ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་དོ་དམ་བྱེད་ཐབས།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2024-04-16 08:35ལ་འགྲུབ།

ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་དོ་དམ་བྱེད་ཐབས།

ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་དོ་དམ་བྱེད་ཐབས།
《ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་དོ་དམ་བྱེད་ཐབས》ནི་སྤྱི་ལོ2022ལོའི་ཟླ11པའི་ཚེས3ཉིན་ཞིང་ལས་དང་གྲོང་གསེབ་པུའུ་ཡི་རྒྱུན་ལས་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྤྱི་ལོ2023ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
农业综合行政执法管理办法
ཁྱབ་བསྒྲགས་དུས་ཚོད།
སྤྱི་ལོ2022ལོའི་ཟླ3པའི་ཚེས31ཉིན།
ལག་བསྟར་དུས་ཚོད།
སྤྱི་ལོ2023ལོའི་ཟླ1པོའི་ཚེས1ཉིན།
ཁྱབ་བསྒྲགས་ལས་ཁུངས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞིང་ལས་དང་གྲོང་གསེབ་པུའུ།
1 བྱེད་ཐབས་ཆ་ཚང་།

ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་དོ་དམ་བྱེད་ཐབས།

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་དང་ཁྲིམས་བསྟར་མི་སྣར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ཀྱི་སྲིད་འཛིན་ཁྲིམས་བསྟར་བྱ་སྤྱོད་ཚད་ལྡན་དུ་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ཞིང་། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱེད་ཐབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་བ་དང་འབྲེལ་ཡོད་བྱེད་སྒོ་སྤེལ་བར་བྱེད་ཐབས་འདི་སྤྱད་ཆོག

དོན་ཚན་གསུམ་པ། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་བས་ཁྲིམས་མཐུན་སྲིད་འཛིན་དང་། ལུགས་མཐུན་སྲིད་འཛིན། ཁ་བཤད་དོན་ལ་གནས་པ། གོ་རིམ་ཚུལ་དང་མཐུན་པ། ལས་ཆོད་ཆེ་བ། མི་དམངས་ལ་སྟབས་བདེ་སྐྲུན་པ། འགན་དབང་གཅིག་གྱུར་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱེད་དགོས།

དོན་ཚན་བཞི་པ། ཞིང་ལས་གྲོང་གསེབ་པུའུ་ཡིས་རྒྱལ་ཡོངས་ཀྱི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བྱེད་འགན་འཁུར་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་རང་ཁོངས་ས་ཁུལ་གྱི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་བའི་འགན་འཁུར་རྒྱུ།

དོན་ཚན་ལྔ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་དང་། ལས་རིགས་དོ་དམ་དང་ལག་རྩལ་འདེགས་སྐྱོར་ལས་ཁུངས་ཀྱི་འགན་འཁྲི་ལས་བགོས་ཁ་གསལ་བཟོ་བ་དང་། ཁུངས་སྣེ་ཐག་གཅོད་དང་ཆ་འཕྲིན་མཉམ་སྤྱོད། ལྟ་སྐུལ་ཟུར་བཤེར། ཞིབ་བཤེར་དང་རྡུང་རྡེག་མཉམ་འགུལ་སོགས་ཀྱི་མཉམ་ལས་གཞོགས་འདེགས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁྲིམས་བསྟར་གྱི་འགྲིལ་ཤུགས་ཆགས་པར་བྱེད་དགོས།

དོན་ཚན་དྲུག་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ས་ཁོངས་ལས་བརྒལ་བའི་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། སྲིད་འཛིན་ཁྲིམས་བསྟར་སྡེ་ཁག་དང་ཁྲིམས་འཛིན་ལས་ཁུངས་གཞན་དག་དང་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས།

དོན་ཚན་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ཞིང་ལས་ཀྱི་སྲིད་འཛིན་ཁྲིམས་བསྟར་བྱ་བའི་ཁྲོད་ཀྱི་མཚོན་ཚུལ་མངོན་གསལ་དོད་པ་དང་། གྲུབ་འབྲས་མངོན་གསལ་བཞག་པའམ་བྱས་རྗེས་མངོན་གསལ་དོད་པོ་བཞག་པའི་ཁྲིམས་བསྟར་ལས་ཁུངས་དང་ཁྲིམས་བསྟར་མི་སྣར་རྒྱལ་ཁབ་དང་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

དོན་ཚན་བརྒྱད་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་དང་དེའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

ལེའུ་གཉིས་པ། ཁྲིམས་བསྟར་ལས་ཁུངས་དང་མི་སྣ་དོ་དམ་བྱེད་ཕྱོགས་སྐོར།

དོན་ཚན་དགུ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་བཙུགས་པའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་ཞིང་ལས་ཀྱི་སྲིད་འཛིན་ཆད་གཅོད་དང་། དེ་བཞིན་སྲིད་འཛིན་ཆད་གཅོད་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་དང་སྲིད་འཛིན་བཙན་ཤེད་ཀྱི་འགན་ནུས་གཅིག་བསྡུས་ཀྱིས་སྤྱོད་འགན་འཁུར་རྒྱུ་མ་ཟད། ལག་བསྟར་བྱེད་པ་དང་། ཞིང་ལས་དང་གྲོང་གསེབ་སྡེ་ཁག་གི་མིང་ཐོག་ནས་ཁྲིམས་བསྟར་གཅིག་གྱུར་བྱ་རྒྱུ།

དོན་ཚན་བཅུ་པ། ཞིང་ཆེན་རིམ་པའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་ནང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་གཙོ་གཉེར་སྡེ་ཁག་དང་དེའི་ཁོངས་གཏོགས་སྡེ་ཚན་གྱིས་འཁུར་བའི་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་གྱི་འགན་འཁྲི་འཁུར་རྒྱུ་དང་། ཤུགས་རྐྱེན་ཆེན་པོ་ལྡན་པའི་ས་ཁོངས་ལས་བརྒལ་བའི་རྙོག་འཛིང་ཆེ་བའི་ཁྲིམས་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་འགན་འཁུར་རྒྱུ། ཁོངས་གཏོགས་ཁུལ་ནང་གི་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་བྱ་བར་ལྟ་སྐུལ་ཁྲིད་སྟོན་དང་མཐུན་སྦྱོར་བྱ་རྒྱུ་བཅས་ཁ་གསལ་བཏོན་ཡོད།

