སྡེ་བ་འདི་གདོང་དམར་སྣ་རི་བོའི་ཤར་ལྷོ་ན་ཡོད་ཅིང་ཀ་མདོ་ཡུལ་ཚོ་ནས་ཤར་དུ་སྤྱི་ལེ30ཡི་མཚམས་སུ་ཡོད། གོ་ལའི་གཞུང་ཐིག102.20.41.17དང་། འཕྲེད་ཐིག་35.53.31.20སྟེང་དུ་གནས་ཡོད། མཚོ་འཕགས་སྨི1919ཡོད། སྡེ་འདིའི་མཆེད་ཁུངས་གཙོ་བོ་ནི་ཡ་རྫི་ནས་ཡིན་པ་དང་། ད་ལྟ་ཁྱིམ་ཚང270ཙམ་ཡོད། ཨ་བསྟན་ཞེས་པ་ནི་ཟ་ལར་སྐད་ཀྱི་ཤུག་པ་དང་ས་དཀར་དུ་གོ་ཞེས་འགྲེལ་རྒྱག་མཁན་ཡོད་མོད། ཡིན་པ་ནི་ཡུལ་འདིའི་ས་འཛིན་གྱི་སྔ་བ་སྟེ་ཐོག་མར་གཞི་ཚུགས་མཁན་གྱི་དཔོན་ཨ་བསྟན་འབུམ་ལ་ཟེར་བ་དང་ད་ལྟ་ནགས་རྒྱ་དཔོན་ཚང་ཞེས་པའི་དཔོན་རབས་ཐོག་མའི་མིང་ཡིན། རྨ་ཆུའི་འགྲམ་ན་ཁོང་གི་མཁར་ཤུལ་ཡང་ད་ལྟ་མཐོང་རྒྱུ་ཡོད་པར་མ་ཟད། གཞི་ཤུལ་དུ་གནའ་བོའི་བླ་སྡོང་རེད་ཟེར་བའི་སྡོང་བོ་ཆེན་པོ་ཞིག་ཡོད། དེ་ལོ་ངོ་བརྒྱད་བརྒྱ་ལྷག་འགོར་ཡོད་པར་བཤད། སྡོང་བོ་དེའི་གྲིབ་བསིལ་འོག་གི་ས་ནི་རང་བྱུང་རྨ་ནད་སོགས་ལ་ཕན་པར་བཤད་པས་ཆེད་དུ་མཇལ་བསྐོར་ལ་ཡོང་མཁན་ཡང་ཡོད་སྐད་དོ། །