སྡེ་བ་འདི་ནི་ལིས་ཨར་པའོ་གྲོང་རྡལ་གྱི་ཐང་རིང་དགོན་པའི་འགབ་ཀྱི་སྲིད་འཛིན་སྡེ་བ་ཞིག་ཡིན་ལ། མིང་ལ་ཐང་རིང་ཐོགས་དོན་ནི་འབྲུག་ལྟར་ཕྲ་ཞིང་རིང་བའི་ཐང་རིང་པོ་ཞིག་ཡོད་པས་ཐང་རིང་དགོན་པ་ཞེས་ཐོགས་པ་དང་། སྡེ་བ་འདི་ནི་དུས་རབས་སྔོན་མོའི་ང་བརྒྱད་ལོར་ཐང་རིང་དགོན་པའི་གྲྭ་པ་རྣམས་སྐྱ་སར་ཕབ་སྐབས། དགོན་པའི་ཞོལ་གྱི་སྡེ་བ་མང་ཆེ་བ་ཧོས་སྡེ་ཡིན་པས་གྲྭ་པ་རྣམས་ཀྱིས་དགོན་པ་དང་དགོན་པའི་ས་ལ་བདག་པོ་རྒྱག་དགོས་བསམས་ནས་དགོན་པའི་རང་གི་གྲྭ་ཤག་ཏུ་ཆུང་མ་བསུས་ནས་ཁྱིམ་བསྐྱངས་པ་ལས་སྡེ་བ་འདི་བྱུང་བ་ཡིན། དུད་ཁྱིམ50ལྷག་ཡོད་ལ། སྡེ་མིའི་རུས་གཙོ་བོ་ལ་ཀའོ(郭)དང་ཆའོ།(乔)ཝུའུ(吴)སོགས་ཡོད། ཀའོ་ཞེས་པ་སིལ་ར་ཞེས་པའི་རྒྱ་ཡིག“果园”ཞེས་པའི“果”ནས“郭”རུ་གྱུར་བ་དང་། ཆའོ་ཞེས་པ་བོད་ཀྱི་རུས་ཆེན་བྲ་ཚའི་བྲ་ནི་བྲ་བོའི་བྲ་དང་གཅིག་ཡིན་པས་བྲ་དེ乔རུ་བསྒྱུར་པ་ལས་བྱུང་། ཝུའུ་ཞེས་པ་སྨུག་པ་ཚང་ཞེས་པའི་སྨུག་པའི་“雾”ནས“吾”རུ་གྱུར་བ་ཡིན། བཤད་ཚུལ་ལ་སྨུག་པ་ཚང་འདི་སི་ཁྲོན་དཀར་མཛེས་ནས་ཆད་ཡོང་བ་ཡིན་ཟེར་མོད་ལོ་རྒྱུས་ཤེས་མཁན་མི་འདུག སྡེ་བ་ཡོངས་ཀྱིས་ཞིང་ལས་གཉེར་བཞིན་ཡོད། རྒན་པ་རྣམས་ཀྱིས་བོད་སྐད་ཤེས་མོད། ན་གཞོན་ཚོས་བོད་སྐད་དག་མོ་ཞིག་བཤད་མི་ཤེས། སྐད་ཆ་དང་འདོགས་ཆ་གཉེན་སྟོན་སོགས་ནི་གྲོ་ཚང་དང་འདྲ་ལ། སྡེ་བ་ཡོངས་ཀྱི་སྲུང་མ་ནི་དཔལ་ལྡན་ལྷ་མོ་དང་ཆོས་སྐྱོང་ཀྭ་གདུང་ཟེར་བ་ཡིན།