ཨ་མྱེས་བྲག་དཀར།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2023-05-25 08:17ལ་འགྲུབ།

ཨ་མྱེས་བྲག་དཀར།

ཨ་མྱེས་བྲག་དཀར་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གཞོངས་གྲོང་རྡལ་མངའ་ཁོངས་ཀྱི་གནས་རི་ཞིག་སྟེ། མགོ་མང་གཞོངས་གྲོང་རྡལ་གྱི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ40ཡི་མཚམས་ན་ཡོད། མང་རྫོང་དང་། རྩེ་ཁོག ཁྲི་ཀ རོང་བོ་བཅས་རྫོང་ཁག་བཞིའི་ས་མཚམས་ཀྱི་རི་བོ་ཞིག་ཡིན། འདིའི་དབུ་རྩེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི5011དང་། རིང་ཚད་ལ་སྤྱི་ལེ20ཙམ་ཡོད། ཞེང་ཚད་ལ་སྤྱི་ལེ4ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿尼直亥
ལ་ཏིང་གི་མིང་།
a myes brag dkar
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གཞོངས་གྲོང་རྡལ།
མཚོ་འཕགས།
སྨི5011
རིང་ཚད།
སྤྱི་ལེ20
ཞེང་ཚད།
སྤྱི་ལེ4
གནས་ཡུལ།
མགོ་མང་གཞོངས་གྲོང་རྡལ་གྱི་ཤར་ལྷོའི་ཕྱོགས་ན་ཡོད།
1 ངོ་སྤྲོད།

ཨ་མྱེས་བྲག་དཀར་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གཞོངས་གྲོང་རྡལ་མངའ་ཁོངས་ཀྱི་གནས་རི་ཞིག་སྟེ། མགོ་མང་གཞོངས་གྲོང་རྡལ་གྱི་ཤར་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ40ཡི་མཚམས་ན་ཡོད།   མང་རྫོང་དང་། རྩེ་ཁོག  ཁྲི་ཀ    རོང་བོ་བཅས་རྫོང་ཁག་བཞིའི་ས་མཚམས་ཀྱི་རི་བོ་ཞིག་ཡིན།   འདིའི་དབུ་རྩེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི5011དང་། རིང་ཚད་ལ་སྤྱི་ལེ20ཙམ་ཡོད།   ཞེང་ཚད་ལ་སྤྱི་ལེ4ཙམ་ཡོད། རི་བོ་འདིའི་སྟོད་ཀྱི་ཆ་ནི་དབྱར་དགུན་དུས་བཞི་ལ་གངས་ཀྱིས་བཟུང་ཡོད་ཅིང་། སྨད་ཀྱི་ཆ་ནི་ནགས་ཚལ་གྱིས་ཡོངས་སུ་ཁེབས་ཡོད་དེ། གསོམ་ཤུག་དང་། སྟག་པ། རི་ལྕང་། སྟག་མའི་མེ་ཏོག་སོགས་ཀྱིས་བརྒྱན་འདུག    