གྲོང་ཁྱེར་རིམ་པའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྒྲིག་གཞིས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་གཏན་འབེབས་ནང་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་གཙོ་གཉེར་སྡེ་ཚན་དང་དེའི་ཁོངས་གཏོགས་ཚན་པས་འགན་འཁུར་བའི་ཞིང་ལས་སྲིད་འཛིན་ཁྲིམས་འཛིན་གྱི་འགན་འཁྲི་འཁུར་དགོས་པ་དང་། ཤུགས་རྐྱེན་ཅུང་ཆེ་བའི་ས་ཁོངས་ལས་བརྒལ་བའི་རྙོག་འཛིང་ཆེ་བའི་ཁྲིམས་འགལ་གྱོད་གཞི་དང་དེ་བཞིན་ཐད་ཀར་དོ་དམ་བྱེད་པའི་གྲོང་ཁྱེར་ཁོངས་གཏོགས་ཁུལ་གྱི་སྤྱིར་བཏང་གི་ཞིང་ལས་ཁྲིམས་འགལ་གྱོད་གཞིར་ཞིབ་བཤེར་ཐག་གཅོད་བྱེད་འགན་འཁུར་དགོས་ལ། ཁོངས་གཏོགས་ཁུལ་ནང་གི་ཞིང་ལས་སྲིད་འཛིན་ཁྲིམས་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་དགོས།

རྫོང་རིམ་པའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་གཞིས་ཁོངས་གཏོགས་ཁུལ་ནང་གི་རྒྱུན་གཏན་གྱི་ཁྲིམས་བསྟར་ཞིབ་བཤེར་དང་། སྤྱིར་བཏང་གི་ཞིང་ལས་ཁྲིམས་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་ལས་དོན་གཅིག་གྱུར་ལག་བསྟར་བྱེད་པའི་འགན་འཁུར་དགོས།

དོན་ཚན་བཅུ་གཅིག་པ། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་ཁྲིམས་བསྟར་གྱོད་སྒྲུབ་ཀྱི་མཛུབ་སྟོན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཁྱབ་ཁོངས་དབྱེ་ནས་ཁྲིམས་བསྟར་གྱོད་སྒྲུབ་འཇོན་ཐང་ཅན་འདེམས་སྒྲུག་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་ཆེད་མཁས་མཛོད་འཛུགས་དགོས།

གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་གྲོང་གསེབ་གཙོ་གཉེར་སྡེ་ཁག་གིས་ཁོངས་གཏོགས་ཁུལ་གྱི་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་རྐང་འཛིན་པ་བདམས་ནས་ཁྲིམས་བསྟར་གྱོད་སྒྲུབ་མཛུབ་སྟོན་ཚོ་ཆུང་བཙུགས་ཏེ། གཞི་རིམ་གྱི་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་བྱ་བར་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས།

དོན་ཚན་བཅུ་གཉིས་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་། སྲང་ལམ་དོན་གཅོད་ཁང་དང་ཁྲིམས་བསྟར་མཉམ་སྒྲུབ་ལམ་སྲོལ་བཙུགས་ཏེ། ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་། སྲང་ལམ་དོན་གཅོད་ཁང་གི་ཁྲིམས་བསྟར་ལས་ཁུངས་ཀྱིས་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ལ་རམ་འདེགས་བྱས་ཏེ་རྒྱུན་ལྡན་གྱི་སྐོར་ཞིབ་དང་། ཞུ་གཏུག་ཐེར་འདོན་བདག་སྤྲོད། བརྟག་དཔྱད་དཔང་ལེན་སོགས་ཀྱི་བྱ་བ་སྤེལ་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས།

རྫོང་རིམ་པའི་ཞིང་ལས་སྲིད་འཛིན་ཆད་གཅོད་དབང་ཆ་ཁྲིམས་ལྟར་ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་། སྲང་ལམ་དོན་གཅོད་ཁང་ལ་སྤྲད་དེ་སྤྱོད་དུ་བཅུག་ན། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་། སྲང་ལམ་དོན་གཅོད་ཁང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་གཞིའི་ལས་སྒོར་མཛུབ་སྟོན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་ལས་ལག་རྩལ་དང་ལས་སྒོ་གསོ་སྦྱོང་སོགས་ཐད་ཀྱི་རྒྱབ་སྐྱོར་དང་འགན་སྲུང་འདོན་སྤྲོད་བྱེད་དགོས།

དོན་ཚན་བཅུ་གསུམ་པ། གོང་རིམ་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་དང་དེའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་བྱ་བའི་དགོས་མཁོར་གཞིགས་ནས་འོག་རིམ་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གི་མོས་མཐུན་ཐོབ་རྗེས། གོ་རིམ་ལྟར་འོག་རིམ་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་གཞིའི་མི་སྣ་སྤྱད་དེ་བརྟག་དཔྱད་དང་དཔང་རྟགས་ལེན་པ་སོགས་ཁྲིམས་བསྟར་བྱ་བ་བྱེད་དུ་བཅུག་ཆོག

སྲིད་འཛིན་ཁྲིམས་བསྟར་ལག་ཁྱེར་ཡོད་པའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མི་སྣས་ཁྲིམས་བསྟར་མཉམ་སྒྲུབ་བྱ་བའི་དགོས་མཁོ་ལྟར་སྡེ་ཁག་དང་། ས་ཁོངས། རིམ་པ་བཅས་ལས་བརྒལ་བའི་སྲིད་འཛིན་ཁྲིམས་བསྟར་བྱེད་སྒོར་ཞུགས་ཆོག

དོན་ཚན་བཅུ་བཞི་པ། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མི་སྣར་ལས་གནས་གསོ་སྦྱོང་བྱེད་དགོས་པ་དང་། རྒྱུགས་འཕྲོད་དགོས་པ་མ་ཟད། སྲིད་འཛིན་ཁྲིམས་བསྟར་ལག་ཁྱེར་ཡང་ཐོབ་རྗེས་གཞི་ནས་སྲིད་འཛིན་ཁྲིམས་བསྟར་གྱི་བྱ་བ་བྱས་ཆོག

ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་གཞིས་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མི་སྣ་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་རྒྱུགས་ལེན་ནང་ཞུགས་ནས་བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་ཐོབ་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

དོན་ཚན་བཅོ་ལྔ་པ། ཞིང་ལས་གྲོང་གསེབ་པུའུ་ཡིས་རྒྱལ་ཡོངས་ཀྱི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མི་སྣའི་གསོ་སྦྱོང་རྩ་གནད་བཟོ་འགན་འཁུར་རྒྱུ་དང་། ཁྲིམས་བསྟར་གསོ་སྦྱོང་གི་སློབ་དེབ་རྩོམ་སྒྲིག་དང་གཅིག་གྱུར་རྩོམ་སྒྲིག་བྱ་རྒྱུ། ས་གནས་ཀྱི་ཁྲིམས་བསྟར་རྐང་འཛིན་པ་དང་དགེ་རྒན་གསོ་སྦྱོང་བྱ་རྒྱུའི་སྒྲིག་འཛུགས་བྱ་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་གསོ་སྐྱོང་སྦྱོང་བརྡར་གྱི་འཆར་གཞི་གཏན་འབེབས་བྱས་ཏེ། རང་ཁོངས་ས་ཁུལ་ནང་གི་ཁྲིམས་འཛིན་མི་སྣ་གསོ་སྦྱོང་བྱེད་པའི་སྒྲིག་འཛུགས་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་གྱི་དངོས་སྦྱོང་རྟེན་གཞི་དང་ལས་ཡུལ་དངོས་ཀྱི་སློབ་ཁྲིད་རྟེན་གཞི་འཛུགས་པར་སྐུལ་མ་བྱེད་དགོས།

ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མི་སྣས་ལོ་ལྟར་སློབ་སྦྱོང་བྱེད་ཐེངས60ལས་མི་ཉུང་བའི་སྤྱི་བའི་བཅའ་ཁྲིམས་ཤེས་བྱ་དང་། ལས་སྒོའི་བཅའ་ཁྲིམས་ཤེས་བྱ། ཁྲིམས་འཛིན་རྩལ་ནུས་གསོ་སྦྱོང་བཅས་དང་ལེན་བྱེད་དགོས།

དོན་ཚན་བཅུ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ལྟར་ཁྲིམས་བསྟར་དམག་སྦྱོང་དང་དྲག་རྩལ་འགྲན་བསྡུར་བྱེད་སྒོ་སྤེལ་ནས་ལས་སྒོའི་ཆུ་ཚད་མཐོ་བ་དང་། ཕྱོགས་བསྡུས་བྱང་ཚད་མཐོ་བའི་ཁྲིམས་བསྟར་གྱོད་སྒྲུབ་འཇོན་ཐང་ཅན་འདེམས་སྒྲུག་དང་གསོ་སྐྱོང་བྱེད་དགོས།

དོན་ཚན་བཅུ་བདུན་པ། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་གཞིས་ཁྲིམས་འཛིན་མི་སྣས་དུས་བཀག་ལྟར་ལས་གནས་བརྗེ་རེས་བྱེད་པའི་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱས་ཏེ། ཀུན་མཁས་ཟུང་འབྲེལ་དང་གཅིག་མཁས་མང་འཇོན་ཐུབ་པའི་ཁྲིམས་བསྟར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་བྱ་བའི་དགོས་མཁོར་གཞིགས་ནས་གཏན་འབེབས་ཀྱི་གོ་རིམ་དང་དབང་ཚད་ལྟར་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་གཞིར་སྲིད་འཛིན་ཁྲིམས་བསྟར་གཞོགས་འདེགས་མི་སྣ་བཀོད་སྒྲིག་བྱས་ཆོག

སྲིད་འཛིན་ཁྲིམས་བསྟར་རམ་འདེགས་མི་སྣས་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་དང་ཁྲིམས་བསྟར་མི་སྣའི་མཛུབ་སྟོན་དང་ལྟ་སྐུལ་འོག་སྲིད་འཛིན་ཁྲིམས་བསྟར་གྱི་རམ་འདེགས་རང་བཞིན་གྱི་བྱ་བ་སྤེལ་དགོས། གཞོགས་འདེགས་མི་སྣས་རང་ཚུགས་ཀྱིས་ཁྲིམས་འཛིན་བྱ་རྒྱུ་གཏན་འགོག་བྱེད་དགོས།

ལེའུ་གསུམ་པ། ཁྲིམས་བསྟར་བྱ་སྤྱོད་ཚད་གཞིའི་སྐོར།

དོན་ཚན་བཅུ་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་གཉེར་སྡེ་ཁག་གིས་སྲིད་འཛིན་ཆད་གཅོད་དང་འབྲེལ་ཡོད་ཁྲིམས་བསྟར་བྱེད་སྒོ་ལག་བསྟར་བྱེད་སྐབས། དོན་དངོས་ཁ་གསལ་དང་། དཔང་རྟགས་ཁུངས་བཙན་པ། གོ་རིམ་ཁྲིམས་མཐུན། ངོ་བོ་གཏན་འཁེལ་ཡང་དག་ཡིན་པ། བཅའ་ཁྲིམས་སྤྱད་པ་ཡང་དག་ཡིན་པ། གཅོད་འཇལ་ལུགས་མཐུན་ཡིན་པ། ཡིག་རིགས་ཚད་ལྡན་ཡིན་པ་བཅས་བྱེད་དགོས།

ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མི་སྣས་ཁྲིམས་བཀོད་དབང་ཚད་ལྟར་སྲིད་འཛིན་ཁྲིམས་བསྟར་གྱི་འགན་འཁྲི་བསྒྲུབས་ཏེ། གཟབ་ནན་དང་ཚད་ལྡན་དྲང་གཞག་ཚུལ་མཐུན་བཅས་ཀྱི་སྒོ་ནས་ཁྲིམས་བསྟར་བྱེད་དགོས་པ་ལས། ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ་དང་། འགན་དབང་ལས་བརྒལ་བ། འགན་དབང་གང་བྱུང་དུ་སྤྱོད་པ་བཅས་བྱས་མི་ཆོག

དོན་ཚན་ཉི་ཤུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་སྡེ་ཁག་དེ་གའམ་རིམ་པ་དེ་གའི་སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་དང་། ཡོངས་བསྒྲགས་ལེ་ཚན། ཁྲིམས་བསྟར་ཞབས་ཞུའི་སྐར་ཁུང་སོགས་ལས་སྟེགས་བརྒྱུད་དེ་སྤྱི་ཚོགས་ལ་སྲིད་འཛིན་ཁྲིམས་བསྟར་མི་སྣ་དང་། འགན་འཁྲི། གཞི་འཛིན་ས། ཁྱབ་ཁོངས། དབང་ཚད། གོ་རིམ་སོགས་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་གྱི་གཞི་རྩའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ལས་ཁུངས་ཀྱི་འགན་ནུས་དང་ཁྲིམས་བསྟར་མི་སྣ་སོགས་འགྱུར་ལྡོག་བྱུང་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་འགུལ་རྣམ་ལེགས་སྒྲིག་བྱེད་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་དང་། ཞིང་ལས་རྒྱུ་ཆའི་སྤུས་ཚད། རྨོ་ཞིང་གི་སྤུས་ཚད། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་སྔོན་འགོག་ཚོད་འཛིན། ཞིང་ལས་འཕྲུལ་ཆས། ཞིང་ལས་ཐོན་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རྩི་ཤིང་གི་སོན་རིགས་གསར་པའི་དབང་ཆ་སྲུང་སྐྱོང་སོགས་སྤྱི་ཚོགས་ལ་ཤུགས་རྐྱེན་ངེས་ཅན་ལྡན་པའི་སྲིད་འཛིན་ཆད་གཅོད་ཆོད་དོན་ཁྲིམས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

