ཕྱུགས་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-25 08:20ལ་འགྲུབ།

ཕྱུགས་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

ཕྱུགས་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།
ཕྱུགས་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ཚད་ལྡན་ཅན་དུ་བསྒྱུར་ཏེ་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་ཀྱི་སྤུས་ཀ་ཉེན་མེད་ཡོང་བའི་ཁག་ཐེག་བྱེད་པ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལུགས་མཐུན་བྱེད་པ། ཕྱུགས་ལས་ཐོན་སྐྱེད་གཉེར་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཕྱུགས་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国动物畜牧法
ཁྱབ་བསྒྲགས་ལས་ཁུངས།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན།
གྲོས་འཆམ་བྱུང་བའི་དུས་ཚོད།
སྤྱི་ལོ2005ལོའི་ཟླ12པའི་ཚེས29ཉིན།
ལག་བསྟར་དུས་ཚོད།
སྤྱི་ལོ2006ལོའི་ཟླ7པའི་ཚེས1ཉིན།
དཀར་ཆག
1 ཕྱུགས་གསོའི་བཅའ་ཁྲིམས། 
1_1 ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ཕྱུགས་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ཚད་ལྡན་ཅན་དུ་བསྒྱུར་ཏེ་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་ཀྱི་སྤུས་ཀ་ཉེན་མེད་ཡོང་བའི་ཁག་ཐེག་བྱེད་པ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལུགས་མཐུན་བྱེད་པ། ཕྱུགས་ལས་ཐོན་སྐྱེད་གཉེར་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཕྱུགས་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་སྒོ་ནས་བེད་སྤྱོད་དང་། གསོ་སྤེལ། གཟན་གསོ། གཉེར་སྐྱོང་། སྐྱེལ་འདྲེན་བཅས་བྱེད་པར་བཅའ་ཁྲིམས་འདི་སྤྱད་འཐུས། བཅའ་ཁྲིམས་འདིའི་ནང་གི་སྒོ་ཕྱུགས་དང་ཁྱིམ་བྱ་ཞེས་པ་ནི་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གཅིག་པའི་གཏན་འབེབས་གཞིར་བཟུང་ཁྱབ་བསྒྲགས་བྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཀྱི་ཐོན་ཁུངས་ཀྱི་དཀར་ཆག་ཏུ་བཀོད་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་ལ་ཟེར་བ་ཡིན། སྦྲང་མ་དང་དར་འབུའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་དང་ཐོན་སྐྱེད་ལས་གཉེར་བྱེད་པར་ཡང་བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།

དོན་ཚན་གསུམ་པ། རྒྱལ་ཁབ་ཀྱིས་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དང་། ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་གོང་དུ་སྤེལ་བ་དང་ཞིང་པའི་ཡོང་སྒོ་འཕར་སྣོན་གཏོང་བའི་ཁྲོད་དུ་ཕྱུགས་ལས་ཀྱི་ནུས་པ་འདོན་སྤེལ་བྱེད་རོགས་བྱ་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ། ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཕྱུགས་ཟོག་གསོ་སྤེལ་གཞི་ཁྱོན་ལྡན་པ་བྱེད་པར་སྐུལ་འདེད་དང་རོགས་སྐྱོར། ཕྱུགས་ལས་ཐོན་ལས་ཅན་དུ་གཉེར་སྐྱོང་བྱེད་པར་སྐུལ་འདེད། ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་བཅས་ཡོང་བ་བྱས་ནས། སྤུས་ཚད་ལེགས་པ་དང་། ཕན་ནུས་ཆེ་བ། སྐྱེ་ཁམས་དང་འཚམ་པ། བདེ་འཇགས་བཅས་ཡིན་པའི་ཕྱུགས་ལས་འཕེལ་རྒྱས་གཏོང་དགོས། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་དང་དབུལ་ཕོངས་ས་ཁུལ་གྱི་ཕྱུགས་ལས་སྤེལ་བར་རོགས་རམ་དང་གཞོགས་འདེགས་བྱེད་པ་དང་། རྩྭ་ཐང་སྲུང་སྐྱོང་དང་བེད་སྤྱོད་ལུགས་མཐུན་བྱས་ནས། ཕྱུགས་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་དགོས།

དོན་ཚན་བཞི་པ། རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ། ཕྱུགས་ནད་སྨན་བཅོས་ཀྱི་ཆེད་ལས་མི་སྣ་གསོ་སྐྱོང་དང་། ཕྱུགས་ནད་སྨན་བཅོས་ཀྱི་ཚན་རྩལ་ཞིབ་འཇུག་དང་ཁྱབ་གདལ་གྱི་ལས་དོན་འཕེལ་རྒྱས་སུ་གཏོང་བ། ཕྱུགས་ནད་སྨན་བཅོས་ཀྱི་ཚན་རྩལ་ཤེས་བྱའི་སློབ་གསོ་དྲིལ་བསྒྲགས་དང་ཕྱུགས་ནད་སྨན་བཅོས་ཀྱི་བརྡ་འཕྲིན་ཞབས་ཞུ་བཅས་བྱས་ནས། ཕྱུགས་ལས་ཚན་རྩལ་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ།

དོན་ཚན་ལྔ་པ། ཕྱུགས་ལས་ཐོན་སྐྱེད་གཉེར་མཁན་གྱིས་ཁྲིམས་མཐུན་གྱི་སྒོ་ནས་རང་གི་འདོད་མོས་ལྟར་ལས་རིགས་ཚོགས་པ་བཙུགས་ཆོག་ཅིང་། ཚོགས་པའི་ཁོངས་མིར་བརྡ་འཕྲིན་དང་ལག་རྩལ། ཚོང་གཉེར། གསོ་སྦྱོང་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ལས་རིགས་རང་གཅུན་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཚོགས་པའི་ཁོངས་མི་དང་ལས་རིགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་དགོས།

དོན་ཚན་དྲུག་པ། ཕྱུགས་ལས་ཐོན་སྐྱེད་གཉེར་མཁན་གྱིས་ངེས་པར་དུ་སྲོག་ཆགས་ཀྱི་རིམས་འགོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་ཁྲིམས་ལྟར་སྒྲུབ་པ་དང་། འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་ལྟར་ལྟ་ཞིབ་བྱེད་པ་དང་ལེན་ཞུ་དགོས།

དོན་ཚན་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་ཕྱུགས་ལས་ལྟ་སྐུལ་དོ་དམ་ལས་དོན་ལ་འགན་ལེན་བྱ་དགོས་པ་དང་། རྫོང་རིམ་པ་ཡན་གྱི་ས་གནས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རང་གི་སྲིད་འཛིན་མངའ་ཁོངས་ཀྱི་ཕྱུགས་ལས་ལ་ལྟ་སྐུལ་དང་དོ་དམ་བྱེད་འགན་འཁུར་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་རང་སོ་སོའི་འགན་འཁྲི་སྒྲུབ་ཁོངས་ནང་ཚུན་དུ། ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ལས་དོན་སྒྲུབ་འགན་འཁུར་དགོས།

དོན་ཚན་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཕྱུགས་ལས་ཐོན་སྐྱེད་གཉེར་མཁན་ལ་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་སྤེལ་དང་། གསོ་ཚགས། སྐྱེལ་འདྲེན་བཅས་ཀྱི་ཆ་རྐྱེན་དང་ཁོར་ཡུག་ལེགས་སུ་གཏོང་བར་མཛུབ་སྟོན་བྱ་དགོས།

1_2 ལེའུ་གཉིས་པ། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱེད་ཕྱོགས་སྐོར།

དོན་ཚན་དགུ་པ། རྒྱལ་ཁབ་ཀྱིས་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་ལམ་ལུགས་འཛུགས་རྒྱུ་དང་། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་བྱེད་ཐབས་སྤྱད་དེ། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོབ་ཐད་ཀྱི་གྲོན་དངུལ་དེ་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོབ་བྱེད་པར་རྒྱལ་ཁབ་ཀྱིས་གཙོ་བོ་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་ཀྱང་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་ལས་དོན་ཁྲིམས་ལྟར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་དང་སྐུལ་འདེད་བྱ་དགོས།

དོན་ཚན་བཅུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཆེད་ལས་མི་སྣ་ལས་གྲུབ་པའི་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཨུ་ཡོན་ལྷན་ཁང་བཙུགས་ནས་དེར་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་གསལ་འབྱེད་དང་དཔྱད་དཔོག་རིགས་སྣ་གསར་པ་དང་རིགས་རྒྱུད་ཆ་འགྲིག་ཞིབ་བཤེར་གཏན་འབེབས་བྱེད་འགན་ཁུར་དུ་འཇུག་དགོས་ལ། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་འཆར་འགོད་ལ་རིགས་པས་ཁུངས་སྐྱེལ་དང་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་སྐོར་གྱི་བློ་འདྲིའི་བྱ་བ་སྒྲུབ་འགན་འཁུར་དགོས།

དོན་ཚན་བཅུ་གཅིག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་བརྟག་དཔྱད་བྱེད་རྒྱུ་སྒྲིག་འཛུགས་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་གནས་ཚུལ་སྐོར་གྱི་སྙན་ཞུ་སྒྲོག་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་དཀར་ཆག་སྤྱི་བསྒྲགས་བཅས་བྱེད་འགན་འཁུར་དགོས།

