མཛོ་མོ་མཁར་དགོན་པ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2023-05-19 10:30ལ་འགྲུབ།

མཛོ་མོ་མཁར་དགོན་པ།

​དགོན་པ་འདི་ནི་མིན་ཧོ་རྫོང་གི་ཤར་ལྷོའི་ཕྱོགས་ཀྱི་མཛོ་མོ་མཁར་ལུང་པའི་སྟོད་ཕྱོགས་ཏེ་ཀྲོན་དོ་ཡུལ་ཚོའི་མཛོ་མོ་མཁར་སྡེ་བ(རྒྱ་མིང་ལ"红花村"ཟེར་མོད། དེ་ནི་མཛོ་མོ་མཁར་ལ“弘化寺”དང་"红花寺”、“洪化寺”“宏化寺” “红华寺” “红花寺” ཟེར་བའི་“红花”ཟེར་བ་ནས་སྡེ་བ་ལ་ཡང “红花村”ཞེས་མིང་ཐོགས་པ་གསལ་བོ་ཡིན)ན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
弘化寺
བཞེངས་མཁན།
ཤཱཀྱ་ཚུལ་ཁྲིམས།
བཞེངས་ལོ།
སྤྱི་ལོ1434ལོ།
གནས་ཡུལ།
མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་གི་ཤར་ལྷོའི་ཕྱོགས་ཀྱི་མཛོ་མོ་མཁར་ལུང་པའི་སྟོད་ཕྱོགས་ཏེ་ཀྲོན་དོ་ཡུལ་ཚོའི་མཛོ་མོ་མཁར་སྡེ་བ།
1 ངོ་སྤྲོད། 

དགོན་པ་འདི་ནི་མིན་ཧོ་རྫོང་གི་ཤར་ལྷོའི་ཕྱོགས་ཀྱི་མཛོ་མོ་མཁར་ལུང་པའི་སྟོད་ཕྱོགས་ཏེ་ཀྲོན་དོ་ཡུལ་ཚོའི་མཛོ་མོ་མཁར་སྡེ་བ(རྒྱ་མིང་ལ"红花村"ཟེར་མོད། དེ་ནི་མཛོ་མོ་མཁར་ལ“弘化寺”དང་"红花寺”、“洪化寺”“宏化寺” “红华寺” “红花寺” ཟེར་བའི་“红花”ཟེར་བ་ནས་སྡེ་བ་ལ་ཡང “红花村”ཞེས་མིང་ཐོགས་གསལ་བོ་ཡིན།)ན་ཡོད། དགོན་པ་འདི་ནི་མིང་རྒྱལ་རབས་ཀྱི་གོང་མ་མིང་ཁྲུན་ཙོ(明成祖)ཡིས་སྤྱི་ལོ1408ལོར་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་བ་ཆེན་པོ་རྒྱ་ནག་ལ་གདན་འདྲེན་ཞུས་མོད། ཁོང་ཕེབས་མ་ཐུབ་པས་ཐུགས་ཀྱི་སྲས་པོ་ཤཱཀྱ་ཡེ་ཤེས་མཆོག་ཁོང་ཚང་གི་ཚབ་ཏུ་རྒྱ་ནག་རྒྱལ་ས་ནན་ཅིན་དུ་མངགས་ནས་གོང་མ་མིང་ཁྲུན་ཙོ་དང་མཇལ། གོང་མས་ཤཱཀྱ་ཡེ་ཤེས་ལ། ཐམས་ཅད་མཁྱེན་པ། བློ་གྲོས་ཆེན་པོ། ཀུན་གྱི་སྐྱོབ་པ། བྱམས་པ་ཆེན་པོ། ཡངས་པའི་རྒྱལ་ཁམས་ཐམས་ཅད་བདེ་བར་སྦྱོར་བ། ཀུན་གྱི་གཙུག་ཏུ་དབང་བསྐུར་བ། ནུབ་ཕྱོགས་ཀྱི་རྒྱལ་པོའི་སྲས་པོ། སྐྱིད་པའི་རྒྱལ་སྲིད་མི་འགྱུར་བརྟན