ཕིན་ཨན་ཟི་དགོན་པ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2023-05-19 08:36ལ་འགྲུབ།

ཕིན་ཨན་ཟི་དགོན་པ།

དགོན་པ་འདི་ནི་མིན་ཧོ་རྫོང་ཁོངས་སྐྱེས་རིའི་རི་རྒྱུད་ཀྱི་སྲིབ་ཕྱོགས་སྨན་ཆུ་ལུང་པའི་སྟོད་དེ་སྨན་ཆུའི་དར་རྒྱས་རི་ཁྲོད་ཀྱི་སྟོད་ཀྱི་མིན་ཧོ་རྫོང་ཀོའུ་ཧྲན་གྲོང་རྡལ་ཧྲན་ཀྲོང་སྡེ་བ(山庄村)རུ་ཡོད་ལ། སྨན་ཆུའི་དར་རྒྱས་རི་ཁྲོད་དགོན་པའི་དགོན་ལག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平安寺
གནས་ཡུལ།
མིན་ཧོ་རྫོང་ཁོངས་སྐྱེས་རིའི་རི་རྒྱུད་ཀྱི་སྲིབ་ཕྱོགས་སྨན་ཆུ་ལུང་པའི་སྟོད་དེ་སྨན་ཆུའི་དར་རྒྱས་རི་ཁྲོད་ཀྱི་སྟོད་ཀྱི་མིན་ཧོ་རྫོང་ཀོའུ་ཧྲན་གྲོང་རྡལ་ཧྲན་ཀྲོང་སྡེ་བ།
མིང་གཞན།
ཡོ་ཧྲིན་ཟི་སྟེ་སྨན་བླའི་དགོན།
1 ངོ་སྤྲོད། 

