ཚ་གསེར་ནི་དངུལ་དང་ཟངས། རག་སོགས་ཀྱི་སྟེང་དུ་བྱུག་པར་རུང་ཞིང་དེ་དག་གི་ནང་ནས་རག་ལ་བྱུགས་ན་གསེར་འགྲོ་ཆུང་ཡང་མདོག་ཅུང་ཞན། ཟངས་ལ་བྱུགས་ན་གསེར་འགྲོ་ཆེ་ཡང་སེར་ལ་དམར་མདངས་ལྡན་པས་མདོག་ཧ་ཅང་ལེགས། དངུལ་ལ་བྱུག་པ་ནི་གསེར་དངུལ་བཀྲའམ་ར་མ་ལུག་ཅེས་པའི་རི་མོའི་ཐོག་གི་དགོས་གནས་ཆེ་ས་ལྟ་བུར་གསེར་ཐིག་བྱུགས་པས་ཤིན་ཏུ་མཛེས་པར་འོང་བ་ཡིན། གང་ལྟར་ཚང་མའི་ནང་གཤའ་དང་། ཏི་ཚ། ཞ་ཉེ་སོགས་ཀྱི་རིགས་ཅུང་ཟད་ཙམ་ཡང་མ་འདྲེས་པ་ཞིག་ཡིན་དགོས་ཤིང་། དེ་དག་གི་གཡའ་ཅུང་ཞིག་ཡོད་ནའང་གསེར་མི་འགོས་པ་ཙམ་དུ་མ་ཟད། འཕྲོ་བརླག་འགྲོ་ཉེན་ཀྱང་ཡོད་པས་གཟབ་དགོས་སོ། །
བཙོ་སྤྲད་བྱས་ཟིན་པའི་གསེར་ཡིན་ན་ལེགས། མིན་ཀྱང་གསེར་གང་རུང་གིས་ཆོག་སྟེ་གསེར་གྱི་ལྗིད་ཚད་ལྡབ་གསུམ་ཙམ་གྱི་དངུལ་ཆུ(ལྡབ་བཞིའང་ཟེར་ཏེ་གཙོ་བོ་གསེར་གྱིས་དངུལ་ཆུ་ཟོས་ཚད་ལ་བལྟ་དགོས)ལྷད་མེད་བསྲེས་ནས་དབྱེར་མེད་དུ་འདྲེས་པའི་ཞག་གོང་ལྟ་བུ་དེ། རྡོ་དཀར་གོང་གི་ཕྱེ་མ་དང་མཉམ་དུ་རྡོ་གཞོང་ནང་ལེགས་པར་བསྣུར་ནས་འཇག་ཐག་ཆོད་པར་བྱ། འདུལ་བའི་རྟགས་སུ་རྡོག་པོ་ལག་པས་བཅངས་ཏེ་རྣ་བས་ཉན་ན་གངས་རྡོག་བཅངས་པ་ལྟ་བུའི་སྒྲ་འབྱུང་བ་ཡིན།
ཚ་གསེར་བྱུག་སའི་གཞི་དེའི་མེ་དྲེག་དང་སྣུམ་ཞག་རྣམས་མཚུར་ཆུའི་ནང་བཙོ་བ་སོགས་ཀྱིས་དག་པར་བྱས་རྗེས་རྡོ་ཕྱེ་དང་། རྟ་ལུད། ཕག་ཟེ་བཅས་ཀྱིས་རིམ་པས་ཕྱིས་ཏེ་དྲེག་པ་ཅུང་ཟད་ཙམ་ཡང་མེད་པར་བྱས་ཐོག་སྐྱུར་ཆུའི་ནང་ཡང་ཡང་བཀྲུས་ཏེ། གཡའ་ཕྱི་གཡའ་འདོན་དང་ཆུ་གཙང་གིས་བཤལ། དེ་ནས་ཀོ་པགས་ཀྱི་སྟེང་དུ་དངུལ་ཆུ་དང་རྟ་ལུད་མཉམ་དུ་བླུགས་ཏེ་ངོས་ཡོངས་སུ་ཁྱབ་ཅིང་མཉམ་པར་དེད་ནས་བྱུགས་པས་དངུལ་གྱི་ཁ་དོག་ལྟ་བུ་དཀར་རྐྱང་དུ་འོང་། དེ་རྗེས་ཆང་དང་ཆུ་གཙང་གིས་ལེགས་པར་བཀྲུས་པའི་སྟེང་དུ། གསེར་དང་དངུལ་ཆུ་འདྲེས་པ་དེ་ཉིད་ལྕགས་ཐུར་གྱི་རྩེ་མོས་བླངས་ནས། ངོས་ཐམས་ཅད་དུ་ཁྱབ་པར་བྱུགས། ཕག་ཟེ་སོགས་ཀྱིས་ཡང་ཡང་དེད་ནས་བར་སྟོང་མ་ལུས་པར་བྱ། དེ་ནས་མེ་ལྕེ་དང་དུ་བ་མེད་པའི་ལྕི་བའི་མེ་མདག་ནང་དུ་བཞག་པས། དྲོད་ཕོག་ནས་རིམ་གྱིས་ཞུ་ཞིང་ཁྱབ་ནས་ཁ་དོག་སེར་པོ་འཆར། འདིའི་སྐབས་དངུལ་ཆུའི་དུག་ཕོག་ཉེན་ཡོད་ཅིང་། དངུལ་དུག་གིས་མགོ་བོ་ན་ཞིང་མགོ་ཡུ་འཁོར་བ་དང་། སོ་གཟེར་བ། མིག་ནད་འབྱུང་བ། སོ་སྲིན་དང་མགོ་སྲིན་སློང་བ་སོགས་འབྱུང་བས་དངུལ་དུག་མི་འབྱུང་བའི་ཆེད་དུ་ཆང་མང་ཙམ་འཐུང་ཞིང་ཆུ་དྲོན་གྱིས་བཀྲུས་ན་ཕན། ཡང་ན་མུ་ཟི་སེར་པོ་ཞིབ་ཏུ་བཏགས་པའི་ཕྱེ་མ་ར་ཚིལ་དང་སྦྱར་ས་སྣ་སྒོར་ཏོག་ཙམ་བྱུགས་པ་དང་། མུ་ཟིའི་ཕྱེ་མ་ཅུང་ཟད་ཁར་མྱང་ན་དངུལ་དུག་གཏན་དུ་འགོག་ཐུབ་བོ།