སྡེ་འདིའི་མིང་ལ་སྲིབ་ནགས་དང་། གསུས་ནག སྤེལ་ནག་བཅས་སུ་འབོད་སྲོལ་ཡོད་ལ། སྟག་ལུང་ཡུལ་ཚོ་ནས་ལྷོ་ཕྱོགས་སུ་སྤྱི་ལེ13ཙམ་གྱི་མཚམས་སུ་ཨ་མ་ཀླུ་སྨན་གྱི་ཕང་བ་རུ་ཆགས་ཡོད། མཚོ་འཕགས་སྨི2841ཡོད་པ་དང་། གོ་ལའི་སྟེང་གི་གཞུང་ཐིག102.7.12དང་། འཕྲེད་ཐིག35.54.41སྟེང་དུ་གནས། བྲག་ཁང་དགོན་པའི་ལྷ་སྡེ་ཞིང་ཚོ་བ་ལྔ་བོའི་ནང་ཚན་ཡིན་ཞིང་སྔོན་ཆད་སྡེ་འདིའི་སྲིབ་ཕྱོགས་སུ་ནགས་ཧ་ཅང་མང་བས་སྡེ་མིང་ལ་སྲིབ་ནགས་ཞེས་ཐོགས། ད་ལྟ་མི་མང་པོ་ཞིག་གིས་སྤེལ་ནག་ཅེས་རྒྱུན་འབྱམས་སུ་བརྗོད་ཀྱི་ཡོད་པ་དང་། ཁུངས་ཐུབ་པའི་ལོ་རྒྱུས་སུའང་དེ་ལྟར་བཀོད་ཡོད་དེ། སྡེ་བ་འདིར་འཁྲུངས་པའི་སྤྲེལ་ནག་པ་འཕྲིན་ལས་རྒྱ་མཚོས་ཀྱང་སྤེལ་ནག་ཅེས་བྲིས་འདུག་པ་ལྟ་བུའོ། ། སྡེ་འདིའི་གཡས་གཡོན་དུ་སྔོན་ཆད་རྩྭ་ཆུ་ཧ་ཅང་འཛོམས་པས་ནོར་ལུག་མང་བའི་ཕྱུག་སྡེ་ཞིག་ཡིན་པར་བཤད། བཅིངས་གྲོལ་རྗེས་སུ་ཡུལ་འཐོར་བྱུང་ནས་ཁྱིམ་ཚང་མང་པོ་ཞིག་དེང་གི་མང་རྫོང་བྱ་མདོ་ན་སྲིབ་ནགས་ཞེས་སྡེ་བ་གསར་དུ་ཆགས་ཤིང་སྔ་མའི་སྡེ་མིང་མ་འགྱུར་བར་ཡོད། སྡེ་བ་དེའི་གཞིས་བྱེས་གཉིས་ཀྱི་སྐྱེས་ལྷ་ནི་ཨ་མེས་བྲག་དཀར་ཡིན། སྤྱི་ཚོགས་གསར་བའི་མགོ་ཙམ་ནས་ཧོས་ཧོས་མང་པོ་ཞིག་རུ་ཡོང་ནས་གཞིས་ཆགས་ཤིང་ད་ལྟའི་བར་དུ་ཁྱིམ་ཚང60ལྷག་འདུག གནའ་དུས་ཡུལ་དེའི་གཡས་གཡོན་དང་གོང་ཞོལ་དག་ཏུ་ནགས་ཡོད་པའི་རྒྱུ་མཚན་མང་པོ་ཡོད་པ་སྟེ། དབྱར་དྲག་ཆར་བབས་ཚེ་ཆུ་ལོག་གིས་ཁུར་འོང་བའི་ཤིང་སྡོང་དང་ཤིང་སྡོང་གི་རྩ་རྩད་མང་པོ་སྡེ་འདབས་སོགས་སུ་འཐུ་རྒྱུ་ཡོད་པར་གྲགས་ལ། ད་ལྟ་བོད་རིགས་མེད་པའོ།