དགོན་པ་འདི་ནི་མིན་ཧོ་རྫོང་ཁོངས་སྐྱེས་རིའི་རི་རྒྱུད་ཀྱི་སྲིབ་ཕྱོགས་སྨན་ཆུ་ལུང་པའི་སྟོད་དེ་སྨན་ཆུའི་དར་རྒྱས་རི་ཁྲོད་ཀྱི་སྟོད་ཀྱི་མིན་ཧོ་རྫོང་ཀོའུ་ཧྲན་གྲོང་རྡལ་ཧྲན་ཀྲོང་སྡེ་བ(山庄村)རུ་ཡོད་ལ། སྨན་ཆུའི་དར་རྒྱས་རི་ཁྲོད་དགོན་པའི་དགོན་ལག་ཡིན། རྒྱ་མིང་ལ་ཕིན་ཨན་དགོན་དང་ཡོ་ཧྲིན་ཟི་སྟེ་སྨན་བླའི་དགོན་ཡང་ཟེར། དེ་ནི་ཁྱིས་ལི་སྨན་ཆུའི་ཉེ་སར་ཡོད་པས་དེ་ལྟར་བཏགས་པ་ཡིན་པར་འདོད། བཤད་རྒྱུན་དུ་ཐང་རྒྱལ་རབས་དུས་ཀྱི་སྨན་པ་གྲགས་ཅན་སུང་སི་མོད་ཅེས་པས་གོང་མས་ནད་དྲགས་པར་མཛད་པས་ནུབ་བྱང་སྨན་པའི་རྒྱལ་པོ་ཞེས་པའི་གཟེངས་བསྟོད་མཛད་དེ་ཞྭ་གོས་ལྷམ་སེར་པོ་གནང་བ་དང་། ཁོང་ས་ཆ་འདིར་སྨན་འཐུ་རུ་ཡོང་བ་དང་འདི་ནས་བྲག་ཕུག་ཅིག་ཏུ་བསྡད་པས། ས་ཆ་དེའི་ཡུལ་མིས་བྲག་ཕུག་དེར་སྨན་པའི་རྒྱལ་པོའི་བྲག་ཕུག་ཟེར། བྲག་ཕུག་གི་གོང་ན་རྒྱ་ནག་ལུགས་ཀྱི་མཆོད་ཁང་ཞིག་བཞེངས་ཡོད་ལ། མིང་ལ་སྐུ་བརྙན་ཁང་ཟེར། དེར་སྨན་པའི་རྒྱལ་པོ་སུང་སི་མོད་ཀྱི་སྐུ་བརྙན་ཡོད། རབ་བྱུང་བཅུ་གསུམ་པའི་ཤིང་མོ་སྦྲུལ་ལོ་སྟེ་ཆིང་ཆན་ལུང་ཁྲི་ལོ་ལྔ་བཅུ་བ། སྤྱི་ལོ1785ལོར་བྲག་ཕུག་དེའི་མདུན་དུ་ཡོ་ཧྲིན་ཟི་སྟེ་སྨན་བླའི་དགོན་བཏབ། སྨན་ཆུ་དར་རྒྱས་རི་ཁྲོད་ལས་གྱེས་པའི་བཤད་ཚུལ་ཡང་ཡོད། སྤྱི་ལོ1958ལོའི་སྔོན་དུ་དགོན་པ་འདིར་ལྷ་ཁང་དང་གྲྭ་ཤག་གྱན་ཉི་ཤུ་ལྷག་ཡོད་པ་དང་གྲྭ་བ13ཡོད། ལྷ་ཁང་དུ་རྗེ་ཙོང་ཁ་པ་དང་། དཔལ་ལྡན་ལྷ་མོ། སྒྲོལ་མ་སོགས་ཀྱི་འདྲ་སྐུ་ཡོད་པར་བཤད། སྤྱི་ལོ1967ལོར་དགོན་པའི་སྒོ་བརྒྱབ། སྤྱི་ལོ1987ལོར་ཆོས་སྒོ་ཕྱེ། སྤྱི་ལོ1989ལོ་ལ་བསྐྱར་གསོ་ཐེངས་གཅིག་བྱས་པ་དང་། ད་ལྟ་དགོན་པ་དེ་རུ་འདུ་ཁང་གཅིག་དང་འཇམ་དབྱངས་ལྷ་ཁང་གཅིག སྨན་བླའི་ལྷ་ཁང་གཅིག གཞན་གྲྭ་ཤག་བརྒྱད་ལྷག་ཡོད། ད་ལྟ་འདུ་ཁང་དུ་རེབ་གོང་ས་དཀྱིལ་སྡེ་བའི་ལྷ་བཟོ་ལྷ་འབུམ་རྒྱལ་གྱིས་བཞེངས་པའི་རྗེ་ཙོང་ཁ་པའི་ཐང་ག་ཆེན་མོ་གཅིག་དང་། གཞན་དཔལ་ལྡན་ལྷ་མོ་དང་འཇིགས་བྱེད་གཉིས་ཀྱི་ཐང་ག་རེ་གཡས་གཡོན་དུ་བཤམས་ཡོད། དགོན་པ་འདི་རུ་ད་ལྟ་གྲྭ་པ་གཅིག་ཡོད་ལ་རྒྱ་རིགས་ཡིན། གྲྭ་མིང་ལ་ཡུམ་པ་རྒྱ་མཚོ་ཟེར། ཁོས་དུས་རྒྱུན་སྐྱ་བོའི་ལྭ་མནབས་ནས་ཡོད་ལ་གྲོང་ཆོག་དང་ཆོས་འདོན་དུས་ད་གཟོད་གྲྭ་ལྭ་གྱོན་བཞིན་ཡོད་ཅེས་དགོན་པའི་དཀོན་གཉེར་བས་ལབ་བྱུང་། ཁོས་བོད་སྐད་བཤད་མི་ཤེས་ཀྱང་ཆོས་འདོན་དུས་བོད་སྐད་ཀྱིས་འདོན་བཞིན་ཡོད་ཟེར། ཟླ་དྲུག་པའི་ཚེས་དྲུག་ནི་ས་འདིའི་ཧྭ་ཨར་དུས་ཆེན(华儿节)ཡིན་ལ་དེ་དུས་དགོན་པ་གཞན་པའི་གྲྭ་པ་གདན་འདྲེན་བྱས་ནས་ཉིན་གསུམ་ལ་ཚོས་འདོན་བཞིན་ཡོད། གཞན་ཡང་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་ཏེ། བཅུ་བའི་ལྔ་མཆོད་ལ་ཉིན་གཉིས་རིང་ཆོས་འདོན་པ་ཡིན་ཟེར།