གཏོ་འཕེན།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2024-03-26 15:53ལ་འགྲུབ།

གཏོ་འཕེན།

གཏོ་འཕེན་ལས་ནི་རིམ་གྲོའི་ཆོ་ག་སྟེ། །ཁ་བ་ཅན་གྱི་ཡུལ་འདིར་ལོ་རེར་བཞིན། །གདོན་བགེགས་ནད་ཡམས་དང་ནི་ལན་ཆགས་ཀུན། །དགྲ་བགེགས་འཚེ་བ་བར་ཆད་ཐམས་ཅད་ལ། །གཏོ་བཅོས་གླུད་རྫོངས་གང་གིས་བསྐྱལ་བྱས་ན། །ནམ་ལོ་འདི་དང་ཕྱི་ལོར་བཀྲ་ཤིས་འབྱུང་། །བར་ཆད་ཀུན་སེལ་བསམ་དོན་ཡིད་བཞིན་འགྲུབ། །གཏོ་བཅོས་གནོད་བྱེད་ཚོགས་ལ་སྦྱིན་གཏོང་མཆོག །ཅེས་གཏོ་བཅོས་ཆོ་ག་གང་མང་བྱེད་བཞིན་ཡོད་པ་གསལ་བཤད་མ་བྱས་ཀྱང་ཀུན་གྱིས་མཁྱེན་གསལ་ལྟར་ལགས། དེ་ཡང་རེབ་གོང་གཉན་ཐོག་སྡེ་བའི་ལོ་གཏོ་འཕེན་པའི་ཆོ་ག་ནི་ནད་བདག་བགེགས་སྤྲོད་དང་། གཡང་འགུགས་ཉིས་འཛོམས་ཀྱི་ཆོ་ག་ཞིག་ཡིན་པར་མ་ཟད། བྲོ་གར་གྱི་ལྟད་མོ་ཡ་མཚན་པ་དང་། ཧ་ལས་པ། ཡིད་ཚིམ་པ་ཞིག་གནང་ངེས་སོ། །
གཞི་རྩའི་གནས་ཚུལ།

རིགས་དབྱེ།
ཆོས་ལུགས་ཀྱི་ཆོ་གའི་རིགས།
1 ངོ་སྤྲོད།

གཏོ་འཕེན་ལས་ནི་རིམ་གྲོའི་ཆོ་ག་སྟེ། །ཁ་བ་ཅན་གྱི་ཡུལ་འདིར་ལོ་རེར་བཞིན། །གདོན་བགེགས་ནད་ཡམས་དང་ནི་ལན་ཆགས་ཀུན། །དགྲ་བགེགས་འཚེ་བ་བར་ཆད་ཐམས་ཅད་ལ། །གཏོ་བཅོས་གླུད་རྫོངས་གང་གིས་བསྐྱལ་བྱས་ན། །ནམ་ལོ་འདི་དང་ཕྱི་ལོར་བཀྲ་ཤིས་འབྱུང་། །བར་ཆད་ཀུན་སེལ་བསམ་དོན་ཡིད་བཞིན་འགྲུབ། །གཏོ་བཅོས་གནོད་བྱེད་ཚོགས་ལ་སྦྱིན་གཏོང་མཆོག །ཅེས་གཏོ་བཅོས་ཆོ་ག་གང་མང་བྱེད་བཞིན་ཡོད་པ་གསལ་བཤད་མ་བྱས་ཀྱང་ཀུན་གྱིས་མཁྱེན་གསལ་ལྟར་ལགས།  དེ་ཡང་རེབ་གོང་གཉན་ཐོག་སྡེ་བའི་ལོ་གཏོ་འཕེན་པའི་ཆོ་ག་ནི་ནད་བདག་བགེགས་སྤྲོད་དང་།  གཡང་འགུགས་ཉིས་འཛོམས་ཀྱི་ཆོ་ག་ཞིག་ཡིན་པར་མ་ཟད།  བྲོ་གར་གྱི་ལྟད་མོ་ཡ་མཚན་པ་དང་།  ཧ་ལས་པ།  ཡིད་ཚིམ་པ་ཞིག་གནང་ངེས་སོ། །གཤམ་ནས་རིམ་པ་གསུམ་གྱི་སྒོ་ནས་མཚམས་སྦྱོར་ཞིག་བྱས་ན།