དོན་ཚན་ཉེར་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་གཉེར་སྡེ་ཁག་གིས་ཡི་གེ་དང་སྒྲ་བརྙན་སོགས་ཀྱི་རྣམ་པའི་ཐོག་ནས་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་བྱེད་འགོ་ཚུགས་པ་དང་། བརྟག་དཔྱད་དཔང་ལེན་བྱེད་པ། ཞིབ་བཤེར་གཏན་འབེབས། སྐྱེལ་སྤྲོད་ལག་བསྟར་སོགས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཐོ་འགོད་བྱས་ཏེ། ཕྱོགས་ཡོངས་ནས་མ་ལག་ཚང་བའི་ཡིག་ཚགས་སུ་ཉར་ཚགས་བྱས་ཏེ་ཁྲིམས་བསྟར་གྱི་བརྒྱུད་རིམ་ཧྲིལ་བོར་རྗེས་ཤུལ་འཇོག་པ་དང་ཕྱིར་དྲན་ཆོག་པའི་དོ་དམ་བྱེད་ཐུབ་པ་བྱེད་དགོས།

རྒྱུ་ནོར་ལ་སྒོ་ཐེལ་རྒྱག་པ་དང་བཀག་ཉར་བྱེད་པ་དང་། ཁྲིམས་འགལ་དངོས་རྫས་ཀྱི་ཐོན་རྫས་གཞུང་བཞེས་དང་མེད་པར་བཟོ་བ་སོགས་རྒྱུ་ནོར་གྱི་ཁེ་དབང་གལ་ཆེན་དང་ཐད་ཀར་འབྲེལ་བ་ཡོད་པའི་ས་གནས་ས་ཐོག་གི་ཁྲིམས་བསྟར་བྱེད་སྒོ་དང་བརྟག་དཔྱད་དཔང་ལེན། དཔང་ཉན་བྱེད་སྒོ་སྤེལ་བ། ཉར་འཇོག་སྐྱེལ་སྤྲོད་དང་སྤྱི་བསྒྲགས་སྐྱེལ་སྤྲོད་སོགས་རྩོད་གཞི་འབྱུང་སླ་བའི་སྲིད་འཛིན་ཁྲིམས་བསྟར་གྱི་བརྒྱུད་རིམ་ལ་གོ་རིམ་ཧྲིལ་བོའི་སྒྲ་ཕབ་ཟིན་ཐོ་འགོད་དགོས།

ཞིང་ལས་སྲིད་འཛིན་ཁྲིམས་བསྟར་གྱིས་བཟོས་པའི་བཅའ་ཁྲིམས་ཀྱི་ཡིག་ཆ་དང་སྒྲ་བརྙན་སོགས་ཟིན་ཐོའི་དཔྱད་ཡིག་དག་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཡིག་ཚགས་དོ་དམ་གྱི་གཏན་འབེབས་ལྟར་ཡིག་ཚགས་སུ་བཅུག་ནས་ཉར་ཚགས་བྱེད་དགོས།

དོན་ཚན་ཉེར་གཉིས་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་གཉེར་སྡེ་ཁག་གིས་སྤྱི་བའི་ཁེ་ཕན་གལ་ཆེན་དང་འབྲེལ་བ་ཡོད་པས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་བཟོ་སྲིད་པའམ་ཡང་ན་སྤྱི་ཚོགས་ཀྱི་ཉེན་ཁ་སློང་སྲིད་པ་དང་། གྱོད་གཞིའི་གནས་ཚུལ་དཀའ་གནད་རྙོག་འཛིང་ཆེ་བ། བཅའ་ཁྲིམས་ཀྱི་འབྲེལ་བ་མང་པོ་དང་འབྲེལ་བ་ཡོད་པ་སོགས་ཁྲིམས་བསྟར་གྱི་ཆོད་དོན་གལ་ཆེན་མ་བཞག་གོང་། ཁྲིམས་ལྟར་ཁྲིམས་ལུགས་ཀྱི་ཞིབ་བཤེར་གོ་རིམ་ལག་བསྟར་བྱེད་དགོས། ཁྲིམས་ལུགས་ཀྱི་ཞིབ་བཤེར་གཏན་འབེབས་མ་བྱས་པའམ་ཡང་ན་ཞིབ་བཤེར་གཏན་འབེབས་བྱས་ཀྱང་གྲོས་འཆམ་མ་བྱུང་བའི་རིགས་ལ་ཆོད་དོན་བཞག་མི་ཆོག

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་སྡེ་ཁག་དེ་གའི་སྲིད་འཛིན་ཁྲིམས་བསྟར་བྱ་སྤྱོད་ཀྱི་རིགས་དང་། ཁྲིམས་བསྟར་རིམ་པ། ཁོངས་གཏོགས་ཁྱབ་ཁོངས། གྱོད་འབྲེལ་དངུལ་གྲངས་སོགས་དང་ཟུང་འབྲེལ་བྱས་ཏེ། སྡེ་ཁག་དེ་གའི་ཁྲིམས་བསྟར་ཆོད་དོན་གལ་ཆེན་གྱི་ཁྲིམས་ལུགས་ཞིབ་བཤེར་དཀར་ཆག་གི་གསལ་ཐོ་བཟོ་དགོས།

དོན་ཚན་ཉེར་གསུམ་པ། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་ཡིག་ཆ་བཟོ་སྐབས། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་གཏན་འབེབས་བྱས་པའི་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་ཡིག་རིགས་བཟོ་བའི་ཚད་གཞི་དང་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་གྱི་གཞི་རྩའི་ཡིག་རིགས་ཀྱི་འབྲི་སྟངས་ལ་བརྩི་སྲུང་བྱེད་དགོས།

ཞིང་ལས་སྲིད་འཛིན་ཁྲིམས་བསྟར་ཡིག་ཆའི་ནང་དོན་དེ་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་གཏན་འབེབས་དང་མཐུན་དགོས་ཤིང་། རྣམ་གཞག་གཅིག་གྱུར་དང་། ནང་དོན་ཆ་ཚང་བ། ཞིབ་གླེང་གསལ་བ། གཏན་ཚིགས་དམ་པ། ཐ་སྙད་ཚད་ལྡན་བཅས་ཡོང་བར་བྱེད་དགོས།

དོན་ཚན་ཉེར་བཞི་པ། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་རྒྱལ་ཡོངས་ཀྱི་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་གྱི་གཅོད་འཇལ་ཚད་གཞི་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བའི་དགོས་མཁོར་གཞིགས་ནས། ཞིང་ལས་སྲིད་འཛིན་ཆད་གཅོད་དོན་ཚན་དམིགས་བསལ་ལ་དམིགས་ནས་རང་མོས་གཅོད་འཇལ་དབང་ཆའི་གཞི་འཛིན་ས་གཏན་འབེབས་བྱས་ཆོག

