དགོན་པ་འདི་ནི་མིན་ཧོ་རྫོང་གི་ལྷོ་ནུབ་ཕྱོགས་ཏེ་སྐྱེས་རིའི་རི་རྒྱུད་ཀྱི་སྲིབ་ཕྱོགས་བཱ་ཇོ་ལུང་པའི་སྟོད་དུ་ལུང་ལག་གཉིས་ཡོད་པའི་ནུབ་ཀྱི་ལུང་པ། ནུབ་ལུང་ཡུལ་ཚོའི་ཀར་ཚང 百家藏སྡེ་བའི་གོང་དུ་ཆགས་ཡོད། བཱ་ཇོ་དགོན་པར་རྒྱ་མིང་ལ“宏山寺、红善寺"ཡང་ཟེར། དེ་ཡང་དགོན་པ་ཐོག་མར་སུས་བཏབ་པ་ལ་བཤད་ཚུལ་མི་འདྲ་བ་ཡོད་དེ། བཤད་ཚུལ་གཅིག་ནི་བསམ་བློ་ཨ་ཞང་མ་ཉྫུ་་ཤྲཱི(མཛོད་དགེ་ཨ་སེང་བླ་མ་བྱ་བ་སོག་པོ་ཨལ་ཐན་རྒྱལ་པོ་ལ་རྒྱལ་བ་གསུམ་པ་ངོ་སྤྲོད་བྱེད་མཁན་དེ་ཡིན་པར་འདོད་མཁན་ཡང་ཡོད།)བྱ་བ་སོག་པོ་ནས་གཞོང་ཐང་ལ་ཕེབས་ནས་བཱ་ཇོ་ས་ཆའི་བྲག་དམར་པོ་(ཏཱ་ཐན་སྡེ་བའི་ཉག་ག་དམར་པོ་ཟེར་བ་དེར)བྲག་ཕུག་དུ་མ་ཡོད་པ་ཞིག་ལ་འདུ་ཁང་དང་ལྷ་ཁང་བཞེངས་ནས་བསྟན་པ་དར་རྒྱས་གླིང་ཞེས་པའི་དགོན་པ་ཞིག་བཏབ་དང་གྲྭ་པ་བསྡུས་ཏེ་འཆད་ཉན་སྤེལ། ཁོང་ཉིད་ཕྱིར་སོག་པོའི་ཡུལ་ཞི་ལེ་ཐུ་ཁུ་རལ་ཆི་ཞེས་པར་ཕེབས་ནས་བསྟན་པའི་བྱ་བ་མཛད་པ་དང་ཆོས་སྲིད་ཀྱི་བདག་པོ་ལྟ་བུར་གྱུར། དེའི་ཕྱིར་དགོན་པའི་མིང་ལ་རྒྱས་བྲག་དམར་དགོན་སྟེ “红山寺"ཟེར། སེ་ཆེན་ཆོས་རྗེ་སྦྱིན་པ་རྒྱ་མཚོ་ཉི་ཐང་དགོན་འདབས་ཀར་གྱི་རིགས་སུ་འཁྲུངས་པ་དང་ལྔ་བ་ཆེན་མོ་དང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བཀའ་བཞིན་ཆིང་རྒྱལ་པོར་མཇལ་བ་དང་རྒྱལ་པོས་ཞི་ལེ་ཐུ་ཁུ་རལ་ཆི་ཡི་ཛ་སག་ཏཱ་བླ་མ་ཡི་ཐོབ་གནང་། ལྔ་བ་ཆེན་མོ་རྒྱ་ཡུལ་དུ་ཕེབས་པ་སོགས་ལ་བཀའ་དྲིན་ཆེ་བས་གོང་མ་ཧྲིན་ཀྲིས་ཁོང་ལ་བཀྭན་ཏིང་གི་ལས་ཀ་དང་ཆོས་སྡེ་གསར་བསྐྲུན་ལ་པེན་གནང་། སེ་ཆེན་ཆོས་རྗེ་ཡིས་ལྔ་བ་ཆེན་མོ་ཡར་ཕེབས་ལ་ཞབས་ཕྱི་བསྒྲུབ་པར་སྤྱི་ལོ1653ལོར་ཨ་མདོ་གཞོང་ཐང་བཱ་ཇོ་ལུང་པར་ཕེབས་ནས་བྲག་དམར་སྟེང་གི་བཱ་ཇོ་དགོན་ད་ལྟའི་དགོན་སྡེ་སྡེ་བ(官地村)ཞེས་པར་གནས་སྤོར་དུ་བཅུག