དོ་བ་དག་ལ་རིགས་གཉིས་ཏེ། །རྒོད་གཡུང་རྣམ་པ་གཉིས་ཡིན་ནོ། །རི་ལ་སྐྱེས་པ་དོ་རྒོད་ཡིན། །ཞིང་ལ་སྐྱེས་པ་གཡུང་ཡིན་ནོ། །དེ་གཉིས་ལོ་སྡོང་འབྲས་བུ་འདྲ། །ལོ་མ་སྣུམ་ལ་མཐུག་པ་ཡིན། །མེ་ཏོག་དཀར་དམར་མདངས་དང་ལྡན། །འབྲས་བུ་བྱུ་རུ་སྤུངས་པ་འདྲ། །རོ་ནི་ཚ་ལ་ཞུ་རྗེས་དྲོ། །
རང་གི་ནུས་པས་སྲིན་ནད་དང་། །སྐྲངས་དང་འབྲས་དང་ཤ་རོ་འདུལ། །དོ་བའི་ཆིག་ཐང་ནུས་པ་ཡིས། །ཕོ་ལོག་གླང་ཐབས་ནད་རྣམས་དང་། །ལོང་ཁའི་སྲིན་བུའི་ནད་རྣམས་སེལ། །དོ་བ་ཤིང་ཀུན་གླ་རྩི་དང་། །སྤོར་དང་ངང་བ་ཆིག་རྒྱུག་དང་། །མཚུར་དཀར་ཚ་བ་གསུམ་པོ་དང་། །ལང་ཐང་རྩེ་དང་མ་རུ་རྩེ། །རྟ་ལྤགས་མ་དང་བྱི་ཏང་ག །ཟངས་རྩི་བ་དང་སྤང་སྤོས་དང་། །དོ་བའི་སྨན་སྦྱོར་བཅོ་ལྔ་འདི། །ཤྭ་བའི་ཚིལ་དང་སྦྱར་བྱས་ལ། །ཁོང་དུ་བཏང་བའི་ཕན་ཡོན་གྱིས། །ཀླད་སྲིན་ནད་དང་ལོང་གའི་སྲིན། །ལུས་ཀྱི་སྲིན་ནད་མ་ལུས་སེལ། །དོ་བ་སྒོག་སྐྱ་ཤིང་ཀུན་དང་། །རྒྱ་ཚྭ་སྡིག་པ་བྱང་པ་དང་། །ཨ་ཛ་ཀ་དང་བདུན་པོ་སྦྱར། །གྲང་བ་ཅན་ལ་ཆང་དང་སྦྱར། །ཚ་བ་ཅན་ལ་ཆུ་གྲང་འཕུལ། །ཚ་གྲང་ཆུ་འགགས་ནད་རྣམས་སེལ། །རྩ་སྒོའི་ཆུ་སྒོའི་སྲིན་ནད་སེལ། །དོ་བ་མུ་ཟི་ལྡོང་རོས་དང་། །ཤྭ་རུ་བསྲེགས་པའི་ཐལ་བ་དང་། །རུལ་ཐལ་མུག་དང་སྟག་ཤ་བ། །པར་པ་ཏ་དང་བརྒྱད་པོ་དེ། །ཆ་མཉམ་བཤུལ་ཚིལ་དང་སྦྱར་ལ། །ལྷོག་སྐྲངས་ལ་སོགས་སྟེང་དུ་བྱུགས། །བསིལ་དྲོད་སྙོམས་པའི་ཁ་ཟས་བཏང་། །སྐྲངས་འདུལ་ཤ་རོ་གཅོད་པ་དང་། །ཤའུ་མྱུར་དུ་བསྐྱེད་པར་བྱེད། །སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ། །