1.གཉན་ཐོག་གི་ལོ་གཏོ་ནི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན་གཞི་བདག་ལྷ་འབབ་ཀྱི་མཛུབ་ཁྲིད་འོག་མིའི་གཏོ་འཕེན་པའི་ཆོ་ག་ཆེན་པོ་ཞིག་ཡིན།  དེ་ཡང་ནངས་སྔ་མོ་ཉི་རྩེ་ས་ལ་ཕོག་པའི་དུས།  གཉན་ཐོག་སྡེ་བའི་རྒྱབ་རིའི་སྟེང་གི་ཡུལ་ལྷའི་ལྷ་ཁང་ནས་ལྷ་པར་ཨ་མྱེས་ཡུལ་ལྷའམ་ཨ་མྱེས་ཨར་ལིང་ལྷ་འབབ་པ་དང་།  གསར་བུ་བདུན་གྱིས་ལྷ་པས་བཀའ་བཀོད་ལྟར་བསང་བཏང་རྗེས།  ལུས་ལ་རྐང་སྣམ་ཡར་བརྫེས་ཏེ་གྱོན་པ་ལས་གཞན་ཐམས་ཅད་ཤ་རྗེན་བྱས་པ་ན།  སྡེ་བའི་ལྷ་བཟོ་རྒན་པ་ཞིག་གིས་དེ་དག་གི་ལུས་སྟེང་དུ་སྟག་གཟིག་གི་འཛུམ་རིས་དང་ཐིག་ལེ་སོགས་དབྱིབས་གཟུགས་སྣ་ཚོགས་ཤིག་བྲིས།  མགོ་དང་སྐེ་ལ་ར་བཤས་པའི་ཁྲག་རྒྱུའམ་ར་རྒྱུ་སྟོང་བའི་ནང་དབུགས་བརྒྱབ་ནས་དཀྲིས་པ་སོགས་བྱ།  ལག་ལ་འདོམ་གང་ལྷག་ཡོད་པའི་དབྱུག་པ་གཉིས་རེ་འཛིན།  དེ་ནས་ལྷ་པའི་མཛུབ་ཁྲིད་འོག་གཏོ་འཕེན་གར་གྱི་སྒོ་མོར་ཞུགས།  ཁོ་ཚོས་རྐང་བ་གཡས་གཡོན་སྤོར་ནས་སྐུམ་ལྡིང་དང་ནི་གཡས་སྐུམ་མུ་ལྡིང་གཡོན་སྐུམ་མུ་ལྡིང་།  ལག་གི་དབྱུག་པ་དགུང་ལ་ཕྱར་པ་སོགས་བྱས་ཏེ།  ལྷ་ཁང་ལ་ནང་སྐོར་ཞིག་བརྒྱབ་སྟེ་ཆོས་རའི་སྒོ་ཆེན་ནས་ཕྱིར་འབུད་པ་ཡིན།  ལྷ་ཁང་གི་ཕྱི་ལམ་ནི་ཀྱག་ཀྱོག་ཆེ་ལ་ངོས་གཟར་བས།  གཏོ་མི་རྣམས་ལྷ་པ་དང་མཁར་རྔ་འཛིན་མཁན་རྒན་པ་ཞིག་གིས་བཀོད་འདོམས་འོག་ལམ་ཀྱོག་དེ་རྣམས་ལས་ལྷ་བྲོ་ལྡིང་ཞོར་དང་།  རྒྱུགས་ཞོར།  འདར་ཞོར་བཅས་བྱས་ནས་སྡེ་བའི་ནང་དུ་ཐོན་པ་ན།  ལ་ལ་ཕྱི་མཁར་གྱི་གྱང་ལ་འགོས་པ་དང་།  ལ་ལ་སྒོ་ལམ་ནས་ཡར་འཛུལ་པ།  ཡང་ལ་ལ་ཆུ་ཁུང་ལས་འཛུལ་ནས་གཞན་ཁྱིམ་དུ་འགྲོ་བ་ཡིན།  དེ་རྣམས་ཀྱིས་སྡེ་བའི་ཁྱིམ་ཚང་སོ་སོས་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་ཤ་ཚོན་པོ་ཟ་བ་དང་།  ཟས་ཞིམ་པོ་ཁྱེར་བ།  