དེ་རུ་འདུ་ཁང་དང་གྲྭ་ཤག་སོགས་བཞེངས་མོད་རྒྱ་དེ་འདྲ་ཆེན་པོ་མིན་པར་བཤད། སྤྱི་ལོ1663ལོར། བསམ་བློ་བ་སྦྱིན་པ་རྒྱ་མཚོས་བཱ་ཇོ་ནང་སོ་དང་གྲོས་མོལ་བྱས་ཐོག བཱ་ཇོ་དགོན་པ་དེ་སླར་ཡང་དགོན་སྡེ་སྡེ་བ་ནས་གནམ་མཐོང་འཕྲང(天井峡)གི་མདའ་རུ་གནས་སྤོས་ནས་གསར་བཞེངས་མཛད། བཱ་ཇོ་དགོན་པར་ཆིང་གོང་མ་ན་རིམ་གྱིས་གཟིགས་སྐྱོང་མཛད་པ་དང་། བསམ་བློ་བ། བཱ་ཇོ་ཆོས་རྗེ། མེརྒན་ཆོས་རྗེ། འཇམ་དབྱངས་ཆོས་རྗེ་བཅས་ཀྱི་ཐུགས་རྗེ་ཡིས་འདུ་ཁང་ཆེ་ཆུང་གཉིས་དང་། བཙན་ཁང་། ཇོ་ཁང་། བྱམས་ཁང་། སྒྲོལ་མའི་ལྷ་ཁང་། རྗེའི་ལྷ་ཁང་སོགས་བཞེངས་པ་དང་། མཚན་ཉིད་གྲྭ་ཚང་། རྒྱུད་པ་གྲྭ་ཚང་། སྨན་པ་གྲྭ་ཚང་། དུས་འཁོར་གྲུ་ཚང་དང་ཆོས་རྗེ་རྣམ་བཞིའི་ནང་ཆེན་བཞི་བཅས་ཡོད། དེ་དུས་གོང་མས་དགོན་པར་གྲྭ་གྲངས500ཐག་བཅད་བྱས་པ་དང་། ལོ་རེར་གྲྭ་གྲངས་ལྟར་དངུལ་སྲང500སྦྱིན། དང་ཐོག་བཱ་ཇོ་དགོན་པ་ཐང་རིང་གི་དགོན་ལག་ཡིན་མོད་ཕྱིས་སུ་བཱ་ཇོ་དགོན་པར་ཆིང་རྒྱལ་རབས་ཀྱིས་རྒྱབ་སྐྱོར་ཆེན་པོ་ཐོབ་པས་དགོན་པ་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་ཐང་རིང་ལས་སྒེར་ཚུགས་བཟུང་བ་མ་ཟད་རྒྱ་སྐྱིད་དགོན་བཀྲ་ཤིས་ཆོས་གླིང( 嘉吉寺) ལིས་ཀྱཱ་ཧོང་ཐན་ཟི(李家红滩寺)ཐིས་ཀྱཱ་ཟི(铁家寺) སྨན་ཆུ་དར་རྒྱས་རི་ཁྲོད(慈利寺) བཱ་ཇོའི་རི་ཁྲོད(火烧坡寺)དང་དཔའ་ལུང་རྫོང་གི་སེར་དྲིས་དགོན་དགའ་ལྡན་ཆོས་འཕེལ་གླིང(赛智寺)དང་ཨ་མགོན་རི་ཁྲོད(安关寺)སོགས་རང་གི་དགོན་ལག་ཏུ་གྱུར། ཕྱིས་སུ་སྤྱི་ལོ1895ལོ(ཀོང་ཞི་ཁྲི་ལོ་ཉེར་གཅིག)ལ་ཧོས་འཁྲུག་ལངས་ནས་ཆོས་སྡེར་སླར་ཡང་གཏོར་བརླག་བྱས། དུས་འཁྲུག་ཞི་བར་སོང་རྗེས། ཆོས་རྗེ་རིན་པོ་ཆེ་རྣམ་བཞི་དང་མཆོད་གཞིས་ལྷ་སྡེ་ཡིས་རིམ་བཞིན་གསར་བཞེངས་བྱས། སྤྱི་ལོ1932ལོར་དགོན་པར་གྲྭ་བ40