དོན་ཚན་བཅུ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཁྱབ་ཚུལ་གཞིར་བཟུང་ནས། རྒྱལ་ཡོངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་དང་བཀོལ་སྤྱོད་བྱེད་པའི་འཆར་གཞི་འགོད་པ་དང་། རྒྱལ་ཁབ་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་གི་མིང་ཐོ་བཟོས་ཐོག་སྤྱི་བསྒྲགས་ཀྱང་བྱས་ཏེ་རང་རྒྱལ་རང་ནས་ཐོན་པའི་རྩ་ཆེ་བ་དང་། ཧ་ཅང་དཀོན་པོ་ཡིན་པ། སྟོངས་ཉེན་ཡོད་པ་བཅས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་དེ་གཙོ་གནད་དུ་བཟུང་ནས་སྲུང་སྐྱོང་བྱ་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་དང་བཀོལ་སྤྱོད་ཀྱི་འཆར་འགོད་དང་སྲིད་འཛིན་ས་ཁོངས་ནང་གི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་གནས་ཚུལ་གཞིར་བཟུང་ནས། ཞིང་ཆེན་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་གི་མིང་ཐོ་བཟོ་བ་དང་སྤྱི་བསྒྲགས་བྱེད་དགོས་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་བཅུ་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་དང་བཀོལ་སྤྱོད་ཀྱི་འཆར་འགོད་དང་རྒྱལ་ཁབ་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་གི་མིང་ཐོ་གཞིར་བཟུང་བ་དང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིང་ཆེན་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་གི་མིང་ཐོ་གཞིར་བཟུང་སྟེ། སོ་སོར་རིགས་རྒྱུད་ཐོན་ཁུངས་ཀྱི་རྒྱུད་སྲུང་ར་བ་དང་། སྲུང་སྐྱོང་ཁུལ། གཞི་རྒྱུའི་མཛོད་བཅས་འཛུགས་པའམ་གཏན་འཁེལ་བྱས་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་བྱེད་འགན་འཁུར་དགོས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་གྱིས་རྒྱབ་སྐྱོར་ཐོབ་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་རྒྱུད་སྲུང་ར་བ་དང་། སྲུང་སྐྱོང་ཁུལ་གཞི་རྒྱུའི་མཛོད་བཅས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་ཆོག་མཆན་མ་ཐོབ་པར་སྲུང་སྐྱོབ་ཐོབ་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་རང་དགར་ཐག་གཅོད་བྱས་མི་ཆོགསྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་གཞི་རྒྱུའི་མཛོད་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱུགས་ལས་སྨན་བཅོས་གཙོ་སྐྱོང་སྡེ་ཁག་གམ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་གཙོ་སྐྱོང་སྡེ་ཁག་གི་གཏན་འབེབས་གཞིར་བཟུང་སྟེ། དུས་བཅད་ལྟར་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་རྒྱུ་ཆ་འཚོལ་བསྡུ་དང་གསར་ལེན་བྱ་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་གཞི་རྒྱུའི་མཛོད་ཁང་གིས་རིགས་རྒྱུད་རྒྱུ་ཆ་འཚོལ་བསྡུ་བྱེད་པར་འབྲེལ་ཡོད་ལས་ཁུངས་དང་མི་སྒེར་གྱིས་རམ་འདེགས་བྱ་དགོས་ལ། གསབ་དངུལ་འོས་འཚམ་ཐོབ་དབང་ཡོད། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་རྒྱུད་སྲུང་ར་བ་དང་། སྲུང་སྐྱོང་ཁུལ། གཞི་རྒྱུའི་མཛོད་བཅས་དོ་དམ་བྱེད་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་གཏན་འབེབས་བྱ་དགོས།

དོན་ཚན་བཅུ་བཞི་པ། གསར་དུ་རྟོགས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་དེར་རྒྱལ་ཁབ་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཨུ་ལྷན་གྱིས་གསལ་འབྱེད་མ་བྱས་གོང་ལ། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་གཙོ་སྐྱོང་སྡེ་ཁག་གིས་སྲུང་སྐྱོང་བྱེད་པའི་ཐབས་ཇུས་བཏོན་ནས། གནས་སྐབས་སྲུང་སྐྱོབ་བྱེད་ཐབས་སྤྱོད་པ་དང་སྦྲགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་བཅོ་ལྔ་པ། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཕྱི་རྒྱལ་ནས་ནང་འདྲེན་བྱེད་སྐབས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་གཙོ་སྐྱོང་སྡེ་ཁག་ལ་རེ་བ་ཞུ་དགོས་པ་དང་། རེ་འདུན་བདག་སྤྲོད་བྱེད་མཁན་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་དཔྱད་དཔོག་ཁུངས་སྐྱེལ་སྒོས་ཆོག་མཆན་ཞུ་དགོས། ཆོག་མཆན་ཐོབ་ཚེ། སྲོག་ཆགས་དང་རྩི་ཤིང་ཕྱིར་གཏོང་ནང་འདྲེན་གྱི་རིམས་ནད་ཞིབ་བཤེར་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་འབྲེལ་ཡོད་ཀྱི་འགྲོ་ལུགས་འགྲིམ་དགོས་ལ་འགོས་ནད་ཀྱང་ཞིབ་བཤེ་བྱ་དགོས། ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱིས་རྒྱལ་ནང་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པའམ་ཡང་ན་ཐེབས་སྲིད་པ་ཤེས་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་དང་ལྷན་དུ་བབ་བསྟུན་གྱི་བདེ་འཇགས་དང་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་དགོས།

དོན་ཚན་བཅུ་དྲུག་པ། སྲུང་སྐྱོབ་བྱ་ཡུལ་གྱི་མིང་ཐོར་བཅུག་ཟིན་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་རྒྱལ་ཕྱིར་གཏོང་བའམ་ཡང་ན་རྒྱལ་ནང་དུ་རྒྱལ་ཕྱིའི་ལས་ཁུངས་དང་མི་སྒེར་གང་རུང་དང་མཉམ་ལས་སྒོ་ནས་ཞིབ་འཇུག་དང་བེད་སྤྱོད་བྱས་ན། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་རེ་འདུན་ཞུ་དགོས་པ་དང་མཉམ་དུ་རྒྱལ་ཁབ་ལའང་ཕན་པ་ཐུན་མོང་དུ་ཐོབ་པའི་འཆར་གཞི་འདོན་དགོས། རེ་ཞུ་བདག་སྤྲོད་བྱེད་མཁན་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་མཐར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཆོག་མཆན་ཞུ་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་རྒྱལ་ཕྱིར་འདྲེན་དགོས་ན། ད་དུང་སྲོག་ཆགས་དང་རྩི་ཤིང་ཕྱིར་གཏོང་ནང་འདྲེན་བྱེད་རིགས་ལ་འགོས་ནད་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་འབྲེལ་ཡོད་ཀྱི་འགྲོ་ལུགས་འགྲིམ་དགོས་པ་མ་ཟད་འགོས་ནད་ཞིབ་བཤེར་བྱ་དགོས། གསར་དུ་རྟོགས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ལ་རྒྱལ་ཁབ་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཨུ་ལྷན་གྱིས་གསལ་འབྱེད་མ་བྱས་གོང་དུ། ཕྱི་རྒྱལ་ལ་ཕྱིར་གཏོང་བྱས་མི་ཆོག་པ་དང་རྒྱལ་ཕྱིའི་ལས་ཁུངས་དང་མི་སྒེར་དག་དང་མཉམ་ལས་སྒོ་ནས་ཞིབ་འཇུག་བེད་སྤྱོད་ཀྱང་བྱས་མི་ཆོག

དོན་ཚན་བཅུ་བདུན་པ། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཕྱིར་གཏོང་ནང་འདྲེན་དང་ཕྱི་ཕྱོགས་དང་མཉམ་ལས་སྒོ་ནས་ཞིབ་འཇུག་བེད་སྤྱོད་གཏོང་བའི་ཆོག་མཆན་འགོད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་དགོས།

1_3 ལེའུ་གསུམ་པ། སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་བཟང་འདེམ་གསོ་དང་ཐོན་སྐྱེད་ལས་གཉེར་བྱ་རྒྱུའི་སྐོར།

དོན་ཚན་བཅོ་བརྒྱད་པ། རྒྱལ་ཁབ་ཀྱིས་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་སྣ་གསར་པ་འདེམ་གསོ་དང་། རྒྱུད་བཟང་ཁྱབ་སྤེལ་བཀོལ་སྤྱོད་ལ་རོགས་སྐྱོར་དང་། ཁེ་ལས་དང་། སློབ་གྲྭ་ཆེ་ཁགཚན་ཞིབ་ལས་ཁུངས། ལག་རྩལ་ཁྱབ་སྤེལ་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་སྒོ་ནས་ཕྱུགས་རྒྱུད་གསོ་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་བཟང་གསོ་སྤེལ་མ་ལག་འཛུགས་དགོས།

དོན་ཚན་བཅུ་དགུ་པ། གསོ་སྤེལ་བྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་སྣ་གསར་པ་དང་། རིགས་རྒྱུད་ཆ་འགྲིག་དང་གསར་ཐོན་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་བཅས་པ་ཁྱབ་སྤེལ་མ་བྱས་གོང་དུ། རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཨུ་ལྷན་གྱི་ཞིབ་བཤེར་གཏན་འབེབས་སམ་གསལ་འབྱེད་བརྒྱུད་དགོས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ནས་སྤྱི་བསྒྲགས་བྱ་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་སྣ་གསར་པ་དང་། རིགས་རྒྱུད་ཆ་འགྲིག་ལ་དཔྱད་ཞིབ་གཏན་འཁེལ་བྱེད་ཐབས་དང་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་གསལ་འབྱེད་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་དགོས། དཔྱད་ཞིབ་གཏན་འཁེལ་དང་གསལ་འབྱེད་ལ་མཁོ་བའི་ཚོད་ལྟ་དང་། ཚད་ལེན་གྱི་རིན་དངུལ་ཚང་མ་རེ་འདུན་ཞུ་མཁན་གྱིས་འཇལ་འགན་འཁུར་དགོས་ཤིང་། རིན་དངུལ་བསྡུ་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་དང་རིན་གོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་ལྷན་དུ་གཏན་འབེབས་བྱ་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་སྣ་གསར་པ་དང་རིགས་རྒྱུད་ཆ་འགྲིག་གསོ་སྤེལ་བྱེད་པའི་བར་མཚམས་ཚོད་ལྟ་བྱེད་ན། ཚོད་ལྟ་བྱེད་སའི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་གཙོ་སྐྱོང་སྡེ་ཁག་གི་ཆོག་མཆན་འཐོབ་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་སྣ་གསར་པ་དང་རིགས་རྒྱུད་ཆ་འགྲིག་གསོ་སྤེལ་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་འཐོབ་དགོས།

དོན་ཚན་ཉི་ཤུ་པ། གཞི་རྒྱུ་སྒྱུར་བའི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་དང་། ཚོད་ལྟ། ཞིབ་བཤེར་གཏན་འབེབས། ཁྱབ་གདལ་བཅས་བྱེད་པ་དེ་རྒྱལ་ཁབ་ཀྱི་ཞིང་ལས་སྐྱེ་དངོས་གཞི་རྒྱུ་སྒྱུར་བའི་དོ་དམ་གྱི་གཏན་འབེབས་དང་མཐུན་དགོས།

དོན་ཚན་ཉེར་གཅིག་པ། ཞིང་ཆེན་རིམ་པ་ཡན་གྱི་ཕྱུགས་ལས་སྨན་བཅོས་ལག་རྩལ་ཁྱབ་སྤེལ་ལས་ཁུངས་ཀྱིས་ཕྱུགས་རྒྱུད་བཟང་བའི་སྒེར་ཐོ་འགོད་པ་དང་། སྤྱི་ཚོགས་ལ་ཕྱུགས་རྒྱུད་བཟང་བ་ངོས་སྦྱོར་བྱས་ཆོགཕྱུགས་རྒྱུད་བཟང་བ་ཐོ་འགོད་བྱེད་སྟངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་དོ་དམ་སྡེ་ཁག་གིས་གཏན་འབེབས་བྱ་དགོས།