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་དང་དེ་བཞིན་ཞིང་ལས་དང་གྲོང་གསེབ་པུའུ་ཡི་གཏན་འབེབས་གཞིར་བཟུང་སྟེ། ཁོངས་གཏོགས་དེ་གའི་ཞིང་ལས་སྲིད་འཛིན་ཆད་གཅོད་རང་མོས་གཅོད་འཇལ་དབང་ཆའི་ཚད་གཞི་གཏན་འབེབས་བྱས་ཏེ་གཅོད་འཇལ་ཚད་གཞི་དང་སྤྱད་འཐུས་ཆ་རྐྱེན་ཁ་གསལ་བཟོ་དགོས་པ་མ་ཟད། སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ཞིང་ལས་སྲིད་འཛིན་ཆད་གཅོད་ཀྱི་རང་མོས་གཅོད་འཇལ་དབང་ཆ་སྤྱོད་སྐབས། ཁྲིམས་འགལ་བྱ་སྤྱོད་ཀྱི་དོན་དངོས་དང་། ངོ་བོ། གནས་ཚུལ། སྤྱི་ཚོགས་ལ་གནོད་འཚེ་ཐེབས་ཚད་སོགས་ལ་གཞིགས་ནས་སྲིད་འཛིན་ཆད་གཅོད་ཀྱི་རིགས་དང་ཆད་གཅོད་ཀྱི་ཚད་ཡང་དག་སྤྱོད་དགོས།

དོན་ཚན་ཉེར་ལྔ་པ། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མི་སྣས་ཁྲིམས་བསྟར་ཞིབ་བཤེར་དང་། བརྟག་དཔྱད་དཔང་ལེན། བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་པ་དང་། བཙན་ཤེད་ཀྱིས་ལག་བསྟར་བྱེད་པ། ཁྲིམས་བསྟར་ཡིག་རིགས་སྐྱེལ་སྤྲོད་སོགས་ཁྲིམས་བསྟར་བྱེད་སྐབས་རང་འགུལ་ངང་ཁྲིམས་བསྟར་ལག་ཁྱེར་བསྟན་ནས་དོ་བདག་དང་འབྲེལ་ཡོད་མི་སྣར་ཐོབ་ཐང་གསལ་སྟོན་བྱེད་དགོས་པ་མ་ཟད། གཏན་འབེབས་ལྟར་ཁྲིམས་བསྟར་གྱོན་ཆས་གཅིག་གྱུར་དང་ཞིང་ལས་ཁྲིམས་བསྟར་མཚོན་རྟགས་འདོགས་དགོས་པའི་བླང་བྱ་འདོན་དགོས།

དོན་ཚན་ཉེར་དྲུག་པ། ཞིང་ལས་གྲོང་གསེབ་པུའུ་ཡིས་དུས་བཀག་ལྟར་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་གྱི་མཛུབ་སྟོན་རང་བཞིན་གྱི་གྱོད་དཔེ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཡོངས་ཀྱི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་གྱི་བཅའ་ཁྲིམས་སྤྱོད་སྟངས་ཚད་ལྡན་དང་གཅིག་གྱུར་བྱེད་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ཁོངས་གཏོགས་ཁུལ་གྱི་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་གྱི་དཔེ་མཚོན་གྱོད་གཞི་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ་ཉེན་བརྡ་གཏོང་བ་དང་ཟིལ་གནོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས།

དོན་ཚན་ཉེར་བདུན་པ། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་ཆད་པ་གཅོད་པ་དང་སློབ་གསོ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།“སུས་ཁྲིམས་བསྟར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བླང་བྱ་ལྟར། ཁྲིམས་སྐྱོང་དྲིལ་སྒྲོགསོ་སློབ་གསོ་དེ་ཁྲིམས་བསྟར་བྱ་བའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱ་དགོས།

རྫོང་རིམ་པའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མི་སྣས་ས་ཁུལ་འགན་གཙང་ལེན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གྲོང་གསེབ་ཀྱི་ཁྲིམས་སྦྱོང་ཁྲིམས་སྤྱོད་དཔེ་སྟོན་ཁྱིམ་དུད་དང་འབྲེལ་གཏུག་ལམ་སྲོལ་འཛུགས་དགོས།

དོན་ཚན་ཉེར་བརྒྱད་པ། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མི་སྣས་ཁྲིམས་ལྟར་ཁྲིམས་བཀོད་འགན་འཁྲི་སྒྲུབ་པར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞིང་། ཁྲིམས་བཀོད་ཀྱི་རྒྱུ་རྐྱེན་མེད་པ་དང་ཁྲིམས་བཀོད་ཀྱི་གོ་རིམ་མ་བརྒྱུད་ན་ཆད་པ་མི་གཅོད་པ། རྩ་འཛུགས་དང་མི་སྒེར་གང་ཞིག་ཡིན་རུང་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མི་སྣས་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་བཀག་འགོག་དང་འགོག་རྐྱེན་བཟོས་མི་ཆོག

ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མི་སྣས་བསམ་གཟས་པའམ་ཡང་ན་ལས་འཛོལ་ཚབས་ཆེན་ཤོར་བའི་དབང་གིས་སྲིད་འཛིན་ཁྲིམས་བསྟར་གྱི་འགན་འཁྲི་མི་སྒྲུབ་པའམ་ཡང་ན་ཁྲིམས་འགལ་གྱིས་ལག་བསྟར་བྱས་པའི་དབང་གིས་མཇུག་འབྲས་ངན་པ་བཟོས་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་པ་ཡིན་ན། ཁྲིམས་ལྟར་སྲིད་འཛིན་འགན་འཁྲི་འཁུར་དགོས།

དོན་ཚན་ཉེར་དགུ་པ། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་གཞི་དང་དེའི་ཁྲིམས་བསྟར་མི་སྣས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་བླང་བྱ་ལྟར་ཁྲིམས་བསྟར་ནན་མོ་བྱེད་དགོས་པ་དང་། གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་མོ་བྱེད་དགོས་པ་སྟེ།

(གཅིག)ཉེར་ཕྱོགས་ཁྲིམས་འགལ་དང་ཁྲིམས་འགལ་བར་འགེབས་སྲུང་བྱས་མི་ཆོག་པ་དང་།

(གཉིས)དབང་ཚད་ལས་བརྒལ་ནས་ཁྲིམས་བསྟར་དང་གོ་རིམ་ལས་འགལ་ཏེ་གྱོད་དོན་ཞིབ་གཅོད་བྱས་མི་ཆོག་པ།

(གསུམ)ཚོང་རའི་གྲུབ་ཆ་གཙོ་བོའི་རྒྱུན་ལྡན་གྱི་གཉེར་སྐྱོང་བྱེད་སྒོར་འགལ་རྐྱེན་བཟོས་མི་ཆོག

