ཨ་ཛཱ་ཀ་ཞེས་བྱ་བ་དེ། །ཁ་སྨད་དམའ་བའི་ལུད་ན་སྐྱེས། །ལོ་མ་ཉི་དགའ་ཅན་ཟེར་ལ། །འབྲས་བུ་ཨ་ཛཱ་ཀ་ཞེས་བྱ། །རྩ་བ་ལོ་སྡོང་བཅས་པ་ལ། །ལྕམ་པ་ཞེས་ནི་མིང་དུ་བཏགས། །རོ་ནི་མངར་ལ་བསྐ་བ་ཡིན། །
རང་གི་ནུས་པས་ཆུ་འགགས་སེལ། །རྨ་དང་རྣག་སྐེམ་ཁ་མི་སྐོམ། །ལྕམ་པ་སྡིག་སྲིན་སུག་སྨེལ་དང་། །རྒྱ་ཚྭ་ཕྱེ་མ་ཆང་གིས་འཕུལ། །གྲང་བའི་ཆུ་འགགས་སེལ་བར་བྱེད། །ལྕམ་པ་ཤུ་གུ་ཚེར་མ་ཅན། །ཐང་དུ་བསྡུས་པའི་ནང་དག་ཏུ། །སུག་སྨེལ་བུ་རམ་དང་སྦྱར་ལ། །ཆང་གིས་ཕུལ་ལ་བཏང་བ་ཡིས། །རླུང་གིས་ཆུ་འགགས་སེལ་བར་བྱེད། །ཆིག་ཐང་བཏང་ན་འཁྲུ་བ་གཅོད། །ལྕམ་པ་ཀེའུ་འཛིམ་རྒྱ་བ་དང་། །སྲད་མ་དམར་པོའི་མེ་ཏོག་དང་། །དོམ་མཁྲིས་དང་སྦྱར་ཁོང་དུ་བཏང་། །རྨ་ལ་ཡང་ནི་གདབ་པར་བྱ། །མགོ་དང་ཡན་ལག་བྱང་ཁོག་རྨ། །གང་ལྟར་རྨས་ཀྱང་འཚོ་བར་འགྱུར། །ལྕམ་པ་གཡེར་ཆུང་སྤང་རྩི་དང་། །སུག་སྨེལ་ཀ་ར་སྦྱར་བ་ཡིས། །ཡི་ག་ཆུང་བ་སེལ་བར་བྱེད། །ལྕམ་པ་ལོ་བཙན་འཐེང་པོ་དང་། །ཁུག་རྟའི་བྲུན་དང་བུ་རམ་དང་། །འོམ་བུའི་མེ་ཏོག་སྙ་ལོ་དང་། །ཆ་མཉམ་ཐང་ནི་གངས་ཆུས་ཕུལ། །ཟས་སྐོམ་ཅུང་ཟད་བསྡམ་པར་བྱ། །རྒྱ་ནད་དམར་བཤལ་གསོ་བར་འགྱུར། །རྩ་སྦྱོངས་ལ་སོགས་སྦྱོངས་རྣམས་ཀྱི། །སྦྱོར་སྡེའི་གྲོགས་སུ་འདི་མེད་ན། །ངལ་བ་དོན་མེད་ལས་ཡིན་ནོ ། །སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ། །