དོན་ཚན་ཉེར་གཉིས་པ། ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་རམ་ཡང་ན་ཚོང་ཟོག་ཏུ་གྱུར་པའི་ཕྱུགས་ཕྲུག་དང་བྱ་ཕྲུག་ཐོན་སྐྱེད་བྱེད་པའི་ལས་ཁུངས་དང་མི་སྒེར་གྱིས་ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་གྱི་བཀའ་འཁྲོལ་དཔང་ཡིག་འཐོབ་པར་བྱ་དགོས། ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་བཀའ་འཁྲོལ་གྱི་དཔང་ཡིག་གནང་རེ་ཞུ་སྐབས། གཤམ་གསལ་གྱི་ཆ་རྐྱེན་འདི་དག་ཚང་དགོས་ཏེ།

ཐོན་སྐྱེད་ལས་གཉེར་བྱེད་པའི་ཕ་ཕྱུགས་དང་སོན་བྱའི་རིགས་ངེས་པར་དུ་རྒྱལ་ཁབ་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཨུ་ལྷན་གྱི་ཐག་གཅོད་གཏན་འབེབས་སམ་གསལ་འབྱེད་བྱས་ཟིན་པའི་རིགས་སྣ་དང་རིགས་རྒྱུད་ཆ་འགྲིག་ཡིན་དགོས་པའམ། ཡང་ན་ཆོག་མཆན་བཀོད་ནས་ནང་འདྲེན་བྱས་པའི་ཕྱི་རྒྱལ་གྱི་རིགས་སྣ་དང་། རིགས་རྒྱུད་ཆ་འགྲིག་ཡིན་དགོས་པ་དང་། ཐོན་སྐྱེད་ལས་གཉེར་ཀྱི་གཞི་ཁྱོན་དང་འཚམ་པའི་ཕྱུགས་ལས་སྨན་བཅོས་ལག་རྩལ་མི་སྣ་ཡོད་དགོས་པ། ཐོན་སྐྱེད་ལས་གཉེར་གྱི་གཞི་ཁྱོན་དང་འཚམ་པའི་རྒྱུད་སྤེལ་སྒྲིག་ཆས་ཡོད་དགོས་པ། ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་གཙོ་སྐྱོང་སྡེ་ཁག་བཅས་ཀྱིས་གཏན་འབེབས་བྱས་པའི་ཕ་ཕྱུགས་དང་སོན་བྱའི་རིམས་འགོག་གི་ཆ་རྐྱེན་ཚང་དགོས་པ། ཆ་ལག་ཚང་བའི་སྤུས་ཀ་དོ་དམ་དང་རྒྱུད་གསོའི་ཐོ་འགོད་ལམ་ལུགས་ཡོད་དགོས་པ། ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་ཚང་དགོས་པ་བཅས་ཡིན།

དོན་ཚན་ཉེར་གསུམ་པ། སྒོ་ཕྱུགས་ཀྱི་ཁམས་དམར་དང་། ཁམས་དཀར་འཁྱག་གཏོང་། སྦྲུམ་རྟེན་སོགས་ཀྱི་རིགས་རྒྱུད་སྤེལ་བའི་ལས་གཉེར་གྱི་བཀའ་འཁྲོལ་དཔང་ཡིག་ཐོབ་རེ་ཞུ་ན། བཅའ་ཁྲིམས་འདིའི་དོན་ཚན་ཉེར་གཉིས་པའི་ནང་གསེས་དོན་ཚན་གཉིས་པར་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་དགོས་ལ་གཤམ་གྱི་ཆ་རྐྱེན་འདི་དག་ཀྱང་ཚང་དགོས་ཏེ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱས་པའི་ཚོད་ལྟ་ཁང་དང་། ཉར་ཚགས། སྐྱེལ་འདྲེན་བཅས་ཀྱི་ཆ་རྐྱེན་དང་འཚམ་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱས་པའི་ཕ་ཕྱུགས་ཀྱི་གྲངས་འབོར་དང་རྒྱུད་སྤུས་ཀྱི་བླང་བྱ་དང་མཐུན་དགོས་པ། ལུས་ཕྱིར་ཁམས་དཀར་དམར་སྦྱོར་བ་བྱས་པ་ལས་བྱུང་བའི་སྦྲུམ་རྟེན་དང་སྦྱོར་བྱའི་ཁམས་དམར་གྱི་ཡོང་ཁུངས་ཁ་གསལ་ཡིན་པ་དང་། སྦྲུམ་སྦྱོར་སྒོ་ཕྱུགས་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཕྱུགས་རིགས་ཐང་ཚད་དང་རྒྱུད་སྤུས་ཀྱི་བླང་བྱ་དང་མཐུན་དགོས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱས་པའི་ལག་རྩལ་གྱི་ཆ་རྐྱེན་གཞན་དག་གི་བླང་བྱ་དང་མཐུན་དགོས་པ་བཅས་ཡིན།

དོན་ཚན་ཉེར་བཞི་པ། སྒོ་ཕྱུགས་ཀྱི་ཁམས་དམར་དང་། འཁྱག་བཟོའི་ཁམས་དཀར། སྦྲུམ་རྟེན་སོགས་རྒྱུད་འདེད་རྒྱུ་ཆ་ཐོན་སྐྱེད་བྱེད་པའི་ཐོན་སྐྱེད་གཉེར་སྐྱོང་བྱས་འཐུས་ཀྱི་དཔང་ཡིག་ཐོབ་རེ་ཞུ་སྐབས། ཞིང་ཆེན་རིམ་པའི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་རེ་འདུན་ཞུ་དགོས། རེ་འདུན་བདག་སྤྲོད་བྱེད་མཁན་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རེ་འདུན་ཞུ་ཡིག་འབྱོར་ཉིན་ནས་ཉིན་རེའི་ལས་ཡུན་ཉིན་དྲུག་ཅུའི་ནང་ཚུན་ཁྲིམས་ལྟར་ཐོན་སྐྱེད་གཉེར་སྐྱོང་བྱས་འཐུས་ཀྱི་དཔང་ཡིག་སྤྲོད་མིན་གྱི་ཐག་གཅོད་བྱ་དགོས། ཕ་ཕྱུགས་དང་སོན་བྱ་གཞན་པ་ཐོན་སྐྱེད་ལས་གཉེར་གྱི་བཀའ་འཁྲོལ་དཔང་ཡིག་དེ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་བྱས་རྗེས་སྤྲད་ཆོག་པ་དང་། ཞིབ་བཤེར་དང་སྤྲོད་ཐབས་ཞིབ་ཕྲ་ནི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱ་དགོས། ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་གྱི་བཀའ་འཁྲོལ་དཔང་ཡིག་བཟོ་དབྱིབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་བཟོ་དགོས་ལ། དཔང་ཡིག་གོ་ཆོད་ཡུན་ལོ་གསུམ་ཡིན། ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་གྱི་བཀའ་འཁྲོལ་དཔང་ཡིག་སྤྲོད་དུས་པར་སྐྲུན་གྱི་གླ་རིན་བསྡུས་ཆོག་པ་ཡིན་ལ། གླ་དངུལ་བསྡུ་ཐབས་དང་དོ་དམ་བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་དང་། རིན་གོང་སྡེ་ཁག་གིས་གཏན་འབེབས་བྱ་དགོས།

དོན་ཚན་ཉེར་ལྔ་པ། ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་གྱི་བཀའ་འཁྲོལ་དཔང་ཡིག་ཐོག་ཐོན་སྐྱེད་ལས་གཉེར་མཁན་གྱི་རུས་མིང་དང་། བཟོ་གྲྭ་གནས་ཡུལ། ཐོན་སྐྱེད་ལས་གཉེར་གྱི་ཁྱབ་ཁོངས། བཀའ་འཁྲོལ་དཔང་ཡིག་གོ་ཆོད་ཡུན་གྱི་ལོ་ཟླ་ཚེས་གྲངས་རྣམས་གསལ་པོར་འགོད་དགོས། ལས་ཁུངས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་གྱི་བཀའ་འཁྲོལ་དཔང་ཡིག་མེད་པའམ་ཡང་ན་ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་གྱི་བཀའ་འཁྲོལ་དཔང་ཡིག་གི་གཏན་འབེབས་དང་འགལ་ནས་ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་བྱས་མི་ཆོགདཔང་ཡིག་རྫུན་བཟོ་དང་། སྒྱུར་བཟོ། བཤུག་སྤྲོད། བོགས་གཡར་གཏོང་བ་བཅས་བྱས་མི་ཆོག

དོན་ཚན་ཉེར་དྲུག་པ། ཞིང་པས་གསོ་ཚགས་བྱས་པའི་ཕ་ཕྱུགས་དང་སོན་བྱའི་རིགས་རང་མཁོ་རང་གསོ་དང་ཕྱུགས་ཕྲུག་དང་བྱ་ཕྲུག་ལྷག་མ་ཉུང་ཤས་ཕྱིར་འཚོང་བྱེད་རིགས་དང་། ཞིང་པ་རང་གིས་གསོས་པའི་ཕ་ཕྱུགས་ཕ་སྦྱོར་རྒྱུད་སྤེལ་བྱེད་རིགས་ཀྱིས་ཐོན་སྐྱེད་ལས་གཉེར་བཀའ་འཁྲོལ་དཔང་ཡིག་ལེན་མི་དགོས།

དོན་ཚན་ཉེར་བདུན་པ། མིའི་རྩོལ་བར་བརྟེན་ནས་ཆེད་མངགས་སྒོ་ཕྱུགས་ལ་ཁམས་དཀར་ལུག་པ་དང་། སྦྲུམ་རྟེན་སྦྱོར་བ་སོགས་པའི་རྒྱུད་སྤེལ་བྱེད་མཁན་མི་སྣར་བབ་མཐུན་གྱི་རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་འཛིན་ཡིག་འཐོབ་དགོས།

