རི་རྒྱུད་འདི་ཡང་ཙོང་ལ་རིང་མོའི་རི་རྒྱུད་སྟོད་ནས་ཤར་ཕྱོགས་ལན་གྲུའི་ཞིང་ས་ལ་བསྲིངས་པའི་རྒྱུན་གྱི་རི་ལག་ཅིག་ཡིན་ཞིང་། མིན་ཧོ་རྫོང་ཁོངས་ཀྱི་རི་རྒྱུད་ཆེན་པོ་བརྒྱད་ཀྱི་གྲས་ཀྱང་ཡིན། ཤར་ནས་ལྷོའི་ཕྱོགས་སུ་རྒྱུན་བསྲིངས་ཡོད་ལ། ལབ་ཙེ་རི་བོ་རི་རྒྱུད་འདིའི་རི་བོ་གྲགས་ཆེན་ཞིག་ཡིན་པའི་ཆ་ནས་རི་རྒྱུད་སྤྱིའི་བོད་མིང་ལ་ལབ་ཙེ་རི་རྒྱུད་དུ་བཏགས། རི་རྒྱུད་ཀྱི་མགོ་ནི་འབུམ་ཁང་རི་བོའི་ལྷོ་ཡི་ཆ་དང་། མ་ཕམ་ཡུལ་ཚོ་དང་བཀའ་མ་ལོག་ཡུལ་ཚོའི་ཁྲིན་ཀྱཱ་ཧྲན་རི་བོའི་ནུབ་ཀྱི་འདྲེས་མཚམས་ནས་མགོ་བརྩམས་ཏེ། བཀའ་མ་ལོག་ཡུལ་ཚོ་དང་མ་ཕམ་ཡུལ་ཚོ། ཆན་ཧི་ཡུལ་ཚོ་བཅས་བརྒྱུད་མཐར་ཀྲུང་ཁྲོན་ཡུལ་ཚོའི་ཐོན་ཅེ་སྡེ་བ་ནས་མཇུག་རྫོགས་ཡོད། རི་རྒྱུད་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ22དང་། མཚོ་འཕགས་ལ་སྨི2005-2600བར་ཡོད། རི་རྒྱུད་འདིའི་ཀོན་ཏེ་ལིན་རི་བོའི་ལྷོ་ཕྱོགས་ན་རི་ལག་ཅིག་བྱུང་ཡོད་ལ། དེ་ནི་ལྷོ་རུ་རྒྱུན་མཐའ་བསྐྱངས་ཏེ་བཀའ་མ་ལོག་ཡུལ་ཚོ་བརྒྱུད་ཀྲུང་ཁྲོན་ཡུལ་ཚོའི་ཀན་ཀྱཱ་སྡེ་བའི་བར་དུ་གཏུགས་ཡོད། རི་ལག་དེའི་རིང་ཚད་ལ་སྤྱི་ལེ16དང་། མཚོ་འཕགས་ལ་སྨི200ཡོད། གཞན་ཡང་རི་རྒྱུད་འདིའི་སྟེང་རི་ལག་གཙོ་བོ་འགའ་ཡོད་པའི་ནང་། ས་སེར་སྒང་གི་མཚོ་འཕགས་སྨི2459ཡིན་ཞིང་། ལ་ཀྱཱ་དགོན་རི་བོའི་མཚོ་འཕགས་སྨི2530དང་། ལབ་ཙེ་རི་བོའི་མཚོ་འཕགས་སྨི2407ཡོད་དོ།།