(བཞི)ལས་གནས་ཀྱི་སྟབས་བདེར་བརྟེན་ནས་རང་ཉིད་དང་གཉེན་ཉེར་ཁེ་ཕན་གཉེར་མི་ཆོག་པ།

(ལྔ)ཁྲིམས་བསྟར་གང་འདོད་དང་། ཡང་ལྕི་ཡང་དྲགས་པ། དངུལ་ཆད་ཀྱིས་ཚབ་ཉར་བཅས་བྱས་མི་ཆོག

(གསུམ)སྤྱོད་ཚུལ་རྩུབ་པོ་བྱེད་མི་རུང་།

ལེའུ་བཞི་པ། ཁྲིམས་བསྟར་ཆ་རྐྱེན་འགན་སྲུང་།

དོན་ཚན་སུམ་ཅུ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་བསྟར་གྲོན་དངུལ་ནོར་སྲིད་ཀྱི་འགན་སྲུང་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཞིང་ལས་སྲིད་འཛིན་ཁྲིམས་བསྟར་འཁོར་སྐྱོད་གྲོན་དངུལ་དང་། ཁྲིམས་བསྟར་སྒྲིག་ཆས་འཛུགས་སྐྲུན་གྲོན་དངུལ། ཁྲིམས་བསྟར་འཐེན་བཤེར་གྲོན་དངུལ། ཆད་གཅོད་གཞུང་བཞེས་དངོས་རྫས་ཉར་ཚགས་དང་ཐག་གཅོད་གྲོན་དངུལ་སོགས་སྡེ་ཁག་གི་སྔོན་རྩིས་ནང་བཅུག་སྟེ། ཁྲིམས་བསྟར་བྱ་བའི་དགོས་མཁོ་སྐོང་བར་ཁག་ཐེག་བྱེད་དགོས།

དོན་ཚན་སོ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་གཞི་གྲངས་ཆེན་པོ་དང་། སྤྲིན་རྩིས། མིས་བཟོས་རིག་ནུས་སོགས་ཆ་འཕྲིན་ལག་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་བསྟར་གཞི་གྲངས་གཅིག་བསྡུས་སྡེབ་སྒྲིག་དང་ཕན་ཚུན་སྦྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས།

ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་ད་ཡོད་ཀྱི་ཁྲིམས་བསྟར་ཆ་འཕྲིན་མ་ལག་དང་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ། ལག་ཐོག་ཁྲིམས་བསྟར་དང་སྒུལ་བདེའི་ཁྲིམས་བསྟར་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་སྟེ་ཁྲིམས་བསྟར་གོ་རིམ་དྲ་ཐོག་ནས་འཁོར་རྒྱུག་དང་། ཁྲིམས་བསྟར་བྱེད་སྒོ་དྲ་ཐོག་ནས་ལྟ་སྐུལ། ཁྲིམས་བསྟར་ཆ་འཕྲིན་དྲ་ཐོག་ནས་འདྲི་རྩད་བཅས་མངོན་འགྱུར་བྱེད་དགོས།

དོན་ཚན་སོ་གཉིས་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་བསྟར་བྱ་བའི་དགོས་མཁོ་ལྟར། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ལ་ཁྲིམས་བསྟར་གཞུང་ལས་ཁང་དང་འདྲི་རྩད་ཁང་། འདུམ་འགྲིག་ཁང་། ཁུངས་སྐྱེལ་དག་འབུད་ཁང་། དངོས་པོ་དང་དཔང་ཡིག་ཁང་། དངུལ་ཆད་རྩིས་ལེན་དང་བཀག་ཉར་དངོས་རྫས་མཛོད་ཁང་སོགས་ཁྲིམས་བསྟར་རམ་འདེགས་ཁང་པ་བཀོད་སྒྲིག་བྱེད་དགོས།

དོན་ཚན་སོ་གསུམ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ཏང་སྲིད་ལས་ཁུངས་ཀྱི་གཞུང་སྤྱོད་རླངས་འཁོར་དོ་དམ་བྱེད་ཐབས་དང་། ཏང་སྲིད་ལས་ཁུངས་ཀྱི་ཁྲིམས་བསྟར་དང་སྐོར་གཡེང་ལས་རེས་བྱེད་པར་སྤྱོད་པའི་རླངས་འཁོར་བགོ་སྒྲིག་དང་བེད་སྤྱོད་དོ་དམ་བྱེད་ཐབས་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཁོངས་གཏོགས་དེ་གའི་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་གཞིར་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་དང་ལས་སྒྲུབ་རླངས་འཁོར་བཀོད་སྒྲིག་ལུགས་མཐུན་བྱེད་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་ཁྲིམས་བསྟར་སྒྲིག་ཆས་སྒྲིག་སྦྱོར་ཚད་གཞི་ལྟར་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་གཞིར་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་མཁོ་བའི་རྨང་གཞིའི་སྒྲིག་ཆས་དང་། དཔང་ལེན་སྒྲིག་ཆས། བབ་བསྟུན་སྒྲིག་ཆས། མི་སྒེར་གྱི་འགོག་སྲུང་སྒྲིག་ཆས་སོགས་ཁྲིམས་བསྟར་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས།

དོན་ཚན་སོ་བཞི་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་གཉེར་སྡེ་ཁག་ནང་ཁུལ་དུ་བཙུགས་པའམ་དེའི་ཁོངས་གཏོགས་ཀྱི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་གཞིའི་ནང་སྒྲིག་ཁོངས་སུ་ཡོད་པའི་ལས་ཐོག་ཁྲིམས་བསྟར་མི་སྣར་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་གྱི་ལས་གོས་དང་མཚོན་རྟགས་གཅིག་གྱུར་གྱིས་བགོ་འགྲེམ་བྱ་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་གྱི་ལས་གོས་དང་མཚོན་རྟགས་དོ་དམ་བྱེད་ཐབས་དང་དེ་བཞིན་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་ལྟར་ལས་གོས་དང་མཚོན་རྟགས་སྤྲོད་དགོས་པ་ལས། རང་གིས་སྒྲིག་ཆས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་དང་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་བ་དང་། ལས་གོས་དང་མཚོན་རྟགས་རྣམ་པ་བསྒྱུར་མི་ཆོག

ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མི་སྣས་ལས་བཟོའི་གྱོན་ཆས་དང་མཚོན་རྟགས་དོ་དམ་ཡག་པོ་བྱེད་དགོས་པ་དང་། ལས་ཁུར་དགོངས་ཞུ་དང་ལས་གནས་ལས་སྤོ་བའམ་ཡང་ན་ལས་གནས་ནས་འབུད་པ། ཕྱིར་འབུད་བཅས་བྱས་པ་ལ། ལས་གོས་དང་། ཞྭ་མོའི་རྟགས། དཔུང་རྟགས། ཕྲག་རྟགས་སོགས་ཀྱི་མཚོན་རྟགས་ཚང་མ་ཕྱིར་སློག་བྱེད་དགོས།ལས་འཁྱུར་ངལ་གསོ་བྱེད་མཁན་གྱིས་ཞྭ་རྟགས་དང་། དཔུང་རྟགས། ཕྲག་རྟགས་སོགས་མཚོན་རྟགས་ཚང་མ་ཕྱིར་སློག་བྱེད་དགོས།