དོན་ཚན་ཉེར་བརྒྱད་པ། ཕ་ཕྱུགས་དང་སོན་བྱའི་མཚམས་སྦྱོར་བརྡ་ཁྱབ་གཏོང་སྐབས། བརྡ་ཁྱབ་གཏོང་མཁན་གྱིས་ཕ་ཕྱུགས་སོན་བྱའི་ཐོན་སྐྱེད་ལས་གཉེར་བཀའ་འཁྲོལ་དཔང་ཡིག་དང་ལས་གཉེར་ལག་ཁྱེར་མཁོ་འདོན་བྱ་དགོས། མཚམས་སྦྱོར་བརྡ་ཁྱབ་ཀྱི་ནང་དོན་དེ་འབྲེལ་ཡོད་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་དགོས་པར་མ་ཟད། ཕ་ཕྱུགས་དང་སོན་བྱའི་རིགས་སྣ་དང་རིགས་རྒྱུད་ཆ་འགྲིག་ཞིབ་དཔྱད་གཏན་འབེབས་དང་གསལ་འབྱེད་བྱས་པའི་མིང་ཡང་གསལ་པོར་འབྲི་དགོས་པ་དང་། ངོ་བོ་ཞིབ་འབྲི་བྱས་པ་གང་རིགས་སྣ་དང་རིགས་རྒྱུད་ཆ་འགྲིག་དེའི་ཚད་གཞི་དང་མཐུན་དགོས།

དོན་ཚན་ཉེར་དགུ་པ། ཕྱིར་འཚོང་བྱེད་པའི་ཕ་ཕྱུགས་དང་སོན་བྱ་དག་དང་སྒོ་ཕྱུགས་སྡེབ་སྦྱོར་ས་ཚིགས་ཀྱིས་བཀོལ་བཞིན་པའི་རྒྱུད་སྤེལ་ཕ་ཕྱུགས་དེ་ངེས་པར་རྒྱུད་སྤེལ་ཚད་གཞི་དང་མཐུན་དགོས། ཕ་ཕྱུགས་དང་སོན་བྱ་ཕྱིར་འཚོང་བྱེད་སྐབས། ཟུར་དུ་ཕ་ཕྱུགས་དང་སོན་བྱའི་ར་བ་ནས་ཚད་ལོངས་དཔང་ཡིག་དང་སྲོག་ཆགས་རིམས་འགོག་ལྟ་སྐུལ་ལས་ཁུངས་ཀྱིས་གནང་བའི་ཚད་ལོངས་དཔང་ཡིག་ཚང་དགོས་ལ། ཕྱིར་འཚོང་བཞིན་པའི་ཕ་ཕྱུགས་ལ་ཕ་ཕྱུགས་ར་བ་ནས་སྤྲད་པའི་སྒོ་ཕྱུགས་དེ་རང་གི་རྒྱུད་མཚོན་ཡིག་ཚགས་ཀྱང་ཚང་དགོས། སྒོ་ཕྱུགས་ཀྱི་ཁམས་དམར་དང་། ཁམས་དཀར་འཁྱག་གཏོང་། སྦྲུམ་རྟེན་སོགས་རིགས་རྒྱུད་སྤེལ་བར། འཚོལ་བསྡུ་དང་ཕྱིར་འཚོང་། རྒྱུད་སྦྱོར་བཅས་ཀྱི་གསལ་ཐོ་ཡོད་དགོས་ལ། གསལ་ཐོ་དེ་ལོ་གཉིས་ཉར་ཚགས་བྱ་དགོས།

དོན་ཚན་སུམ་ཅུ་པ། ཕ་ཕྱུགས་དང་སོན་བྱ་ཕྱིར་འཚོང་བྱེད་སྐབས། གཤམ་གསལ་གྱི་བྱ་སྤྱོད་དག་ཡོད་མི་ཆོག་སྟེ།

བྲིན་འཚོང་བྱེད་པའི་ཕ་ཕྱུགས་དང་སོན་བྱའི་རིགས་རྒྱུད་དང་རིགས་རྒྱུད་ཆ་འགྲིག་གི་ཚབ་ཏུ་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་དང་རིགས་རྒྱུད་ཆ་འགྲིག་གཞན་དག་བརྫུས་རིགས་དང་། རྒྱུད་སྤེལ་ནུས་པ་ཞན་པའི་སྒོ་ཕྱུགས་དང་ཁྱིམ་བྱ་རྒྱུད་སྤེལ་ནུས་པ་ཆེ་བའི་ཕ་ཕྱུགས་དང་ཁྱིམ་བྱར་བརྫུས་རིགས། རྒྱུད་སྤེལ་ཚད་གཞི་དང་མི་མཐུན་པའི་སྒོ་ཕྱུགས་དང་ཁྱིམ་བྱས་ཕ་ཕྱུགས་དང་སོན་བྱར་བརྫུས་རིགས། ཆོག་མཆན་མ་ཞུས་པར་ནང་འདྲེན་བྱས་པའི་ཕ་ཕྱུགས་དང་སོན་བྱ་བཙོངས་རིགས། བཅའ་ཁྲིམས་འདིའི་དོན་ཚན་ཉེར་དགུ་པར་གཏན་འབེབས་བྱས་པའི་ཕ་ཕྱུགས་དང་སོན་བྱའི་ཚད་ལོན་དཔང་ཡིག་དང་། རིམས་བརྟག་དཔང་ཡིག་མེད་པའི་ཕ་ཕྱུགས་དང་སོན་བྱའམ་ཡང་ན་སྒོ་ཕྱུགས་ཀྱི་རྒྱུད་པ་མཚོན་ཡིག་བཀོད་མེད་པའི་ཕ་ཕྱུགས་བཙོངས་རིགས། ཞིབ་བཤེར་གཏན་འབེབས་སམ་གསལ་འབྱེད་བྱས་མེད་པའི་ཕ་ཕྱུགས་དང་སོན་བྱའི་རིགས་རྒྱུད་དང་རིགས་རྒྱུད་ཆ་འགྲིག་བཙོངས་རིགས་བཅས་ཡིན།

དོན་ཚན་སོ་གཅིག་པ། ཕ་ཕྱུགས་དང་སོན་བྱ་ནང་འདྲེན་བྱེད་རེ་འདོན་པར་ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་བཀའ་འཁྲོལ་དཔང་ཡིག་ཡོད་དགོས། ཕ་ཕྱུགས་དང་སོན་བྱ་ནང་འདྲེན་བྱེད་པའི་ཆོག་མཆན་ཡིག་ཆ་གོ་ཆོད་ཡུན་ཟླ་བ་དྲུག་ཡིན། ནང་འདྲེན་བྱས་པའི་ཕ་ཕྱུགས་དང་སོན་བྱ་རྣམས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱས་པའི་ལག་རྩལ་གྱི་བླང་བྱ་དང་མཐུན་དགོས། ཐེངས་དང་པོར་ནང་འདྲེན་བྱས་པའི་ཕ་ཕྱུགས་དང་སོན་བྱའི་རྒྱུད་སྤེལ་ནུས་པར་ད་དུང་རྒྱལ་ཁབ་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཨུ་ལྷན་གྱིས་དཔྱད་དཔོག་བྱ་དགོས། ཕ་ཕྱུགས་དང་སོན་བྱ་ནང་འདྲེན་དང་ཕྱིར་གཏོང་དོ་དམ་བྱེད་པར་གོང་གསལ་ནང་གསེས་དོན་ཚན་གཉིས་ཀྱི་གཏན་འབེབས་སྤྱད་འཐུས་པར་མ་ཟད། བཅའ་ཁྲིམས་འདིའི་དོན་ཚན་བཅོ་ལྔ་པ་དང་དོན་ཚན་བཅུ་དྲུག་པའི་འབྲེལ་ཡོད་གཏན་འབེབས་ཀྱང་སྤྱད་འཐུས། ནང་འདྲེན་བྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱར་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་མཁན་གྱིས་རིགས་རྒྱུད་གསར་པ་དང་རིགས་རྒྱུད་ཆ་འགྲིག་བདམས་གསོ་བྱེད་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱེད་པ་དང་། བདམས་གསོ་བྱས་པའི་རིགས་རྒྱུད་གསར་པ་དང་རིགས་རྒྱུད་ཆ་འགྲིག་ཁྱབ་གདལ་མ་བཏང་གོང་དུ་རྒྱལ་ཁབ་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཨུ་ལྷན་ལ་ཞིབ་དཔྱད་གཏན་འབེབས་བྱེད་དུ་འཇུག་དགོས།

དོན་ཚན་སོ་གཉིས་པ། ཕ་ཕྱུགས་དང་སོན་བྱ་ར་བ་དང་བྱ་ཕྲུག་གསོ་སྐྱེད་ར་བས(བཟོ་གྲྭ)ཕྱུགས་ཕྲུག་དང་བྱ་ཕྲུག་ཚོང་ཟོག་བྱས་ནས་འཚོང་སྐབས། ཉོ་མཁན་ལ་འཚོང་བའི་དངོས་ཟོག་སྟེ་ཕྱུགས་ཕྲུག་དང་བྱ་ཕྲུག་གི་ཐོན་སྐྱེད་ནུས་པའི་དམིགས་ཚད་དང་། རིམས་འགོག་གནས་ཚུལ། གསོ་ཚགས་ལག་རྩལ་གྱི་བླང་བྱ། འབྲེལ་ཡོད་བློ་འདྲིའི་ཞབས་ཞུ་བཅས་མཁོ་འདོན་བྱ་དགོས་པར་མ་ཟད། སྲོག་ཆགས་རིམས་འགོག་ལྟ་སྐུལ་ལས་ཁུངས་ཀྱིས་བཏོན་པའི་རིམས་བརྟག་ཚད་མཐུན་དཔང་ཡིག་ཡོད་དགོས། ཕ་ཕྱུགས་དང་སོན་བྱ་དང་ཕྱུགས་ཕྲུག་བྱ་ཕྲུག་ཚོང་ཟོག་བྱས་ནས་འཚོང་སྐབས། སྤུས་ཀའི་དབང་གིས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་མཁན་ལ་གྱོང་གུན་ཐེབས་ཚེ། ཁྲིམས་ལྟར་གྱོང་གུན་གསབ་དགོས།

དོན་ཚན་སོ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཕ་ཕྱུགས་དང་སོན་བྱའི་སྤུས་ཀ་ཉེན་མེད་ཡོང་བའི་ལྟ་སྐུལ་དོ་དམ་ལས་ཀར་འགན་འཁུར་དགོས། ཕ་ཕྱུགས་དང་སོན་བྱའི་སྤུས་ཀ་ཉེན་མེད་ཡོང་བར་ལྟ་སྐུལ་དང་ཞིབ་དཔྱད་བྱེད་རྒྱུ་དེ། བཅའ་ཁྲིམས་ཀྱིས་ཁས་ལེན་ཐོབ་པའི་ཕ་ཕྱུགས་དང་སོན་བྱའི་སྤུས་ཀའི་ཞིབ་དཔྱད་ལས་ཁུངས་ལ་མངག་བཅོལ་བྱས་ནས་སྒྲུབ་ཏུ་འཇུག་དགོས། དེར་མཁོ་བའི་ཞིབ་དཔྱད་གྲོན་དངུལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་གཏོང་དགོས་པ་ལས་ཞིབ་དཔྱད་བྱ་ཡུལ་སྐྱེ་བོའི་ས་ནས་སྡུད་མི་ཆོག

