ཀ་ཐུང་རི་བོ་ནི་ཙོང་ལ་རིང་མོའི་རི་རྒྱུད་སྟོད་ཀྱི་ནུབ་ཕྱོགས་སྟོང་འཁོར་ཕུག་ནས་ཤར་ཕྱོགས་ལན་གྲུའི་ཞིང་ས་ལ་བསྲིངས་པའི་སྐབས་ཀྱི་རི་ལག་ཅིག་ཡིན་ཞིང་། མིན་ཧོ་རྫོང་ཁོངས་ཀྱི་རི་རྒྱུད་ཆེན་པོ་བརྒྱད་ཀྱི་གྲས་ཀྱང་ཡིན། རི་རྒྱུད་འདི་ནི་ཀ་ཐུང་རི་བོ་ནས་མགོ་བརྩམས་ཏེ་རིམ་པར་རི་ལག་མང་པོ་བྱུང་ཡོད་པ་ལ་བརྟེན་གཙོ་བོའི་ཆ་ནས་ཀ་ཐུང་རི་རྒྱུད་དུ་ཐོགས་སོ། རི་རྒྱུད་འདི་ནི་ཤར་ནས་བྱང་དུ་མས་རིམ་གྱིས་ཆགས་པའི་ཁྲོད། རི་ལག་ཆེན་པོ་གཉིས་བྱུང་ཡོད་པ་ནི་སོ་སོར་ཐང་ཀི་རི་བོ་དང་ཏ་ཀྲོང་རི་བོ་གཉིས་ཡིན། རི་རྒྱུད་འདིའི་རི་མགོ་ལྷོ་ཡི་མ་ཕམ་ཡུལ་ཚོ་ནས་མགོ་བརྩམས་ཏེ་མཛོ་མོ་མཁར་གྲོང་རྡལ་དང་། མ་ཡུན་གྲོང་རྡལ་དང་ལུང་མཐིལ་ཡུལ་ཚོ་གསུམ་རིམ་པར་བརྒྱུད་མཐར་མ་ཁྲང་ཡོན་ཡུལ་ཚོའི་ཞ་ཁྲོན་ཁུའུ་སྡེ་བ་ནས་རི་རྔ་ཡོངས་སུ་རྫོགས་ཡོད། རི་རྒྱུད་སྤྱིའི་རིང་ཚད་ལ་སྤྱི་ལེ38.5ཡོད་པ་དང་། མཚོ་འཕགས་སྨི2300ནས2600བར་ཡིན། རི་རྒྱུད་འདི་ནི་རྨ་ཆུ་དང་ཙོང་ཆུའི་བར་ན་འགྱིང་སྟེ་ཆུ་བོ་ཆེན་པོ་དེ་གཉིས་གཡས་གཡོན་དུ་སོ་སོར་ཕྱེས་པས་དེ་གཉིས་ཀྱི་དབྱེ་མཚམས་འབྱེད་པའི་བར་རིར་ངོས་འཛིན་ཅིང་། དེ་ཡང་རི་རྒྱུད་འདི་ཤར་དུ་བསྲིངས་སྐབས་ཀ་ཐུང་རི་བོའི་བྱང་ནས་རི་ལག་གཅིག་ཆད་ཡོད་པའི་རྒྱུན་ནི། ཤར་དུ་ཀོའུ་ཧྲན་ཡུལ་ཚོ་བརྒྱུད་ཙོང་པོ་ཡུལ་ཚོའི་ཧ་ཀྱཱ་སྡེ་བར་ཐུག་གི་བར་དུ་ཡོད་ལ། དེའི་རིང་ཐུང་ལ་སྤྱི་ལེ14ཙམ་ཡོད་དོ། ། ཡང་མ་ཕམ་ཡུལ་ཚོའི་མཚམས་ཀྱི་ཐང་ཀི་རི་བོའི་ལྷོ་ཕྱོགས་ནས་རི་ལག་ཅིག་བྱུང་བ་དེ་ནི་ཤར་ནས་མགོ་བརྩམས་ཏེ། ཀྲོན་དོ་ཡུལ་ཚོའི་ཞ་ཕེན་སྡེ་བར་རྒྱུན་གཏུགས་ཤིང་། དེ་ནས་རིམ་གྱིས་ཀན་སུའུ་ཞིང་ཆེན་གྱི་ཡོན་ཆིན་རྫོང་གི་ཕྱོགས་སུ་བསྲིངས་ཡོད། རི་ལག་འདི་རྫོང་ཁོངས་སུ་གནས་པའི་སྤྱིའི་རིང་ཚད་ལ་སྤྱི་ལེ24ཡོད་ཅིང་། རི་ལག་དེ་ལ་ཡང་རི་ལག་ཆུང་བ་ལྔ་ཙམ་དུ་གྱེས་ཡོད། ཀ་ཐུང་རི་རྒྱུད་ཀྱི་རི་བོ་མཐོན་པོ་ལ་མཚོ་འཕགས་ལ་སྨི2595ཡོད་པའི་ཐང་ཀི་རི་བོ་དང་། མཚོ་འཕགས་སྨི2510ཡོད་པའི་མིན་ཀྱཱ་པོ་རི་བོ་དང་། མཚོ་འཕགས་སྨི2444ཡོད་པའི་ཏ་ཀྲོང་རི་བོ། གཞན་མཚོ་འཕགས་སྨི2395ཡོད་པའི་ཆིན་ཀྱཱ་རི་བོ་དང་མཚོ་འཕགས་སྨི2232ཡོད་པའི་རྔ་མོང་རི་སོགས་ཡོད་དོ།།