའི་སྣ་མང་རང་བཞིན་ལ་ཕན་ཐོགས་ཅི་ཡང་མེད་པ་མ་ཟད། འགན་འཁྲི་ཡང་མེད་པ་ཞིག་རེད། ཆབ་སྲིད་ཐོག་གི་མཐོང་ཆུང་གིས་མི་རྣམས་ཁོང་ཁྲོ་བསླངས་པ་མ་ཟད། རྒྱུན་དུ་མགོ་རྟིང་སློག་པའི་རང་བཞིན་ལྡན་པས། དེ་ནི་དབང་ཆ་གཅིག་སྡུད་རིང་ལུགས་པས་ད་ལྟའི་གནས་ཚུལ་རྒྱུན་འཁྱོངས་བྱེད་པར་ཕན་པ་མངོན་གསལ་ཡོད། དབང་ཆ་གཅིག་སྡུད་རིང་ལུགས་པས་ངོས་འཛིན་ལྟར་ན། གཅིག་མཐུན་དང་གཅིག་གྱུར་ནི་ད་གཟོད་གསར་འགྱུར་སྨྱན་སྦྱོར་གྱི་གཏན་ཚིགས་དང་མཐུན་པ་དང་གནས་ལུགས་དང་ལུགས་མཐུན་གྱི་དམིགས་འབེན་ཡིན།