དོན་ཚན་སོ་བཞི་པ། དར་འབུའི་ཐོན་ཁུངས་སྲུང་སྐྱོང་དང་། རིགས་རྒྱུད་གསར་པ་བདམས་གསོ། ཐོན་སྐྱེད་ལས་གཉེར། ཁྱབ་སྤེལ་བཅས་ལ་བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས་ཤིང་། དོ་དམ་བྱེད་ཐབས་ཞིབ་ཕྲ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་དགོས།

1_4 ལེའུ་བཞི་པ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་བྱེད་ཕྱོགས་སྐོར།

དོན་ཚན་སོ་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཕྱུགས་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་ཚོང་རའི་དགོས་མཁོ་ལྟར་ཕྱུགས་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས། གནས་བབ་ལེགས་པའི་སྒོ་ཕྱུགས་དང་ཁྱིམ་བྱ་ཐོན་སྐྱེད་བྱེད་པ་དར་སྤེལ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་ཀྱི་ཚོང་རའི་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། རྩྭ་ཐང་དང་འབྲོག་ཁུལ་དུ་རྩྭ་ར་སྐོར་བ་དང་། རྩྭ་ཐང་གི་ཆུ་བེད། རྩྭ་ཐང་ལེགས་སྒྱུར། གཟན་རྩྭ་དང་གཟན་ཆས་ཀྱི་རྟེན་གཞི་སོགས་རྩྭ་ཐང་གི་གཞི་རྩའི་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། ཕྱུགས་རིགས་ཀྱི་གྲུབ་ཚུལ་དང་རིགས་རྒྱུད་ལེགས་སྒྱུར་དང་། ཐོན་སྐྱེད་བྱེད་སྟངས་བསྒྱུར་བ། སྡོམ་གསོ་རྒྱག་པ་དང་རྩྭ་བགོས་རེས་སྐོར་ཕྱུགས་འཚོ་དར་སྤེལ་བཏང་སྟེ། ཕྱུགས་རིགས་དང་རྩྭ་ར་གཉིས་རིམ་བཞིན་དོ་མཉམ་ཡོང་བ་བྱས་ནས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་དགོས།

དོན་ཚན་སོ་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་རང་གི་ནོར་སྲིད་སྔོན་རྩིས་ནང་དུ་ཕྱུགས་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྒྱུད་བཟང་གསབ་དངུལ་དང་། སྐྱེད་མེད་ཁ་གསབ་རོགས་དངུལ་སོགས་པའི་མ་དངུལ་བཀོད་སྒྲིག་བྱ་དགོས་པར་མ་ཟད། འབྲེལ་ཡོད་དངུལ་རྩའི་ལས་ཁུངས་ཀྱིས་བུ་ལོན་གཏོང་བ་དང་བརྟན་སྩོལ་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་མཁན་གྱིས་རྒྱུད་བཟང་སྒོ་ཕྱུགས་དང་ཁྱིམ་བྱ་ཉོ་བ་དང་། རྒྱུད་བཟང་གསོ་སྤེལ། ཐོན་སྐྱེད་སྒྲིག་བཀོད་ལེགས་བཅོས། གསོ་སྤེལ་གཞི་ཁྱོན་ཆེར་སྐྱེད་བཅས་ལ་རྒྱབ་སྐྱོར་བྱེད་པར་བསྔགས་སྐུལ་བྱས་ནས་གསོ་སྤེལ་གྱི་ཕན་འབྲས་ཆེ་རུ་གཏོང་དགོས།

དོན་ཚན་སོ་བདུན་པ། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་། ཞིང་པ་དང་ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱིས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་དང་། གསོ་སྤེལ་བྱེད་གནས་ཆུང་གྲས་འཛུགས་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱས་ནས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་དུ་འགྱུར་བའི་གསོ་སྤེལ་བྱེད་ལུགས་འཕེལ་རྒྱས་གཏོང་དགོས། ཞང(གྲོང་རྡལ)གི་ས་ཆ་བེད་སྤྱོད་བྱེད་སྟངས་སྐོར་གྱི་སྤྱིའི་འཆར་འགོད་བཟོ་སྐབས་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་བྱེད་ས་བཀོད་སྒྲིག་བྱ་དགོས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་། ཞིང་པ། ཕྱུགས་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་བཅས་ཀྱིས་ཞང(གྲོང་རྡལ)གི་ས་ཆ་བེད་སྤྱོད་བྱེད་སྟངས་སྐོར་གྱི་སྤྱིའི་འཆར་འགོད་གཞིར་བཟུང་ནས་བསྐྲུན་པའི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་དང་། གསོ་སྤེལ་བྱེད་གནས་ཆུང་གྲས་ཐད་དུ་སྤྱོད་པའི་ས་ཆ་ནི་ཞིང་ལས་ཐད་དུ་སྤྱོད་པའི་ས་ཆ་ལྟར་དོ་དམ་བྱ་དགོས། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་དང་། གསོ་སྤེལ་བྱེད་གནས་ཆུང་གྲས་ཀྱི་ཐད་དུ་སྤྱོད་པའི་ས་ཆ་བེད་སྤྱོད་བྱེད་དབང་གི་དུས་ཡུན་ཐིམ་ནས་སྔོན་གྱི་སྤྱོད་སྒོ་བསྐྱར་གསོ་བྱ་དགོས་པ་རྣམས། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་དང་། གསོ་སྤེལ་བྱེད་གནས་ཆུང་གྲས་ཀྱི་ས་ཆ་སྤྱོད་དབང་ཡོད་མཁན་གྱིས་བསྐྱར་གསོ་བྱེད་འགན་འཁུར་དགོས། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་དང་། གསོ་སྤེལ་བྱེད་གནས་ཆུང་གྲས་ཀྱི་ས་ཁོངས་སུ་གཏན་ཆགས་རང་བཞིན་གྱི་བཟོ་བཀོད་འཛུགས་སྐྲུན་བྱས་ནས་ཞིང་སའི་སྤྱོད་སྒོ་གཞན་དུ་བསྒྱུར་དགོས་རིགས་བྱུང་ཚེ།《ས་ཆ་དོ་དམ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་བསྒྲུབ་དགོས།

དོན་ཚན་སོ་བརྒྱད་པ། རྒྱལ་ཁབ་ཀྱིས་བཙུགས་པའི་ཕྱུགས་ལས་སྨན་བཅོས་ལག་རྩལ་ཁྱབ་སྤེལ་ལས་ཁུངས་ཀྱིས་ཞིང་པར་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ལག་རྩལ་སྦྱོང་བརྡར་དང་། རྒྱུད་བཟང་ཁྱབ་སྤེལ། རིམས་ནད་སྔོན་འགོག་སོགས་ཀྱི་ཞབས་ཞུ་བཅས་མཁོ་འདོན་བྱ་དགོས། རྒྱལ་ཁབ་ཀྱིས་བཙུགས་པའི་ཕྱུགས་ལས་སྨན་བཅོས་ལག་རྩལ་ཁྱབ་སྤེལ་ལས་ཁུངས་ཀྱིས་སྤྱི་ཕན་རང་བཞིན་གྱི་ལག་རྩལ་ཞབས་ཞུ་སྒྲུབ་པའི་ལས་ཀར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གྲོན་དངུལ་གཏོང་བའི་འགན་སྲུང་བྱ་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་ལས་སྣོན་ཁེ་ལས་དང་འབྲེལ་ཡོད་ཐོན་སྐྱེད་ལས་གཉེར་མཁན་གཞན་དག་གིས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་བྱེད་མཁན་ལ་མཁོ་བའི་ཞབས་ཞུ་མཁོ་འདོན་བྱེད་པར་རྒྱལ་ཁབ་ནས་བསྔགས་སྐུལ་བྱ་དགོས།

དོན་ཚན་སོ་དགུ་པ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་དང་། གསོ་སྤེལ་བྱེད་གནས་ཆུང་གྲས་ལ་འཛོམས་དགོས་པའི་ཆ་རྐྱེན་གཤམ་གསལ།

དེའི་གསོ་སྤེལ་གཞི་ཁྱོན་དང་འཚམ་པའི་ཐོན་སྐྱེད་བྱེད་ས་དང་ཐོན་སྐྱེད་སྒྲིག་བཀོད་ཆ་ཚང་ཡོད་དགོས་པ་དང་། དེར་ཞབས་ཞུ་སྒྲུབ་པའི་ཕྱུགས་ལས་སྨན་བཅོས་ལག་རྩལ་མི་སྣ་ཡོད་དགོས་པ། བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་འགན་སྡེ་ཁག་གིས་གཏན་འབེབས་བྱས་པའི་རིམས་འགོག་ཆ་རྐྱེན་ཚང་དགོས་པ། སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་དང་། བཙོག་ཆུ། སྲ་གཟུགས་ཟོག་རོ་གཞན་དག་བཅས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་པའི་རྫབ་རླངས་ལ་སོགས་པའི་སྒྲིག་བཀོད་དམ་ཡང་ན་ཉེན་མེད་ཅན་དུ་བསྒྱུར་བའི་སྒྲིག་བཀོད་གཞན་དག་ཡོད་དགོས་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་ཚང་དགོས་པ་བཅས་ཡིན། གསོ་སྤེལ་ར་བ་དང་། གསོ་སྤེལ་བྱེད་གནས་ཆུང་གྲས་གཉེར་མཁན་གྱིས་གསོ་སྤེལ་ར་བ་དང་། གསོ་སྤེལ་བྱེད་གནས་ཆུང་གྲས་ཀྱི་མིང་དང་། ས་གནས། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས། གསོ་སྤེལ་གཞི་ཁྱོན་དང་བཅས་པ་གསོ་སྤེལ་ར་བ་དང་། གསོ་སྤེལ་བྱེད་གནས་ཆུང་གྲས་ཡོད་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་རྟགས་མཚན་ཨང་གྲངས་ལེན་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ཀྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ནས། སྒོ་ཕྱུགས་དང་ཁྱིམ་བྱའི་གསོ་སྤེལ་ར་བ་དང་། གསོ་སྤེལ་ར་བ་ཆུང་གྲས་ཀྱི་གཞི་ཁྱོན་ཚད་གཞི་དང་ཐོ་འགོད་སྒྲིག་རིམ་བཅས་གཏན་འབེབས་བྱ་དགོས།