་པའི་བླ་མ་ཆེན་པོ། ཏཱ་ཀོའུ་ཤྲི་བྱམས་ཆེན་ཆོས་རྗེ། ཞེས་པའི་མཚན་གནང་ནས་བཀུར་བཟོ་ཆེན་པོ་གནང་། ཕྱིར་ལོག་རྗེས་སྤྱི་ལོ1434ལོར་སླར་ཡང་རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཕེབས་པའི་ལམ་བར་དུ་ད་ལྟའི་མཛོ་མོ་མཁར་གནས་པའི་ས་ཆ་འདི་བརྒྱུད་ནས་སོང་ལ། དེ་དུས་ཁོང་ལ་གནས་འདིར་དགོན་པ་ཞིག་འདེབས་པའི་དགོངས་པ་སྐྱེས་ཤིང་ཐུགས་སྲས་ཤཱཀྱ་ཚུལ་ཁྲིམས་ལ་དགོན་པ་ཆུང་ངུ་ཞིག་འདེབས་སུ་བཅུག མིང་ལ་དམ་ཆོས་ཐར་བ་གླིང་ཞེས་བཏགས། སྤྱི་ལོ1435ལོར་བྱམས་ཆེན་ཆོས་རྗེ་དགུང་ལོ་གྱ་གཉིས་ལ་ཕྱིར་བོད་དུ་ལོག་སྐབས་མཛོ་མོ་མཁར་གྱི་ས་ཆ་འདིར་བོད་ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན་སྐུ་གཤེགས།(པེ་ཅིང་དུ་གཤེགས་པའི་བཤད་ཚུལ་ཡང་ཡོད)ཆོས་རྗེ་བསོད་ནམས་ཤེས་རབ་དང་སེང་གེ་བཟང་པོས་དམ་ཆོས་ཐར་བ་གླིང་དུ་གདུང་མཆོད་སོགས་རྒྱ་ཆེན་མཛད་དེ་སྐུ་གདུང་མཆོད་རྟེན་བཞེངས། སྤྱི་ལོ1442ལོར་གོང་མ་ཡུན་ཙུང་གིས་བཀའ་ཕབ་ནས་དགོན་པ་བཏབ། དགོན་མིང་ལ་ཧོང་ཧྭ་ཞེས་པའི་རྒྱ་མིང་གོང་ནས་བསྩལ། བུ་ཆེན་སེང་གེ་བཟང་པོ་གདན་ས་བཞག་ཅིང་དེའི་རུས་རྒྱུད་ཕྱི་མས་གོ་ཤྲཱི་དང་ཁྲན་ཤྲཱི་ཡི་ཐོབ་རྒྱུད་འཛིན་བྱས་ཆོག་པ་དང་མཐའ་འཁོར་གྱི་ཡུལ་སྡེ་མང་པོ་ལྷ་སྡེ་རུ་བསྩལ། དགེ་འདུན་གྱི་སྡེ་བཙུགས། གཞུང་གི་དམག་མི55དགོན་སྡེའི་སྲུང་པར་བཞག་ཡོད། བུ་ཆེན་སེང་གེ་བཟང་པོའི་རུས་རྒྱུད་ཕྱི་མའི་རུས་ཀྲང་དུ་གྱུར་ལ། བུ་ཆེ་བས་དགོན་པར་བདག་སྐྱོང་བྱེད་པ་ཡིན་ལ། ཏུའུ་ཀང(都纲)ཞེས་པའི་ཐོབ་ཀྱང་རྒྱུད་འཛིན་བྱེད། ཀྲང་ཚང་ནི་ད་ལྟའི་ཀྲོན་དོ་ཡུལ་ཚོའི་ཆན་ཕིན་སྡེ་བའི་ཙད་ཙི་ཧྲེད་ན་ཡོད་ལ། ད་ལྟ་སེང་གེ་བཟང་པོ་ནས་མི་རབས་སོ་བརྒྱད་པར་སླེབས་ཡོད་ཟེར། མཛོ་མོ་མཁར་དགོན་པ་ནི་མཛོ་མོ་མཁར་ནང་དུ་ཡོད་ལ། མཁར་གྱི་ལྷོ་བྱང་གི་རིང་ཚད་ལ་སྨི260དང་ཤར་ནུབ་ཀྱི་རིང་ཚད་ལ་སྨི150དང་མཐོ་ཚད་ལ་སྨི11.7 