དོན་ཚན་སོ་ལྔ་པ། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་རྒྱལ་ཡོངས་གཅིག་གྱུར་གྱི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་མཚོན་རྟགས་གཏན་འབེབས་དང་ཁྱབ་བསྒྲགས་བྱ་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ཞིང་ལས་དང་གྲོང་གསེབ་པུའུ་ཡི་འབྲེལ་ཡོད་བླང་བྱ་ལྟར་ཁྲིམས་བསྟར་མཚོན་རྟགས་བེད་སྤྱོད་ཚད་ལྡན་དུ་གཏོང་དགོས་པ་ལས། མཚོན་རྟགས་ཀྱི་ནང་དོན་དང་། ཁ་དོག ནང་ཁུལ་གྱི་གྲུབ་ཚུལ་དང་བསྡུར་ཚད་བཅས་རང་དགར་བསྒྱུར་མི་ཆོག

ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་མཚོན་རྟགས་ཀྱི་བདག་དབང་ཞིང་ལས་གྲོང་གསེབ་པུའུ་ལ་ཡོད་དེ། སྡེ་ཚན་དང་སྐྱེ་བོ་སུ་ཞིག་གིས་ཀྱང་ཆོག་མཆན་མ་ཐོབ་པར་རང་མཚམས་ཀྱིས་བེད་སྤྱོད་བྱས་མི་ཆོག་པ་དང་། མཚོན་རྟགས་གཅིག་མཚུངས་སམ་ཧ་ལམ་འདྲ་བ་ཚོང་རྟགས་སུ་ཐོ་འགོད་བྱས་མི་ཆོག

ལེའུ་ལྔ་པ། ཁྲིམས་བསྟར་ལྟ་སྐུལ།

དོན་ཚན་སོ་དྲུག་པ། གོང་རིམ་ཞིང་ལས་དང་གྲོང་གསེབ་སྡེ་ཁག་གིས་འོག་རིམ་ཞིང་ལས་དང་གྲོང་གསེབ་སྡེ་ཁག་དང་དེའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་གཞིའི་སྲིད་འཛིན་ཁྲིམས་བསྟར་བྱ་བའི་གནས་ཚུལ་ལ་ལྟ་སྐུལ་བྱས་ཏེ། ཁྲིམས་འགལ་ལམ་མངོན་གསལ་གྱིས་ཚུལ་མིན་བྱ་སྤྱོད་ཡོ་བསྲང་བྱེད་དགོས།

དོན་ཚན་སོ་བདུན་པ། སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། གྱོད་དོན་རྙོག་འཛིང་ཆེ་བའམ་ཡང་ན་ཉེས་གསོག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་གྱོད་གཞི་ཚབས་ཆེན་ཡིན་ན། གོང་རིམ་ཞིང་ལས་དང་གྲོང་གསེབ་སྡེ་ཁག་གིས་ཡི་གེ་བསྐུར་ནས་ལྟ་སྐུལ་བྱེད་པ་དང་། མིང་བྱང་བཀལ་ནས་ལྟ་སྐུལ་བྱེད་པ། ལས་ཡུལ་དངོས་སུ་ལྟ་སྐུལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། འོག་རིམ་ཞིང་ལས་དང་གྲོང་གསེབ་སྡེ་ཁག་དང་དེའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་བརྟག་དཔྱད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། གྱོད་གཞི་དང་ལེན་བྱེད་མཁན་ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་དེའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་དུས་ཐོག་ཏུ་བརྟག་དཔྱད་ཐག་གཅོད་བྱེད་དགོས་པ་མ་ཟད། བླང་བྱ་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཚུལ་དང་མཇུག་འབྲས་ཕྱིར་ལྡོག་བྱེད་དགོས།

དོན་ཚན་སོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ཁྲིམས་བསྟར་ཡིག་རིགས་དང་གྱོད་དོན་ཡིག་ཚགས་དཔྱད་བཤེར་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། དུས་བཀག་ལྟར་དཔྱད་བཤེར་བྱེད་པ་དང་། དཔྱད་བཤེར་བྱས་འབྲས་ཁྱབ་བསྒྲགས་བྱེད་དགོས།

དོན་ཚན་སོ་དགུ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ལྟར་སྡེ་ཚན་དེ་གའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱ་བའི་གནས་ཚུལ་ལ་དཔྱད་ཞིབ་དང་དཔྱད་མོལ་བྱ་དགོས། དཔྱད་ཞིབ་དང་དཔྱད་མོལ་བྱས་འབྲས་དེ་ཞིང་ལས་སྲིད་འཛིན་ཁྲིམས་བསྟར་མི་སྣའི་གོ་གནས་སྤར་བ་དང་། ཕུལ་བྱུང་དང་སྔོན་ཐོན་འདེམས་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་དགོས།

དོན་ཚན་བཞི་བཅུ་པ། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་སྲིད་འཛིན་ཁྲིམས་བསྟར་གནས་ཚུལ་བསྡོམས་རྩིས་སྙན་ཞུའི་ལམ་ལུགས་བཙུགས་ཏེ། ཞིང་ལས་དང་གྲོང་གསེབ་པུའུ་ཡི་འབྲེལ་ཡོད་བླང་བྱ་ལྟར་ལོ་རེའི་ཟླ6པའི་ཚེས30ཉིན་དང་ཟླ12པའི་ཚེས31ཉིན་གྱི་སྔོན་དུ་རིམ་པ་དེ་གའི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་དང་རིམ་པ་གཅིག་གིས་མཐོ་བའི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་ཀྱིས་ལོ་ཕྱེད་དང་ལོ་ཧྲིལ་བོའི་ཁྲིམས་བསྟར་བསྡོམས་རྩིས་བྱས་ཚུལ་སྙན་ཞུ་འབུལ་དགོས།

དོན་ཚན་ཞེ་གཅིག་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་མང་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་སོགས་སྤྱི་ཚོགས་ཀྱི་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱིས་ཐེར་འདོན་ཞུ་གཏུག་དང་། གསར་འགྱུར་སྨྱན་སྦྱོར་གྱིས་དམར་འདོན། འབྲེལ་ཡོད་སྡེ་ཁག་གིས་སྤོ་སྐྱེལ་བཅས་བྱས་པའི་ཞིང་འབྲེལ་ཁྲིམས་འགལ་གྱོད་དོན་ལ་དུས་ཐོག་ཏུ་ལན་སློག་པ་དང་ཐག་གཅོད་འོས་འཚམ་བྱེད་དགོས།

དོན་ཚན་ཞེ་གཉིས་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་ནོར་སྲིད་དང་ཁྲིམས་འཛིན་སྲིད་འཛིན་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཐེར་འདོན་དང་བྱ་དགའ་སྤྲོད་པའི་ལམ་སྲོལ་འཛུགས་པར་སྐུལ་མ་བྱས་ཏེ། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཐེར་འདོན་བྱ་དགའི་ཁྱབ་ཁོངས་དང་ཚད་གཞི་སོགས་ལ་གཏན་འབེབས་ཞིབ་ཕྲ་བྱེད་པ་དང་། གཏོང་སྤྲོད་གོ་རིམ་ཚད་ལྡན་དུ་གཏོང་བ། བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་ཡག་པོ་བཅས་བྱེད་དགོས།