ཡོད་པ་དང་སྤྱི་ལོ1949ལོར་གྲྭ་པ25ལས་མེད། ས་ཁྱི་ལོ་སྟེ་སྤྱི་ལོ1958ལོར་བཱ་ཇོ་དགོན་པའི་ཧྲུང་ཧྲུའི་གཙུག་ལག་ཁང་དང་གྲྭ་ཤག་ཁ་ཤས་ལས་ཚང་མ་མེད་པར་བཏང་། སྤྱི་ལོ1981ལོར་དགོན་པའི་སྒོ་ཕྱེ་ནས་ཆོས་སྡེ་བསྐྱར་བཞེངས་གསར་སྐྲུན་བྱས། དགོན་བདག་བླ་མ་ཨ་ལགས་བསམ་བློ་ཚང་ཡིན། དགོན་པའི་རྟེན་གཙོ་བོ་དཔལ་ལྡན་ལྷ་མོ་དང་ཇོ་བོ་རྒྱལ་མཚན་ཡིན། དགོན་པ་ལྷ་ཁང་དང་འདུ་ཁང་། གོང་མ་ཁང་ཞིའི(康熙)སྐབས་བཞེངས་པའི་ཧྲང་ཧྲོའུ་ཡོན(尚书院)བཅས་ཡོད། དགོན་པའི་རྒྱབ་དང་གཡས་མདུན་ཕྱོགས་ནགས་ཚལ་གྱིས་ཁེབས་ཡོད། དགོན་པའི་འགབ་ཏུ་དུད་ཁྱིམ60ལྷག་ཡོད་པའི་རུས་ཀར་ཅན་གྱི(白家)བོད་སྡེ་ཞིག་ཡོད། དགོན་པར་ད་ལྟ་གྲྭ་བཙུན9དང་དེ་ཁྲོད་བོད་རིགས་ཀྱི་གྲྭ་བ8དང་རྒྱ་རིགས་གྲྭ་བ1བཅས་ཡོད། དགོན་བདག་བླ་མ་དགོན་པར་མི་བཞུགས་པས་དགོན་པའི་དོ་དམ་སོགས་བྱ་བ་ཆེ་འབྲིང་ཆུང་གསུམ་ཡོད་དོ་ཅོག་དགོན་པའི་གྲྭ་བཙུན་དགེ་འདུན་དར་རྒྱས་གཙོས་གྲྭ་པ་དག་གིས་འགན་བཞེས་ཡོད། ད་ལྟ་དགོན་པར་དད་མོས་བྱེད་མཁན་གཙོ་བོ་ཡང་ཉེ་འཁོར་གྱི་རུས་ཀར་ཅན་གྱི(白家)བོད་པ་དག་དང་བཱ་ཇོ་ལུང་པའི་སྟོད་དུ་གནས་པའི་བོད་སྡེ་དང་བོད་ཚང་དག་ཡིན། སྔོན་ཆད་དགོན་པས་འཆམ་རྩེ་མོད་ད་ལྟ་འཆམ་རྩེ་ཐུབ་ཀྱིན་མེད། ལོ་གསར་སྐབས་སུ་དགོན་པའི་རོགས་རམ་འོག་ཀར་ཚང་སྡེ་བས་བོད་ཀྱི་རྩེ་རིག་རྩེད་བཞིན་འདུག ད་ལྟ་བཱ་ཇོ་དགོན་པར་བཱ་ཇོ་ས་ཁུལ་གྱི་བོད་རིགས་ལྷ་སྡེ་གཙོ་བོ་དགོན་པའི་ཞོལ་དུ་གནས་པའི་ཀར་ཚང(白家藏) ཞེས་པའི་སྡེ་ཆུང་དང་། ཀོན་ཏི་སྡེ་བའི(官地村) སྡེ་ཆུང་ཧྥན་ཧྲིན་ཝན(翻身湾)ནན་ཡན་སྡེ་བ(南垣村) བཱ་ཇོ་གྲོང་རྡལ་གྱི་ཡཱང་ཀྱཱ་ཝན་སྡེ་བ(杨家湾村)བཅས་ཀྱིས་བྱེད། དགོན་བདག་བླ་མ་བཱ་ཇོ་ཆོས་རྗེ་ཡིན། གཞན་བསམ་བློ་ཆོས་རྗེ། མེར་གན་ཆོས་རྗེ། འཇམ་དབྱངས་ཆོས་རྗེ་སོགས་ཡོད།