དང་། མཁར་རྟིང་གི་མཐུག་ཚད་ལ་སྨི14དང་ཁའི་མཐུག་ཚད་ལ་རྨིད3བཅས་ཡོད། མཁར་གྱི་ཆེ་ཆུང་ལ་ཕལ་ཆེར་སྨི་གྲུ་བཞི་མ39000ཡོད། སྔོན་ཆད་མཁར་ནང་དུ་གཙུག་ལག་ཁང་ཁྱད་དུ་འཕགས་པ་བསྐྲུན་ཡོད་པ་དང་བྱམས་ཆེན་ཆོས་རྗེ་ཡི་སྐུ་གདུང་མཆོད་རྟེན། རྒྱལ་པོས་བཞེངས་པའི་འདྲ་སྐུ། བཀའ་འགྱུར་གསེར་བྲིས་ཁྱད་འཕགས་དང་གསེར་དངུལ་སྤེལ་མ། བསྟན་འགྱུར་མཚལ་པར། བཞུགས་ཁྲི་ཉ་ཕྱིས་སོགས་ཀྱི་ཕྲ་ཅན། ཆིབས་སྒ་ཆ་ཚང་སྲབ་བཅས་སོགས་བཞུགས། ཆིང་ཐུང་ཀྲི་ཁྲི་ལོ་བཅུ་གཅིག་པ་སྟེ་སྤྱི་ལོ1872ལོའི(བོད་རབ་བྱུང་བཅོ་ལྔ་བའི་ཆུ་སྤེལ་ལོ)ཧོས་འཁྲུག་གིས་དགོན་པ་མེ་བསྲེགས་པས་ཕྱིར་བསྐྱར་བཞེངས་མཛད་མོད་དེ་ནས་རིམ་བཞིན་ཉམས་པར་གྱུར། སྤྱི་ལོ1958ལོའི་སྔོན་དུ་གྲྭ་བ18དང་བླ་མ1ཡོད་ལ་ཁོང་གི་མིང་ལ་མེས་སྐལ་བཟང་ཟེར། སྤྱི་ལོ1967ལོར་དགོན་པ་བཤིག སྤྱི་ལོ1983ལོར་ཆོས་སྒོ་ཕྱེ། དེ་ནས་རིམ་བཞིན་འདུ་ཁང་དང་ནང་ཆེན། གྲྭ་ཤག་སོགས་བསྐྱར་བཞེངས་བྱས། ད་ལྟ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱི་སྐུ་གདུང་མཆོད་རྟེན་བསྐྱར་བཞེངས་བྱས་ཡོད་ལ། དེའི་གཟུངས་བཞུགས་ནི་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་གི་ན་བཟའ་ཆ་ཚང་དང་གསོལ་ཕོར་ཆ་ཚང་། ཆིབས་སྒ་ཆ་ཚང་བཅས་ཡིན་ཟེར། དེའི་མདུན་དུ་ཚོགས་ཆེན་འདུ་ཁང་ཆེན་མོ་ཡོད་ལ། འདུ་ཁང་དུ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་གི་སྐུ་མཐོ་ཚད་ལ་སྨི་གཉིས་ཅན་ཞིག་བཞེངས་ཡོད་ལ། དེའི་རྒྱབ་ན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་གི་སྐུ་གདུང་མཆོད་རྟེན་གསེར་གྱིས་བཞེངས་པ་སྨི་གཅིག་ཅན་ཞིག་ཡོད། བཤད་ཚུལ་ལྟར་ན་རིག་གསར་གྱི་རྗེས་ཏག་ཏག་ལ་སྐུ་གདུང་མཆོད་རྟེན་ནི་རྒྱུ་ཤིང་ལས་བྱས་པ་ཡིན་པ་དང་དེའི་འཕྲོར་རྒྱུ་དངུལ་ལས་བྱས་ཤིང་། ད་ལྟ་རྒྱུ་གསེར་ལས་བྱས་ཡོད་ཟེར་ལ། སྔོན་གྱི་ཤིང་གི་མཆོད་རྟེན་དང་དངུལ་གྱི་མཆོད་རྟེན་ནི་ད་ལྟ་ཡང་འདུ་ཁང་གི་གཡོན་ལོགས་སུ་ཁང་པ་ཞིག་ཏུ་དངོས་སུ་མཇལ་རྒྱུ་འདུག