དོན་ཚན་བཞི་བཅུ་པ། གཤམ་གསལ་གྱི་ས་ཁོངས་སུ་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་དང་། གསོ་སྤེལ་བྱེད་གནས་ཆུང་གྲས་གཉེར་རིགས་གཏན་འགོག་བྱ་འགོས་པ་སྟེ།

འཚོ་བའི་ཆུ་ཁུངས་སྲུང་སྐྱོང་ཁུལ་དང་། མཛེས་ལྗོངས་གྲགས་ཅན། རང་བྱུང་སྲུང་སྐྱོང་ཁུལ་གྱི་དཀྱིལ་ཁུལ་དང་མཐའ་འདབས་ཁུལ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཁུལ་དང་། རིག་གནས་སློབ་གསོ་ཚན་རིག་ཞིབ་འཇུག་ཁུལ་སོགས་མི་འབོར་འདུས་ཚད་ཆེ་བའི་ས་ཁོངས། བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་གསོ་སྤེལ་བྱེད་མི་ཆོག་པའི་ས་ཁུལ་བཅས་ཡིན།

དོན་ཚན་ཞེ་གཅིག་པ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བས་གསོ་སྤེལ་ཡིག་ཚགས་བཟོས་ཏེ་གཤམ་གསལ་གྱི་ནང་དོན་ཁག་གསལ་པོར་འགོད་དགོས་པ་སྟེ།

སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་དང་། གྲངས་འབོར། གསོ་སྤེལ་གསལ་ཐོ། རྟགས་མཚན་གྱི་གནས་ཚུལ། འབྱུང་ཁུངས། བཤས་གཏོང་དུས་ཚོད་བཅས་དང་། གཟན་རྩྭ་དང་གཟན་ཆས་ཀྱི་སྲེ་སྣོན་དངོས་རྫས་དང་ཕྱུགས་སྨན་སོགས་ཀྱི་འབྱུང་ཁུངས་དང་། མིང་། སྤྱོད་ཡུལ། དུས་ཚོད། སྤྱོད་ཚད། རིམས་བརྟག་དང་། རིམས་འགོག དུག་སེལ་བཅས་བྱས་ཚུལ། སྒོ་ཕྱུགས་དང་ཁྱིམ་བྱར་ནད་བྱུང་ཚུལ་དང་ཤི་ཚུལ། ཉེན་མེད་ཅན་དུ་བསྒྱུར་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱས་པའི་ནང་དོན་གཞན་དག་བཅས་ཡིན།

དོན་ཚན་ཞེ་གཉིས་པ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བས་རང་གིས་གསོ་སྤེལ་བྱེད་པའི་སྒོ་ཕྱུགས་དང་ཁྱིམ་བྱར་གསོ་སྤེལ་གྱི་ཆ་རྐྱེན་དང་། འཚོ་ཞིང་འཚར་ལོངས་འབྱུང་སའི་ཁོར་ཡུག་འོས་འཚམ་མཁོ་འདོན་བྱ་དགོས།

དོན་ཚན་ཞེ་གསུམ་པ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་གྱི་ལས་ཀ་གཉེར་བར་གཤམ་གསལ་གྱི་བྱ་སྤྱོད་ཡོད་མི་ཆོག་པ་སྟེ།

བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་། རྒྱལ་ཁབ་ཀྱི་ལག་རྩལ་ཚད་མཐུན་ཅན་དུ་གཏོང་བའི་བཙན་ཤུགས་རང་བཞིན་གྱི་བླང་བྱ་དང་འགལ་ཏེ་གཟན་རྩྭ་དང་གཟན་ཆས་ཀྱི་སྲེ་སྣོན་དངོས་རྫས་དང་ཕྱུགས་སྨན་སྤྱོད་རིགས་དང་། དྲོད་ཚད་མཐོན་པོས་དུག་སེལ་བྱས་མེད་པའི་ཟ་ཁང་གི་འཁྲུད་ཆུ་སྒོ་ཕྱུགས་དང་ཁྱིམ་བྱར་སྟེར་རིགས། གད་སྙིགས་ར་བའམ་གད་སྙིགས་ར་བའི་དངོས་རྫས་ཀྱིས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་རིགས། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་བཅས་ཀྱིས་གཏན་འབེབས་བྱས་པའི་མི་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་བདེ་ཐང་ལ་གནོད་པའི་བྱ་སྤྱོད་གཞན་དག་བཅས་ཡིན།

དོན་ཚན་ཞེ་བཞི་པ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་བྱེད་པར་སྲོག་ཆགས་ཀྱི་རིམས་འགོག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གྱི་གཏན་འབེབས་ལྟར་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་ནད་འགོག་བཅོས་ལས་ཀ་ལེགས་པར་བསྒྲུབ་དགོས།

དོན་ཚན་ཞེ་ལྔ་པ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་བྱེད་མཁན་གྱིས་སྒོ་ཕྱུགས་དང་ཁྱིམ་བྱའི་རྟགས་མཚན་དོ་དམ་སྐོར་གྱི་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར། རྟགས་མཚན་འདེབས་འོས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་ལུས་ཀྱི་ཆ་ཤས་ངེས་གཏན་དུ་རྟགས་མཚན་འགོད་དགོས། ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྟགས་མཚན་མཁོ་འདོན་བྱས་པར་རིན་དོད་ལེན་མི་ཆོག་ཅིང་། དེར་མཁོ་བའི་གྲོན་དངུལ་རྣམས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་ནང་འགོད་དགོས།

དོན་ཚན་ཞེ་དྲུག་པ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་དང་། གསོ་སྤེལ་བྱེད་གནས་ཆུང་གྲས་ཀྱིས་སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་དང་བཙོག་ཆུ། སྲ་གཟུགས་ཟོག་རོ་གཞན་དག་བཅས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་པའམ་ཡང་ན་ཉེན་མེད་ཅན་དུ་སྒྱུར་བྱེད་ཀྱི་སྒྲིག་བཀོད་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱ་དགོས་པ་དང་། སྦགས་བཙོག་དངོས་པོ་ཚད་མཐུན་ངང་ཕྱིར་འདོར་བར་ཁག་ཐེག་བྱས་ནས་ཁོར་ཡུག་བཙོག་པ་བཟོ་རིགས་སྔོན་འགོག་བྱ་དགོས། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་དང་། གསོ་སྤེལ་བྱེད་གནས་ཆུང་གྲས་ཀྱིས་སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་དང་བཙོག་ཆུ། སྲ་གཟུགས་ཟོག་རོ་གཞན་དག་བཅས་ཁྲིམས་འགལ་གྱིས་ཕྱིར་དོར་ཏེ་ཁོར་ཡུག་ལ་བཙོག་སྐྱོན་བཟོས་ན། གནོད་སྐྱོན་བསལ་ནས་ཁྲིམས་ལྟར་གུན་གསབ་འཇལ་དགོས། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་དང་གསོ་སྤེལ་བྱེད་གནས་ཆུང་གྲས་ཀྱིས་སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་དང་བཙོག་ཆུ། སྲ་གཟུགས་ཟོག་རོ་གཞན་དག་བཅས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་པའི་སྒྲིག་བཀོད་སྐྲུན་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་དགོས།

དོན་ཚན་ཞེ་བདུན་པ། རྒྱལ་ཁབ་ཀྱིས་སྦྲང་གསོའི་ལས་རིགས་སྤེལ་བར་བསྔགས་སྐུལ་བྱེད་པ་དང་སྦྲང་མ་གསོ་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས། སྦྲང་མས་ཟེའུ་འབྲུ་སྡེབ་སྦྱོར་བྱེད་པའི་ཞིང་ལས་ལག་རྩལ་བྱེད་ཐབས་འབྲེལ་ཡོད་སྡེ་ཁག་གིས་དྲིལ་བསྒྲགས་དང་ཁྱབ་སྤེལ་ཧུར་ཐག་བྱ་དགོས།

དོན་ཚན་ཞེ་བརྒྱད་པ། སྦྲང་མ་གསོ་མཁན་གྱིས་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྦྲང་མའི་ཐོན་རྫས་ཀྱི་སྤུས་ཀར་ཉེན་ཁ་བཟོ་བའི་སྨན་རྫས་དང་སྣོད་ཆས་སྤྱད་མི་ཆོག་པ་དང་སྦྲང་རྩིའི་ཐོན་རྫས་ཀྱི་སྤུས་ཀར་འགན་སྲུང་བྱ་དགོས། སྦྲང་མ་གསོ་བྱེད་ཀྱི་ཡོ་བྱད་རྒྱལ་ཁབ་ཀྱི་ལག་རྩལ་ཚད་མཐུན་ཅན་དུ་གཏོང་བའི་བཙན་ཤུགས་རང་བཞིན་གྱི་བླང་བྱ་དང་མཐུན་དགོས།

དོན་ཚན་ཞེ་དགུ་པ། སྦྲང་མ་གསོ་མཁན་གྱིས་ས་གནས་སྤོས་ནས་སྦྲང་མ་གསོ་སྐབས། ས་དེའི་སྤྱི་བདེ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཕྱུགས་ལས་སྨན་བཅོས་སོགས་འབྲེལ་ཡོད་སྡེ་ཁག་གིས་དེར་མཁོ་ངེས་ཀྱི་སྟབས་བདེ་བསྐྲུན་དགོས། སྦྲང་མ་གསོ་མཁན་གྱིས་རྒྱལ་ནང་དུ་ས་གནས་སྤོས་ནས་སྦྲང་མ་གསོ་སྐབས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཅིག་གྱུར་གྱིས་དཔར་བའི་རིམས་བརྟག་ཚད་མཐུན་དཔང་ཡིག་ལ་བརྟེན་ནས་སྦྲང་མ་དབོར་དགོས་པ་དང་། རིམས་བརྟག་ཚད་མཐུན་དཔང་ཡིག་སྤྱོད་གོ་ཆོད་ཡུན་ནང་ཡང་བསྐྱར་རིམས་ནད་བརྟགས་མི་ཆོག