འདིའི་ལུང་བ་ཕལ་ཆེ་བའི་ནང་ཆུ་རྒྱུན་འབབ་ཀྱིན་ཡོད་ཅིང་།  དེ་ལས་ཆུ་རྒྱུན་ཆེས་མོད་ས་ནི་མོ་ཆུ་ལུང་བ་དང་ཆུ་ཁོལ་ལུང་བ་ཡིན། རི་བོ་འདིའི་རྩེ་མོ་གངས་ཀྱིས་བཀླུབས་ཤིང་། རི་སྐེད་དག་ན་བྲག་རྡོ་དཀར་བོ་ལྷང་ལ་བུད་ཡོད་ཕྱིར་བྲག་དཀར་དུ་ཐོགས། ངག་རྒྱུན་ལྟར་ན། ཨ་མྱེས་བྲག་དཀར་ནི་ཨ་མྱེས་རྨ་རྒྱལ་གྱི་སྲས་ཡིན་ཞིང་། གནའ་དུས། ཡུལ་བྱ་སྟོད་ཀྱི་འབངས་མི་གཉོམ་ཆུང་རྣམས་ལ་ཇག་རྐུན་གྱིས་གཙེས་ཏེ་མིའི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་རེག་པའི་ཚེ་ན།   ཨ་མྱེས་རྨ་རྒྱལ་གྱིས་སྐབས་དེར་གནས་མཆོག་བྲག་དཀར་སྤྲེལ་རྫོང་དུ་བཞུགས་པའི་ཨ་མྱེས་བྲག་དཀར་ནི་ཇག་རྐུན་གྱི་ཁ་གནོན་དུ་བྱ་སྟོད་ཀྱི་གཞི་བདག་ཏུ་མངགས་རྗེས།   གནས་འདིའི་རི་བོ་ཆེ་ཆུང་བརྒྱ་རྩ་བརྒྱད་ཀྱིས་རང་རང་གི་དབུ་རྩེ་ཕྱོགས་གཅིག་ཏུ་འདུད་པའི་དབུས་ན་ཨ་མྱེས་བྲག་དཀར་ནི་ཡུལ་ལྷའི་རྒྱལ་བོའི་ཚུལ་དུ་བཞུགས་ནས། ཁོང་གིས་ནམ་ཡང་ཡུལ་ཕྱོགས་འདིར་བདེ་དགེ་ལེགས་ཚོགས་འབྱུང་བར་མགོན་སྐྱབས་བྱེད་ཀྱིན་ཡོད་པར་གསུངས་ཤིང་།  ཨ་མྱེས་བྲག་དཀར་ལ་རྩེ་མོ་ཆེ་ཆུང་གསུམ་ཡོད་པ་ལ་སོས་སོར་བྲག་དཀར་སྤུན་གསུམ་ཏེ། སྤུན་ཆེ་བ་བྲག་དཀར་རབ་བརྟན་ཐོགས་མེད་དང་། འབྲིང་བ་བྲག་དཀར་བཀྲ་ཤིས་དོན་གྲུབ། ཆུང་བ་བྲག་དཀར་དཀོན་མཆོག་འཇིགས་མེད་བཅས་གནས་པ་དང་། སྤུན་མཆེད་གསུམ་གས་སྐུ་ལ་དར་གྱི་འཇོལ་བེར་དང་གསེར་ཁྲབ་གསོལ་ཡོད་པ་དང་། དབུ་ལ་གསེར་རྨོག་མནབས་ཡོད། ཉག་ཕྲན་མདའ་མོས་བཀང་བའི་སྟག་རལ་གཡས་དང་། མཆོག་དཀར་གནམ་རུ་བཅུག་པའི་གཟིག་ཤུབས་གཡོན་ལ་བཏགས་ཡོད།  