དོན་ཚན་ཞེ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་མགོ་ཁྲིད་ལས་བྱེད་པས་ཁྲིམས་བསྟར་བྱེད་སྒོར་ཐེ་གཏོགས་དང་། གྱོད་དོན་བྱེ་བྲག་པར་ཐེ་ཇུས་བྱེད་པའི་འགན་འཁྲི་བདའ་འདེད་ལམ་ལུགས་འཛུགས་དགོས།

དོན་ཚན་ཞེ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཞིང་ལས་དང་གྲོང་གསེབ་གཙོ་སྐྱོང་སྡེ་ཁག་གིས་གློ་བུར་དུ་བྱུང་བའི་གནད་དོན་ལ་ཉེན་ཟོན་བརྡར་གཅོད་དང་འཕྲལ་བསྟུན་ཐག་གཅོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་སློག་པ་དང་། ཉེན་ཁ་ཆེ་བའི་དོགས་ཟོན་དང་ཁ་གཏད་གཅོག་ནུས་ཇེ་ཆེར་གཏོང་དགོས།

ལེའུ་དྲུག་པ། ཞར་བྱུང་དོན་ཚན།

དོན་ཚན་ཞེ་ལྔ་པ། བྱ་ཐབས་འདི་ནི་སྤྱི་ལོ2023ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།

2 ནང་དོན་གསལ་འགྲེལ།

《བྱེད་ཐབས》དེ་ནི་སྤྱི་ལོ2023ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས། 《བྱེད་ཐབས》ནི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་བཅོས་བསྒྱུར་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་བཅོས་བསྒྱུར་བྱས་ཚུན་གྱི་ཁྲིམས་འཛིན་དཔུང་ཁག་གི་དོ་དམ་དང་ནུས་པ་མཐོར་གཏོང་གི་ལག་ལེན་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་འབྲེལ་ཡོད་ལམ་ལུགས་ཀྱི་བླང་བྱ་སྔར་བས་ཞིབ་ཚགས་སུ་བཏང་ནས་བཀོལ་སྤྱོད་རང་བཞིན་ཆེ་རུ་གཏོང་རྒྱུ་དེ་ཡིན།

《བྱེད་ཐབས》ལ་ཁྱོན་ལེའུ5དང་དོན་ཚན32ཡོད་པ་དང་གཙོ་བོ་གཤམ་གསལ་ནང་དོན་གཏན་འབེབས་བྱས་ཡོད་པ་སྟེ། གཅིག་ནི་ཁྲིམས་འཛིན་སྒྲིག་གཞི་དང་མི་སྣར་དོ་དམ་ནན་མོ་བྱེད་དགོས་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་སྒྲིག་གཞིའི་འགན་འཁྲི་གཙོ་བོ་གཏན་འབེབས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་སྡེ་ཁག་རིམ་པ་ཁག་གིས་གྱོད་གཞི་སྒྲུབ་པར་མཛུབ་སྟོན་དང་། ཁྲིམས་བསྟར་སྟོབས་ཤུགས་གཅིག་གྱུར་གྱིས་བེད་སྤྱོད། ཁྲིམས་བསྟར་མི་སྣའི་ཐོབ་ཐང་དོ་དམ་བྱེད་པ། ཁྲིམས་བསྟར་གསོ་སྦྱོང་དང་དམག་སྦྱོང་དྲག་རྩལ་འགྲན་བསྡུར་སོགས་ཀྱི་ལས་དོན་སྤེལ་བར་ཞིབ་ཕྲའི་གཏན་འབེབས་བྱས་ཡོད། གཉིས་ནི་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ཞིང་ལས་སྲིད་འཛིན་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛིན་ཡོངས་བསྒྲགས་དང་། བརྒྱུད་རིམ་ཧྲིལ་བོའི་ཐོ་འགོད། ཁྲིམས་འཛིན་གཏན་འབེབས་གལ་ཆེན་ལ་ཁྲིམས་ལུགས་ཞིབ་བཤེར། ཁྲིམས་འཛིན་ཡིག་ཆ་བཟོ་བ། རང་མོས་གཅོད་འཇལ། ལག་ཁྱེར་གསལ་སྟོན་སོགས་ལྷུ་ཚིགས་གཙོ་བོའི་གོ་རིམ་སྒྲིག་སྲོལ་ཞིབ་ཕྲ་བཟོས་པ་དང་། ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྒྲིག་གཞི་དང་དེའི་ཁྲིམས་འཛིན་མི་སྣའི“བྱེད་མི་ཆོག་པ་དྲུག”གི་གཏན་འབེབས་དང་ཁྲིམས་འཛིན་མི་སྣའི་ཁྲིམས་གསུམ་ནི་ཁྲིམས་བསྟར་ཆ་རྐྱེན་འགན་སྲུང་བྱེད་དགོས། ས་གནས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ཞིང་ལས་སྲིད་འཛིན་ཁྲིམས་འཛིན་འགྲོ་གྲོན་གྱི་ནོར་སྲིད་འགན་ལེན་བླང་བྱ་དོན་འཁྱོལ་བྱས་ཏེ་ཁྲིམས་འཛིན་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་སྲིད་འཛིན་ཁྲིམས་འཛིན་ལས་དོན་གྱི་དགོས་མཁོ་དངོས་ལ་གཞིགས་ནས་ཁྲིམས་འཛིན་ལས་སྒྲུབ་ཁང་པ་དང་ཁྲིམས་འཛིན་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ། ལས་གོས་དང་མཚོན་རྟགས་ཚད་ལྡན་དོ་དམ་བྱ་རྒྱུར་ཞིབ་ཕྲས་གཏན་འབེབས་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། བཞི་ནས་ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། ཁྲིམས་བསྟར་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། གོང་རིམ་ཞིང་ལས་དང་གྲོང་གསེབ་སྡེ་ཁག་གིས་འོག་རིམ་ཞིང་ལས་དང་གྲོང་གསེབ་སྡེ་ཁག་དང་དེའི་ཁྲིམས་བསྟར་ལས་ཁུངས་ཀྱི་ཁྲིམས་བསྟར་བྱ་བའི་གནས་ཚུལ་ལ་ལྟ་སྐུལ་བྱ་རྒྱུའི་གཏན་འབེབས་བྱས་ཏེ། གྱོད་གཞི་ལྟ་སྐུལ་སྒྲུབ་གཉེར་དང་། གྱོད་དོན་ཡིག་སྡེམ་དཔྱད་བཤེར། དཔྱད་ཞིབ་དཔྱད་མོལ། བསྡོམས་རྩིས་གོང་འབུལ་སོགས་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས།

དཔྱད་གཞིའི་ཡིག་ཆ།