ཇ་མངར་མོ་ཡོད་ན་བཏུང་ནའང་ཆོག   ནང་ནད་པ་ཡོད་ན་བགོམས་ནས་འགྲོ།  ལུས་ནད་བདག་སྡུག་གྲིབ་ཁྱེར་ནས་འགྲོ།  བསྲེག་བཟོས་བྱས་པའི་གྲིབ་གོར་རྣམས་དབྱུག་པའི་སྟེང་ལ་བསྐོན་རྗེས་ཁྱེར་ནས་རོང་བོ་དགུ་ཆུ་ཁར་འགྲོ་བ་ཡིན།   དུས་དེར་སྡེ་མི་དང་ལྟད་མོ་བ་རྣམས་ཀྱིས་སྡེ་བའི་སྲང་ལམ་རེ་རེ་ནས་གཏོ་རྗེས་སུ་དེད་དེ།  ལྷ་པའི་རྔ་སྒྲ་དང་རྒན་པའི་འཁར་རྔའི་སྒྲར་བསྟུན་ནས་ཀི་འདེབས་པ་དང་།  འུར་རྒྱག་པ།  ཤོག་སྦག་འགད་པ།  བོའུ་སྟོང་རྒྱག་པ་བཅས་ཀྱིས་གཏོ་རྒྱག་བྱས་ནས་རོང་བོ་དགུ་ཆུ་ཁར་བསྐྱལ་པ་ན།  དགུ་ཆུ་ཁར་གཉན་ཐོག་སྡེ་མིས་རང་ཕྱོགས་ཀྱི་ཆུ་འགྲམ་དུ་གུར་ཕུབ་པ་དང་མེ་ཕུང་ཆེན་པོ་སྦར་ནས་གཏོ་འཕེན་རྣམས་ལ་སྒུག་འདུག  དེ་ལྟར་ལྷ་པ་དང་རྒན་ཚབ།  གཏོ་པ་རྣམས་གནས་དེར་ཐོན་མ་ཐག་མགྲིན་གཅིག་ཏུ་ཀུ་ཅོ་སྒྲོག་པ་དང་གྲིབ་གོར་མང་བོ་རྒྱུན་ཡོད་པའི་དབྱུག་པ་རྣམས་མཐོན་པོར་སྒྲེང་ཞོར་གཏོ་བྲོ་ལྡིང་།  མེ་ཕུང་ལ་སྐོར་བ་བྱེད།  བདུད་རྩི་ནས་ཆང་ཚིམས་པ་ཞིག་རོལ་ཙ་ན།  ལྷ་པའི་བཀའ་བཀོད་ལྟར་གཏོ་པ་ཚོས་གྲིབ་གོར་ཐམས་ཅད་དགུན་ཟླས་འཁྱགས་ཀྱིས་བསྡམས་ཤིང་།  ཆུ་ཁར་སོབ་ལང་ལོང་ངང་བཞུར་བའི་རོང་བོ་དགུ་ཆུའི་ནང་མཆོད་པ་དང་།  དེར་མཐུད་ནས་གཏོ་པ་ཚོས་རང་ལུས་ཀྱང་ཆབ་སོབ་ཏུ་འཛུལ་ནས་སྟག་རིས་གཟིག་རིས་ཐམས་ཅད་གཙང་ཁྲུས་བྱས་རྗེས།  ཆུ་འགྲམ་གྱི་གུར་ནང་དུ་ཞག་བཞུགས་གནང་བ་ཡིན།  དེ་ལྟར་བྱས་པ་ན།   གཉན་ཐོག་སྡེ་བའི་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་གྱི་འདས་མ་འོངས་ད་ལྟ་གསུམ་ལ།  ནད་བགེགས་གདོན་སེལ་བར་ཆད་ཞི་བ་དང་། །ཕྱུགས་ལ་གོད་མེད་ཞིང་ལ་ཐན་པ་མེད། །རྒྱུ་དང་འབྱོར་བ་དུས་བཞིན་ཐོན་པ་དང་། །རླུང་རྟ་རྒྱས་ཤིང་བདེ་སྐྱིད་ཕུན་སུམ་ཚོགས། །