ད་དུང་གོང་མས་ཆོས་རྗེ་ལ་གནང་པའི་གཟིམ་ཁྲི་རྒྱུ་ཙན་དན་སྟེང་ཉྭ་ཕྱིས་ཕྲ་རྒྱན་པ་ཞིག་དང་གནའ་བོའི་དཔེ་རྙིང་གི་གླེགས་ཤིང་གསུམ་བཅས་ཡོད་ལ། གཡས་གཡོན་ན་རྗེས་ཡབ་སྲས་གསུམ་གྱི་སྐུ་དང་ཐང་ག་སོགས་མང་པོ་ཡོད་པར་མ་ཟད། བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་ཡང་འདུ་ཁང་གི་གཡས་གཡོན་དུ་བརྩིགས་ཡོད། ཚོགས་ཆེན་འདུ་ཁང་གི་གཡས་གཡོན་ན་སྔོན་གྱི་ཚོགས་ཆེན་འདུ་ཁང་གི་ཀ་རྡོ་ཆེན་པོ་མཐོང་རྒྱུ་ཡོད་ལ། དེ་ལས་ཀྱང་སྔོན་གྱི་འདུ་ཁང་སོགས་དགོན་པ་ཧ་ཅང་ཆེ་བ་ཤེས་ཐུབ། གཞན་གསར་དུ་བཞེངས་པའི་ཡུལ་ལྷ་གཞི་བདག་གི་ལྷ་ཁང་དང་རྒྱའི་བཙུན་པ་ཐང་ཟིན་དང་རྒྱའི་ལུགས་སུ་བཞེངས་པའི་སྤྱན་རས་གཟིགས་ཀྱི་འབག་སྐུ་སོགས་ཀྱི་ལྷ་ཁང་ཡོད། མཁར་སྒོ་ནས་ཡར་གོམ་པ་བཞི་ལྔ་ཙམ་སོང་ན་ཀ་རྡོ་ཆེན་པོ་བཞི་མཐོང་རྒྱུ་ཡོད་ལ་དེ་ནི་སྔོན་གྱི་རྒྱལ་ཆེན་རིགས་བཞིའི་ལྷ་ཁང་གི་ཤུལ་ཡིན་ཟེར། མཁར་ནང་གི་ཤར་ཕྱོགས་སུ་ཙན་དན་སྡོང་བོའམ་བྱང་ཆུབ་ཀྱི་ཤིང་གི་སྡོང་བོ་ཞིག་ཡོད། དེ་ནི་བྱམས་ཆེན་ཆོས་རྗེ་མཆོག་བཞུགས་པའི་ཤིང་རྟ་འདྲུད་པའི་མཛོ་མོ་ལ་འབྲབ་བྱེད་ཀྱི་ལྕག་གི་ཡུ་བའི་དབྱུག་པ་གནས་དེར་བསྐྱུར་བ་ལས་ཤིང་སྡོང་དུ་སྐྱེས་པ་ཡིན་ཟེར། གཞན་གོ་ཤྲཱི་ཡི་སྒར་བ་སོགས་ཀྱང་ཡོད། དགོན་པ་ཆགས་པའི་མཁར་གྱི་རྒྱབ་ན་མཁར་ཤུལ་ཅུང་ཞིག་རུལ་དུ་གྱུར་བ་ཞིག་ཡོད་ལ། དེ་ནི་སྔོན་གྱི་མཛོ་མོ་མཁར་ཞེས་པ་ཡིན་ཟེར། དགོན་པ་ཆགས་པའི་མཁར་གྱི་ཤར་ཕྱོགས་ན་ཡང་མཁར་ཤུལ་མཐོ་ཚད་ལ་སྨི5ནས6ཙམ་དང་ཞེང་ལ2ཙམ་ཞིག་ཡོད་ལ། དེ་ནི་སྔོན་དགོན་པ་ཧ་ཅང་དར་རྒྱས་ཆེ་པའི་སྐབས་སུ་གྲྭ་པ་མང་དྲག་ནས་མཁར་ཆེ་བའི་ནང་དུ་མ་ཤོང་པས་ཤར་ཕྱོགས་ཀྱི་མཁར་དེ་བརྩིགས་པ་ཡིན་ཟེར། རྒྱ་བསྐྱེད་བྱས་ནས་བརྩིགས་པའི་མཁར