བཱ་ཟ་བོད་རིགས་ཡུལ་ཚོ་ཚེ་རུག་སྲིད་འཛིན་སྡེ་བའི་ལྷ་ཁང་ཐེམ་ཞེས་པར་གཡུང་དྲུང་བོན་གྱི་དགོན་ཤུལ་ཞིག་ཡོད། ངག་རྒྱུན་ལྟར་ན། སོ་ཕགསྔོན་པོ་དང་རྡོ། ཤིང་ལས་བསྐྲུན་པའི་ལྷ་ཁང་བརྩེགས་དགུ་ཐོག་མ་ཞིག་ཡིན་ཞིང་། ཕྱིས་མེར་བསྲེགས། ས་ཞིང་རྨོ་འདེབས་བྱས་དུས་ཤུལ་དུ་སོ་ཕག་དང་མཆོད་རྫས་སོགས་ཀྱི་ཆག་རོ་མང་པོ་རྙེད་ཐུབ་ཟེར། ལྷ་ཁང་ཐེམ་སྡེ་བའི་རྒྱུ་རིགས་དུད་ཁྱིམ་སྐོར་ཞིག་གིས་སོ་ཕག་བླངས་ཏེ། མཁར་གྱང་བརྩིགས་ཡོད་པ་ད་ལྟའང་མཐོང་རྒྱུ་ཡོད། སྔར་ལྷ་ཁང་གི་མདུན་དུ་རྩེ་མོ་དང་བང་རིམ་ཞིག་རལ་དུ་གྱུར་བའི་མཆོད་རྟེན་ཞིག་གི་གནའ་ཤུལ་ལྷག་ཡོད་ཀྱང་། ཕྱིས་སྡེ་བའི་རྒྱ་མི་ཞིག་གིས་མཆོད་རྟེན་གྱི་རྩ་བ་ལྷག་ལུས་གྱུར་བའང་བརྐོས་ནས་ཁོག་གཏེར་ཕྱུང་བར་བཤད། འབྲེལ་ཡོད་ཡིག་ཆ་ལྟར་ན། དགོན་པ་འདི་ཐོག་མར་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་ཚེ་རུག་སྡེ་བའི་ལྷ་ཁང་ཐེམ་དུ་བཞེངས། དགོན་ནམ་ལྷ་ཁང་དེ་ཆགས་པས་ས་ཆ་དེ་ལ་ད་ལྟའང་ལྷ་ཁང་ཐེམ་དུ་འབོད། ཧོར་ཆེན་པོའི་དུས་སུ་ཀརྨ་རོལ་བའི་རྡོ་རྗེ་མཆོག་གིས་བཀའ་བརྒྱུད་པའི་དགོན་པར་བསྒྱུར། དགོན་གནས་ཀྱང་བཀྲ་ཤིས་ཀྱུ་སྡེ་བར་སྤར། ཕྱིས་འདན་མ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གདན་དྲངས་ཏེ། དགོན་པ་ཀན་ཆེན་ལུང་པར་གནས་སྤར་ཏེ་བསྐྱར་བཞེངས་བྱས་ཤིང་། གྲུབ་མཐའ་དགེ་ལུགས་པར་བསྒྱུར། དགོན་མིང་ལ་ཀན་ཆེན་དགོན་ཐེན་ཆེན་ཐར་བ་གླིང་དུ་བཏགས་པར་བཤད།