2.རང་རིགས་ཀྱིས་འདོད་སྨོན་སྒྲུབ་པའི་མཆོད་པ་བསང་དང་།  གཏོར་མ་འབུལ་བ།  གདོན་བགེགས་འབྱུང་བོ་མི་སྲིན་ཀུན་གྱིས་གནོད་པ་སེལ་བའི་ཐབས་ལ་ཕལ་ཆེ་བས་གཏོ་འཕེན་པ་ཡིན།  གཏོ་ལ་ཡི་དམ་དང་ཆོས་སྐྱོང་སྲུང་མ་བསྒྲུབས་ནས་འཕེན་པ་དང་།  འཆམ་གྱི་རྗེས་འབྲེལ་དུ་གཏོ་འཕེན་པ།  ལྷ་པས་ལྷ་བབས་ནས་ཁྱིམ་གཞི་དག་གཙང་བྱེད་པ་ལ་གཏོ་འཕེན་པ་སོགས་གང་མང་ཡོད།  རེབ་གོང་གཉན་ཐོག་སྡེ་བའི་མིའི་གཏོ་ལ་མཚོན་ནའང་དེ་ལས་མ་འདས་སོ། །འོ་ན་མཚོ་སྔོན་གྱི་ཞབས་བྲོ་བ་རྒན་ཆོ་ཡུན་ཧྥུ་ཡིས་གཉན་ཐོག་གཏོའི་ཆོས་གར་ལ་བུ་ཐོའུ(於菟)ཞེས་ཟེར་དོན་ཅི་ཡིན་ཞེ་ན།  དེར་རྒྱུ་མཚན་གཉིས་ཡོད་དེ།  གཅིག་ནི་ཁོང་གིས་གཉན་ཐོག་གཏོའི་ཆོ་ག་ལ་རྒྱུས་ལོན་བྱེད་སྐབས།  ལོ་ཙཱ་བས་གཏོ་མིང་སྒྲ་བསྒྱུར་བྱས་པ་ལས་དོན་འགྲེལ་དང་ལོ་རྒྱུས་གསལ་བོར་མ་བཤད་པས།  རྒྱའི་སྐད་དུ於菟ཞེས་མིང་བཏགས།  ཅིག་ཤོས་ནི་ཁོང་ལའང་རྒྱའི་མཁས་པ་གཞན་དག་གི་གོམས་སྲོལ་ལྟར་མི་རིགས་གཞན་གྱི་རིག་གནས་གོམས་གཤིས་མཐའ་དག་རྒྱའི་རིག་གནས་ལ་ཁུངས་བཅོལ་པའི་གཤིས་བཟང་ཞིག་ཆགས་ཡོད་པས།  རེབ་གོང་གཉན་ཐོག་སྡེ་བའི་གཏོའི་ཆོ་ག་ཡང་ཨན་ཧུའེ་ས་ཆའི་ཁྲུའུ་ཡི་དམངས་ཁྲོད་ཞབས་བྲོ་སྟེ།  ཁྲུའུ་ཧྥུན་བུ(楚风舞)ཞེས་པར་ཁོངས་གཏུགས་པ་རེད།  དེ་ནས་རེབ་གོང་ས་ཆར་གཏོ་འཕེན་པའི་མིའི་གཟུགས་ལ་སྟག་གཟིག་གི་ཐིག་ལེ་འབྲི་སྲོལ་ནི་ཨན་ཧུའེ་ས་ཆའི་སྲོལ་རྒྱུན་ལས་བྱུང་བ་མིན་པའི་སྒྲུབ་བྱེད་འདུག་གམ་ཟེར་ན་འདུག་སྟེ།  ཁོ་བོས་གཉན་ཐོག་གཏོའི་ཆོ་ག་ཇི་ལྟར་བྱུང་བའི་ཚུལ་ལ་རྒྱུས་ལོན་པ་ལྟར་ན།  གཉན་ཐོག་སྡེ་བ་ནི་དང་ཐོག་རོང་བོ་དགུ་ཆུའི་འགྲམ་དུ་ཆགས་ཡོད་ཟེར།  གནས་དེར་ལོ་འགའི་རིང་ལ་བསྟུད་མར་ས་བདག་ཀླུ་གཉན་སོགས་ཀྱིས་གནོད་པ་བྱས་ཏེ།  མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་བྱུང་སྟབས།  