1_5 ལེའུ་ལྔ་པ། སྒོ་ཕྱུགས་དང་ཁྱིམ་བྱ་ཉོ་འཚོང་དང་སྐྱེལ་འདྲེན་བྱེད་སྟངས་སྐོར།

དོན་ཚན་ལྔ་བཅུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྒོ་འབྱེད་གཅིག་གྱུར་དང་འགྲན་རྩོད་གོ་རིམ་ལྡན་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་ཉོ་འཚོང་ཚོང་ར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱ་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གཞན་དག་གིས་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་སྐྱེད་བྲིན་འཚོང་སྐོར་གྱི་བརྡ་འཕྲིན་འཚོལ་སྡུད་དང་། ལེགས་སྒྲིག ཁྱབ་བསྒྲགས་བཅས་བྱས་ནས་ཐོན་སྐྱེད་བྱེད་མཁན་ལ་བརྡ་འཕྲིན་གྱི་ཞབས་ཞུ་མཁོ་འདོན་བྱ་དགོས།

དོན་ཚན་ང་གཅིག་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་ར་གོང་དུ་སྤེལ་བའི་འཆར་འགོད་ལྟར་སྒོ་ཕྱུགས་དང་ཁྱིམ་བྱ་འདུ་འགྲེམ་བྱེད་གནས་སུ་སྒོ་ཕྱུགས་དང་ཁྱིམ་བྱ་སྡེབ་འཚོང་ཚོང་ར་འཛུགས་པར་རོགས་སྐྱོར་བྱ་དགོས། སྒོ་ཕྱུགས་དང་ཁྱིམ་བྱ་སྡེབ་འཚོང་ཚོང་ར་འཛུགས་ས་དེ། བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་བཅས་ཀྱིས་གཏན་འབེབས་བྱས་པའི་སྲོག་ཆགས་ཀྱི་རིམས་འགོག་ཆ་རྐྱེན་དང་མཐུན་དགོས་པར་མ་ཟད། ཕ་ཕྱུགས་དང་སོན་བྱའི་ར་བ་དང་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བ་ཆེ་གྲས་དང་བར་ཐག་སྤྱི་ལེ་གསུམ་ཡན་ཡོད་དགོས།

དོན་ཚན་ང་གཉིས་པ། ཉོ་འཚོང་བྱེད་པའི་སྒོ་ཕྱུགས་དང་ཁྱིམ་བྱ་རྣམས་རྒྱལ་ཁབ་ཀྱི་ལག་རྩལ་ཚད་མཐུན་ཅན་དུ་གཏོང་བའི་བཙན་ཤུགས་རང་བཞིན་གྱི་བླང་བྱ་དང་ངེས་པར་དུ་མཐུན་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྟགས་མཚན་འགོད་དགོས་པའི་གཏན་འབེབས་བྱས་ཡོད་ཀྱང་རྟགས་མཚན་བཀོད་མེད་པའི་སྒོ་ཕྱུགས་དང་ཁྱིམ་བྱ་སྡུད་ཉོ་དང་ཕྱིར་འཚོང་བྱས་མི་ཆོག

དོན་ཚན་ང་གསུམ་པ། སྒོ་ཕྱུགས་དང་ཁྱིམ་བྱ་སྐྱེལ་འདྲེན་བྱེད་སྐབས་ངེས་པར་དུ་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱས་པའི་སྲོག་ཆགས་ཀྱི་རིམས་འགོག་ཆ་རྐྱེན་དང་མཐུན་དགོས་པ་དང་། བྱེད་ཐབས་སྤྱད་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་བདེ་འཇགས་སྲུང་སྐྱོང་བྱ་དགོས་པར་མ་ཟད། སྐྱེལ་འདྲེན་བྱེད་པའི་སྒོ་ཕྱུགས་དང་ཁྱིམ་བྱར་དགོས་ངེས་ཀྱི་སྡོད་ས་དང་འཐུང་ཆུ་མཁོ་འདོན་བྱ་དགོས། དབོར་འདྲེན་བྱེད་བཞིན་པའི་སྒོ་ཕྱུགས་དང་ཁྱིམ་བྱར་འབྲེལ་ཡོད་སྡེ་ཁག་གིས་ཞིབ་དཔྱད་བྱེད་སྐབས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཞི་འཛིན་ས་ཡོད་དགོས།

1_6 ལེའུ་དྲུག་པ། རྒྱུད་སྤུས་ཉེན་མེད་ཡོང་བའི་འགན་སྲུང་བྱེད་ཐབས་སྐོར།

དོན་ཚན་ང་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གཞན་དག་སྒྲིག་འཛུགས་བྱས་ནས། བཅའ་ཁྲིམས་འདི་དང་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སའི་ཁོར་ཡུག་དང་། ཕ་ཕྱུགས་དང་སོན་བྱའི་སྤུས་ཀ གཟན་ཆས་དང་ཕྱུགས་སྨན་སོགས་བེད་སྤྱོད་བྱེད་སྟངས། སྒོ་ཕྱུགས་དང་ཁྱིམ་བྱ་ཉོ་འཚོང་དང་སྐྱེལ་འདྲེན་བྱེད་པ་བཅས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས།

དོན་ཚན་ང་ལྔ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྒོ་ཕྱུགས་དང་ཁྱིམ་བྱའི་རྟགས་མཚན་དང་གསོ་སྤེལ་གྱི་ཡིག་ཚགས་དོ་དམ་བྱེད་ཐབས་གཏན་འབེབས་བྱ་དགོས་པ་དང་། བྱེད་ཐབས་སྤྱད་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས་ཀྱི་སྤུས་ཀའི་འགན་འཁྲི་བདའ་འདེད་ལམ་ལུགས་དོན་འཁྱོལ་བྱ་དགོས།

དོན་ཚན་ང་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྒོ་ཕྱུགས་དང་ཁྱིམ་བྱའི་སྤུས་ཀ་ཉེན་མེད་ཡོང་བར་ལྟ་སྐུལ་དང་ཞིབ་དཔྱད་འཆར་གཞི་བཟོས་ནས། འཆར་གཞི་ལྟར་ལྟ་སྐུལ་དང་འཐེན་བཤེར་ལས་ཀ་སྤེལ་དགོས།

དོན་ཚན་ང་བདུན་པ། ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་སྐྱེད་ཚད་གཞི་གཏན་འབེབས་བྱེད་པའི་སྒྲིག་འཛུགས་བྱས་ནས་སྒོ་ཕྱུགས་དང་ཁྱིམ་བྱ་ཉེན་མེད་ངང་ཐོན་སྐྱེད་བྱེད་པར་མཛུབ་ཁྲིད་བྱ་དགོས།

1_7 ལེའུ་བདུན་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་ང་བརྒྱད་པ། བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་ཏེ་སྲུང་སྐྱོང་བྱ་ཡུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་རང་འཚམ་གྱིས་ཐག་གཅོད་བྱས་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ལ་གྱོང་གུན་བཟོས་ན། ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྒོར་ལྔ་ཁྲི་ཡན་ནས་ལྔ་འབུམ་མན་གྱི་དངུལ་ཆད་གཅོད་དགོས།

དོན་ཚན་ང་དགུ་པ། བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་གཤམ་གསལ་གྱི་བྱ་སྤྱོད་གང་རུང་ཡོད་ཚེ། ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་འགན་དཀྲི་དགོས་པ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་དང་ཁྲིམས་འགལ་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་དང་ཆབས་སྦྲགས་སུ་སྒོར་ཆིག་ཁྲི་ཡན་ནས་ལྔ་ཁྲི་མན་གྱི་དངུལ་ཆད་གཅོད་དགོས་པ་སྟེ།

ཞིབ་དཔྱད་ཆོག་མཆན་མ་ཞུས་པར་ཕྱི་རྒྱལ་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ནང་འདྲེན་བྱས་རིགས་དང་། ཞིབ་དཔྱད་ཆོག་མཆན་མ་ཞུས་པར་རྒྱལ་ནང་དུ་རྒྱལ་ཕྱིའི་ལས་ཁུངས་སམ་མི་སྒེར་དང་མཉམ་ལས་བྱས་ནས་སྲུང་སྐྱོང་མིང་ཐོའི་ཁོངས་སུ་གཏོགས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཞིབ་འཇུག་དང་བེད་སྤྱོད་བྱས་རིགས། རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུན་ཐོན་ཁུངས་ཨུ་ལྷན་གྱི་གསལ་འབྱེད་མ་བརྒྱུད་པར་རྒྱལ་ནང་དུ་རྒྱལ་ཕྱིའི་ལས་ཁུངས་སམ་མི་སྒེར་དང་མཉམ་ལས་བྱས་ནས། སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་གསར་རྙེད་བྱུང་རིགས་ལ་ཞིབ་འཇུག་དང་བེད་སྤྱོད་བྱས་རིགས་བཅས་ཡིན།

དོན་ཚན་དྲུག་ཅུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་གཙོ་སྐྱོང་སྡེ་ཁག་གི་ཆོག་མཆན་མ་ཞུས་པར་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཕྱི་རྒྱལ་དུ་ཕྱིར་བཏང་ན། འགག་སྒོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁྲིམས་འགན་བདའ་འདེད་བྱ་དགོས། འགག་སྒོས་བཀག་ཉར་བྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་དག་ཞིང་ཆེན་རིམ་པའི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་བསྐྱལ་ནས་ཐག་གཅོད་བྱེད་དུ་འཇུག་དགོས།

དོན་ཚན་རེ་གཅིག་པ། བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་ཞིབ་བཤེར་གཏན་འབེབས་སམ་གསལ་འབྱེད་མ་བྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཕྱིར་འཚོང་དང་ཁྱབ་སྤེལ་བྱས་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་འགན་དཀྲི་དགོས་པ་དང་། སྒོ་ཕྱུགས་དང་ཁྱིམ་བྱ་དང་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་དགོས་ཤིང་། ཁྲིམས་འགལ་ཐོབ་ཆ་སྒོར་ལྔ་ཁྲི་ཡན་ལོངས་ཚེ། ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་དགོས་པ་དང་། ཁྲིམས་འགལ་ཐོབ་ཆ་མེད་པའམ་ཐོབ་ཆ་སྒོར་ཁྲི་ལྔ་མི་ལོངས་ཚེ། སྒོར་ལྔ་སྟོང་ཡན་ནས་ལྔ་ཁྲི་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་དགོས།