ཞབས་ལ་སག་ལྷམ་ཡུ་རིང་གྱོན་ཡོད། དཔའ་བོའི་ཆས་རྣམས་ཡོངས་སུ་རྫོགས་ཤིང་། སྟོང་གསུམ་སྐད་ཅིག་བགྲོད་པའི་རླུང་གི་ཤུགས་དང་ལྡན་པའི་རྟ་མཆོག་གི་སྟེང་དུ་འགྱིང་ཚུལ་གྱིས་བཞུགས་ཡོད་པར་གྲགས་སོ།། མོ་ཆུ་ལུང་བའི་རི་བོ་ཨ་མ་སྨུག་རི་མ་ནི་བྲག་དཀར་སྤུན་གསུམ་གྱི་མ་ཡུམ་ཡིན་ཞིང་། ཨ་མྱེས་བྲག་དཀར་གྱི་འདབས་ན་ཡོད་པའི་ཁྲ་མོ་སྤུན་གསུམ་ནི་བྲག་དཀར་སྤུན་གསུམ་གྱི་བཙུན་མོ་ཡིན་ལ། དེ་དག་གི་རྩེ་མོའང་བྲག་དཀར་སྤུན་གསུམ་གྱི་ཕྱོགས་ལ་འཁོར་ཡོད། བྲག་དཀར་སྤུན་གསུམ་ལ་སྐུ་སྲིང་གསུམ་ཡོད་དེ།   དེ་དག་ལས་ཨ་ཅེ་དེའུ་དཀར་མ་ནི་བུ་མོ་ཡུལ་བཟུང་མ་ཡིན་པ་དང་། རི་བོ་དེའི་ལོགས་སུ་རི་ཕྲན་འགའ་ཡོད་པ་ནི་ཨ་ཅེ་དེའུ་དཀར་མའི་བྱིས་པ་ཡིན་པར་གྲགས་པས་ན་མིང་ལའང་དེའུ་ཕྲུག་ཅེས་འབོད། འབྲིང་བ་ལྕམ་སྒང་ནི་ཨ་མྱེས་འབའ་ཚེ་དུང་གི་ཐོར་ཅོག་ཅན་ལ་མནའ་མར་བརྫངས། ཕྱིས་སུ་བཟའ་ཟླ་གཉིས་མ་མཐུན་པར་ཁོ་མོ་ཕྱིར་རང་ཡུལ་ལ་འགྲོ་བའི་ལམ་བར་དུ་ཨ་མྱེས་བལ་བོའི་མདུན་ཕྱོགས་བརྒྱུད་ནས་འགྲོ་སྐབས།  ཁ་ཕྱིར་འཁོར་བས་གནས་དེར་ལུས་སོང་ཟེར། ཆུང་བ་སྣར་མ་ཕྱུག་མོ་ནི་རེབ་གོང་གོའུ་སྡེ་ཀ་རིང་ས་ཆར་ཡོད། ཨ་མྱེས་བྲག་དཀར་ལ་བློན་འཁོར་མང་དུ་མཆིས་ཤིང་། གཙོ་གྲས་ནི་ཐོག་དེའུ་རྫ་རྒན་དང་། ཝང་ཁྱ(ཁྲ)ཡེ། ཨ་མྱེས་བལ་བོ་སྤུན་གསུམ། མགར་གྲོང་བསྟན་སྐྱོང་བཅས་ཡིན་ཏེ། ཐོག་དེའུ་རྫ་རྒན་ནི་ཨ་མྱེས་བྲག་དཀར་གྱི་ཤར་སྒོ་སྲུང་བའི་བློན་པོ་ཡིན(ཁྲི་ཀའི་བདུད་ཤུལ་གྱི་ཁོངས་སུ་ཡོད)།   ཝང་ཁྱ་ཡེ་ནི་ལྷོ་སྒོ་སྲུང་བའི་བློན་པོ་ཡིན(སུམ་མདོའི་ཁོངས་སུ་ཡོད)།  ཨ་མྱེས་བལ་བོ་སྤུན་གསུམ་ནི་ནུབ་སྒོ་སྲུང་བའི་བློན་པོ་ཡིན(ཅོ་སེར་གྱི་ཁོངས་སུ་ཡོད)།  མགར་གྲོང་བསྟན་སྐྱོང་ནི་བྱང་སྒོ་སྲུང་བའི་བློན་པོ་ཡིན(ཁྲི་ཀའི་བདུད་ཤུལ་གྱི་ཁོངས་སུ་ཡོད)།  གཞན་ཨ་མྱེས་བྲག་དཀར་ལ་སྲས་གསུམ་ཡོད་པ་ནི་རྒྱལ་ཁའི་ཐོག་ལྷ་སྤུན་གསུམ་ཡིན་ཞིང་། དེ་དག་ལ་སོ་སོར་ཨ་མྱེས་རྨ་རྒྱལ་གྱི་སྲས་མོ་སྟེ། མང་སྟོད་ཀྱི་སྒེའུ་ལྷ་མོ་སྤུན་གསུམ་བག་མར་བསུས་པ་ཡིན་ཞེས་གྲགས་སོ། ། 


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། གནས་རི།