སྡེ་དཔོན་གྱིས་རྒན་པ་འགའ་ཁྲིད་ནས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པར་ཕྱིན་ཏེ།  གཉན་ཐོག་སྡེ་བར་སྐུ་འཁྲུངས་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་མཆོག་ལ་ཞུ་འབུལ་བྱས་པ་ན།  ཁོང་གིས་སྡེ་བའི་གནས་ལུང་བའི་རི་རྩར་སྤར་རྗེས།  སོག་པོ་ཝང་གི་དཔེ་ལྟར་གཏོ་མི་ཚོའི་ལུས་ལ་སྟག་གཟིག་གི་ཐིག་ལེ་རི་མོར་ཕབ་རྗེས།  བོད་པའི་དཔེ་ལ་ལྷ་འབབ་གྲིབ་སེལ་གྱི་ཆོ་ག་སྤེལ་བ་དང་གྲིབ་གོར་རོང་བོ་དགུ་ཆུར་མཆོད་ཚེ།  ད་གཟོད་བགེགས་སེལ་ལས་གྲུབ་བསམ་དོན་ཡིད་བཞིན་དུ་འགྲུབ་ངེས་ཞེས་གསུངས་པ་མ་ཟད།  ལོ་རེའི་དུས་ཚོད་འདི་དང་སྒྲུབ་ཐབས་ནི་འདི་ཡིན་ཞེས་ནན་གྱིས་གདམས།   བླ་མའི་གསུང་ཚིག་གི་གྲུབ་ཚུལ་ནི།  སྔོན་སོག་པོ་ཝང་ངམ་ཡུལ་ཕྱོགས་རྒྱལ་པོ་ཞིག་གི་རྒྱལ་མོར་ནད་གཞི་ཚབས་ཆེན་ཞིག་བྱུང་བ་ལ་སྨན་པ་གང་བཟང་དང་གང་མཁས་ལ་ནད་བཅོས་བྱ་རུ་བཅུག་ཀྱང་མ་ཕན་པས།  རྒྱལ་ཐབས་ཟད་པའི་དུས་ལ་སྨན་པ་མཁས་པ་ཞིག་ཐོན་ཏེ།  ཁོས་རྒྱལ་མོའི་ནད་ལ་བརྟག་རྗེས་རྒྱལ་བོ་ལ་འདི་བཞིན་དེ་བཞིན་ཞེས་བཤད་པས།  རྒྱལ་བོ་ཡང་ཡིད་འཐད་བྱུང་།  དེ་ནས་སྨན་པས་སྲོད་ཀྱི་དུས་སུ་མི་ཆེན་གཉིས་ལ་སྟག་གཟིག་གི་སྤུས་ཚུལ་ལྟར་བྱས་ནས་རྒྱལ་མོ་བཞུགས་པའི་གུར་ནང་ལ་འཛུལ་དུ་བཅུག་སྟེ།  ནད་པའི་སྟེང་ལ་གཟེངས་གཟེངས་བྱས་པ་ན།  རྒྱལ་མོ་སྐྲག་སྣང་ཆེན་པོ་སྐྱེས་ནས་ནད་ཐམས་ཅད་སྐད་ཅིག་དེ་ཉིད་ལ་སངས་སོ་ཞེས་པའི་སྨན་བཅོས་བྱེད་ཚུལ་ཡོད་པས་དེ་བཞིན་གསུངས།  དེར་བརྟེན།  སྡེ་དཔོན་དང་རྒན་པ་རྣམས་ཀྱིས་སྡེ་མི་རྣམས་ལ་སྐུལ་སློང་བྱས་ཏེ།  བླ་མའི་གསུང་ལྟར་ནན་གྱིས་བསྒྲུབས་པས།  ད་ལྟའི་བར་སྔོན་བྱུང་ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་།  ཆོས་དང་བཀྲ་ཤིས་དུས་གསུམ་དགེ་ལེགས་འཕེལ་ལོ་ཞེས་སྡེ་བའི་རྒན་རབས་པའི་ངག་ནས་དངོས་སུ་གོ་ཐོས་བྱུང་ངོ་། །