དོན་ཚན་རེ་གཉིས་པ། བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་གྱི་བཀའ་འཁྲོལ་ལག་ཁྱེར་མེད་པའམ་ཡང་ན་ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་བཀའ་འཁྲོལ་ལག་ཁྱེར་གྱི་གཏན་འབེབས་དང་འགལ་ནས་ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་བྱས་རིགས་དང་། ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་བཀའ་འཁྲོལ་ལག་ཁྱེར་བཤུག་པ་དང་གླས་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་འགན་དཀྲི་དགོས་པ་དང་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་དགོས་ཤིང་། ཁྲིམས་འགལ་ཐོབ་ཆ་སྒོར་ཁྲི་གསུམ་ཡན་ལོངས་ཚེ། ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་དགོས་པ་དང་། ཁྲིམས་འགལ་ཐོབ་ཆ་མེད་པའམ་ཁྲིམས་འགལ་ཐོབ་ཆ་སྒོར་ཁྲི་གསུམ་མི་ལོངས་ཚེ། སྒོར་གསུམ་སྟོང་ཡན་ནས་སུམ་ཁྲི་མན་གྱི་དངུལ་ཆད་གཅོད་དགོས། ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་བཀའ་འཁྲོལ་ལག་ཁྱེར་གྱི་གཏན་འབེབས་དང་འགལ་ནས་ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་བྱས་པའམ་ཡང་ན་ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་བཀའ་འཁྲོལ་ལག་ཁྱེར་བཤུག་པ་དང་གླས་པའི་ཉེས་ཚབས་ཆེ་རིགས་ལ། ད་དུང་ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་གྱི་བཀའ་འཁྲོལ་ལག་ཁྱེར་ཕྱིར་བསྡུ་དགོས།

དོན་ཚན་རེ་གསུམ་པ། བཅའ་ཁྲིམས་འདིའི་དོན་ཚན་ཉེར་བརྒྱད་པའི་གཏན་འབེབས་དང་འགལ་ཚེ་མཚམས་སྦྱོར་བརྡ་ཁྱབ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་འཁོད་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཁྲིམས་འབྲེལ་འགན་འཁྲི་བདའ་འདེད་གཏོང་དགོས།

དོན་ཚན་རེ་བཞི་པ། བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ། ཕ་ཕྱུགས་དང་སོན་བྱ་སྤྱོད་རིགས་རྒྱུད་སྤེལ་ལ་སྤྱོད་པའི་ཚད་གཞི་དང་མི་མཐུན་ཚེ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་འགན་དཀྲི་དགོས་པ་དང་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་དགོས་ཤིང་། ཁྲིམས་འགལ་ཐོབ་ཆ་སྒོར་ལྔ་སྟོང་ཡན་ལོངས་ཚེ། ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་གཉིས་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་དང་། ཁྲིམས་འགལ་ཐོབ་ཆ་མེད་པའམ་སྒོར་ལྔ་སྟོང་མི་ལོངས་ཚེ། སྒོར་ཆིག་སྟོང་ཡན་ནས་སྒོར་ལྔ་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་དགོས།

དོན་ཚན་རེ་ལྔ་པ། ཕ་ཕྱུགས་དང་སོན་བྱ་འཚོང་སྐབས་བཅའ་ཁྲིམས་འདིའི་དོན་ཚན་སུམ་ཅུ་པའི་རྣམ་གྲངས་དང་པོ་ནས་བཞི་པའི་ནང་འཁོད་ཁྲིམས་འགལ་བྱ་སྤྱོད་གང་རུང་ཡོད་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་གཙོ་སྐྱོང་སྡེ་ཁག་གམ། ཡང་ན་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་འཚོང་མཚམས་འཇོག་འགན་དཀྲི་དགོས་པ་དང་། ཁྲིམས་འགལ་གྱིས་བཙོངས་པའི་སྒོ་ཕྱུགས་དང་ཁྱིམ་བྱ་དང་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་དགོས་ཤིང་། ཁྲིམས་འགལ་ཐོབ་ཆ་སྒོར་ཁྲི་ལྔ་ཡན་ལོངས་ཚེ། ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་དང་། ཁྲིམས་འགལ་ཐོབ་ཆ་མེད་པའམ་སྒོར་ཁྲི་ལྔ་མི་ལོངས་ཚེ། སྒོར་ལྔ་སྟོང་ཡན་ནས་ལྔ་ཁྲི་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་དགོས། ཉེས་ཚབས་ཆེ་རིགས་ལ་ཕ་ཕྱུགས་དང་སོན་བྱ་ཐོན་སྐྱེད་ལས་གཉེར་གྱི་བཀའ་འཁྲོལ་ལག་ཁྱེར་རམ་ལས་གཉེར་འཛིན་ཡིག་ཕྱིར་བསྡུ་དགོས།

དོན་ཚན་རེ་དྲུག་པ། བཅའ་ཁྲིམས་འདིའི་དོན་ཚན་ཞེ་གཅིག་པའི་གཏན་འབེབས་དང་འགལ་ཏེ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ར་བར་གསོ་སྤེལ་ཡིག་ཚགས་བཟོས་མེད་པའམ་ཡང་ན་གཏན་འབེབས་ལྟར་གསོ་སྤེལ་ཡིག་ཚགས་ཉར་ཚགས་བྱས་མེད་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་འགན་དཀྲི་དགོས་པ་དང་སྒོར་ཆིག་ཁྲི་མན་གྱི་དངུལ་ཆད་བཅད་ཆོག

དོན་ཚན་རེ་བདུན་པ། བཅའ་ཁྲིམས་འདིའི་དོན་ཚན་ཞེ་གསུམ་པའི་གཏན་འབེབས་དང་འགལ་ཏེ་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་བྱེད་མཁན་ལ་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་གཅོད་དགོས།

དོན་ཚན་རེ་བརྒྱད་པ། བཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་བཙོངས་པའི་ཕ་ཕྱུགས་དང་སོན་བྱར་ཕ་ཕྱུགས་དང་སོན་བྱའི་ཚད་ལོངས་དཔང་ཡིག་དང་། རིམས་བརྟག་ཚད་ལོངས་དཔང་ཡིག སྒོ་ཕྱུགས་ཀྱི་རྒྱུད་པ་མཚོན་ཡིག་སོགས་མེད་རིགས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྟགས་མཚན་འགོད་དགོས་པའི་གཏན་འབེབས་བྱས་ཡོད་ཀྱང་བཀོད་མེད་པའི་སྒོ་ཕྱུགས་དང་ཁྱིམ་བྱ་ཕྱིར་འཚོང་དང་སྡུད་ཉོ་བྱས་རིགས་སམ། ཡང་ན་སྒོ་ཕྱུགས་དང་ཁྱིམ་བྱའི་རྟགས་མཚན་བསྐྱར་སྤྱོད་བྱས་རིགས་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་དགོས་པ་དང་། སྒོར་ཉིས་སྟོང་མན་གྱི་དངུལ་ཆད་བཅད་ཆོགབཅའ་ཁྲིམས་འདིའི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་རྟགས་མཚན་རྫུན་བཟོ་དང་སྒྱུར་བཟོ་བྱས་རིགས་བེད་སྤྱོད་བྱས་ན། སྒོ་ཕྱུགས་དང་ཁྱིམ་བྱའི་རྟགས་མཚན་རྫུན་བཟོ་དང་སྒྱུར་བཟོ་བྱས་པ་དག་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཞུང་བཞེས་གཏོང་བ་དང་སྦྲགས་སྒོར་སུམ་སྟོང་ཡན་ནས་སུམ་ཁྲི་མན་གྱི་དངུལ་ཆད་གཅོད་དགོས།

དོན་ཚན་རེ་དགུ་པ། རྒྱལ་ཁབ་ལག་རྩལ་ཚད་མཐུན་ཅན་དུ་འགྱུར་བའི་བཙན་ཤེད་རང་བཞིན་གྱི་བླང་བྱ་དང་མི་མཐུན་པའི་སྒོ་ཕྱུགས་དང་ཁྱིམ་བྱ་འཚོང་མཁན་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ། ཡང་ན་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་འགན་དཀྲི་དགོས་པ་དང་སྦྲགས་ཁྲིམས་འགལ་གྱིས་བཙོངས་པའི་སྒོ་ཕྱུགས་དང་ཁྱིམ་བྱ་དང་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་དགོས་པར་མ་ཟད། ཁྲིམས་འགལ་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་དངུལ་ཆད་གཅོད་དགོས། ཉེས་ཚབས་ཆེ་རིགས་ལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་དེའི་ལས་གཉེར་འཛིན་ཡིག་ཕྱིར་བསྡུའི་ཆད་པ་གཅོད་དགོས།

དོན་ཚན་བདུན་ཅུ་པ། ཕྱུགས་ལས་སྨན་བཅོས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་ལས་བྱེད་མི་སྣས་རང་གི་གོ་གནས་ཀྱི་སྟབས་བདེར་བརྟེན་ནས་གཞན་གྱི་རྒྱུ་ནོར་དང་ཡང་ན་ཁེ་ཕན་གཞན་དག་བླངས་ནས་ཁྲིམས་བཀོད་ཆ་རྐྱེན་དང་མི་མཐུན་པའི་སྡེ་ཚན་དང་མི་སྒེར་ལ་བཀའ་འཁྲོལ་ལག་ཁྱེར་རམ་འབྲེལ་ཡོད་ཆོག་མཆན་ཡིག་ཆ་སྤྲད་པ་དང་། ལྟ་སྐུལ་བྱེད་འགན་མི་སྒྲུབ་པའམ་ཡང་ན་ཁྲིམས་འགལ་བྱ་སྤྱོད་ཤེས་ཀྱང་ཞིབ་གཅོད་མི་བྱེད་པའི་རིགས་ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས།

དོན་ཚན་དོན་གཅིག་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་ཉེས་ཚད་ལོན་པར་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་དགོས།

1_8 ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།

དོན་ཚན་དོན་གཉིས་པ། བཅའ་ཁྲིམས་འདིར་བརྗོད་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཞེས་པ་ནི་སྒོ་ཕྱུགས་དང་ཁྱིམ་བྱའི་ཁམས་དམར(སྒོ་ང)དང་། སྦྲུམ་རྟེན། ཁམས་དཀར། གཞི་རྒྱུའི་དངོས་པོ་སོགས་རིགས་རྒྱུད་རྒྱུ་ཆར་ཟེར། བཅའ་ཁྲིམས་འདིར་བརྗོད་པའི་ཕ་ཕྱུགས་དང་སོན་བྱ་ཞེས་པ་ནི་བདམས་གསོ་བྱས་པ་དང་། རྒྱུད་སྤེལ་ལ་སྤྱོད་པའི་རིན་ཐང་ལྡན་པ། རྗེས་རབས་བསྐྱེད་པར་འཚམ་པའི་སྒོ་ཕྱུགས་དང་ཁྱིམ་བྱ་དང་དེའི་ཁམས་དམར(སྒོ་ང)དང་། སྦྲུམ་རྟེན། ཁམས་དཀར་སོགས་ལ་ཟེར།

དོན་ཚན་དོན་གསུམ་པ། བཅའ་ཁྲིམས་འདི2006ལོའི་ཟླ7ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ།

དཔྱད་གཞིའི་ཡིག་ཆ།