་དེའི་རྒྱབ་ཀྱི་ཤར་བྱང་ཕྱོགས་ཀྱི་གོམ་པ་བཅུ་ཙམ་གྱི་མཚམས་ན་ས་འབུར་ཞིག་ཡོད་ལ། དེ་ནི་བྱམས་ཆེན་ཆོས་རྗེ་ཡི་ཤིང་རྟ་འདྲུད་མཁན་མཛོ་མོ་དེར་ཤི་བར་བཞེངས་པའི་འབུམ་ཁང་གི་ཤུལ་ཡིན་ཟེར། དགོན་པ་ཆགས་པའི་མཁར་གྱི་སྒོ་ཆེན་ནི་བྱ་རྒྱལ་ཁྱུང་ཆེན་གྱི་མགོ་དང་མཚུངས་པ་དང་། རྒྱབ་ཀྱི་མཛོ་མོ་མཁར་ནི་བྱ་རྒྱལ་ཁྱུང་ཆེན་གྱི་རྔ་མ་དང་མཚུངས་ལ་གཡས་ཀྱི་དགོན་པ་རྒྱ་བསྐྱེད་དེ་བརྩིགས་པའི་མཁར་ནི་བྱ་རྒྱལ་ཁྱུང་ཆེན་གྱི་གཤོག་པ་ཡ་གཅིག་དང་མཚུངས་པས། གལ་ཏེ་མཁར་གྱི་གཡོན་ལོགས་ནས་ཡང་མཁར་གྱང་ཞིག་བརྩིགས་ཡོད་ཚེ། དགོན་པ་འདི་ཡང་བྱ་རྒྱལ་ཁྱུང་ཆེན་ཞིག་འཕུར་བ་བཞིན་དུ་མི་ཉམས་དར་རྒྱས་སུ་འགྲོ་བ་ཡིན་མོད། གཡོན་ལོགས་སུ་མཁར་གྱང་ཞིག་བརྩིགས་མེད་པ་དེ་ནི་བྱ་རྒྱལ་ཁྱུང་ཆེན་ལ་གཤོག་ཡ་གཅིག་མེད་པ་བཞིན་དུ་དགོན་པ་ཡང་དར་རྒྱས་སུ་འགྲོ་མ་ཐུབ་པར་ཆིང་རྒྱལ་རབས་དུས་ཀྱི་ཧོས་འཁྲུག་དང་རིག་གནས་གསར་བརྗེ་ཆེན་མོ་སོགས་ཀྱི་སྐབས་སུ་ཆག་འཇིག་ཐེབས་པ་ཡིན་སོགས་ཀྱི་བཤད་ཚུལ་ཡོད། མཁར་གྱི་སྒོ་ཆེན་སྟེང་དུ་བུད་ན་དེ་རུ་ཧོས་འཁྲུག་སྐབས་དགོན་པ་མེ་ལ་སྲེག་པའི་སོལ་བ་སོགས་ད་ལྟ་ད་རུང་མཐོང་རྒྱུ་ཡོད། མཁར་སྒོའི་མདུན་དུ་གཞུང་ལམ་ཞིག་ཡོད་ལ་གཞུང་ལམ་འགྲམ་ན་ས་སྒང་ཅུང་ཆེ་བ་ཞིག་ཡོད་ཅིང་། དེ་ནི་འབུམ་ཁང་ཞིག་གི་ཤུལ་ཡིན་ཟེར། གཞུང་ལམ་ནས་ཕར་གོམ་པ་བཅུ་ཙམ་སོང་ན་ལབ་ཙེ་ཞིག་འདུག དགོན་པ་འདི་ནི་སྤྱི་ལོ1988ལོའི་ཟླ9པའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ས་གནས་ལ་གཏན་འཁེལ་བྱས། དགོན་པ་འདིའི་དགོན་བདག་ནི་ཨ་ལགས་སྐལ་བཟང་རྒྱ་མཚོ་ཚང(米国泰)ཡིན་ལ། ད་ལྟ་དགོན་པ་འདིར་གྲྭ་བ6ལྷག་ཡོད་ཅིང་ཚང་མ་རྒྱ་རིགས་དང་ཧོར་རིགས་ཡིན། ཁོ་ཚོ་དུས་རྒྱུན་དགོན་པར་བསྡད་མེད་ལ་རེས་མོས་ཀྱིས་གྲོང་ཆོག་ལ་འགྲོ་དགོས་ཟེར། དགོན་པ་འདིའི་མཐའ་འཁོར་གྱི་སྡེ་བ་ཚང་མ་རྒྱ་རིགས་དང་ཧོར་རིགས་རེད།