ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང118པ།
ད་ལྟ《ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས》ཁྱབ་བསྒྲགས་བྱས་ཉིན་ནས་ལག་བསྟར་བྱས།
ཙུང་ལི་ལི་ཕེང་།
སྤྱི་ལོ1993ལོའི་ཟླ7པའི་ཚེས19ཉིན།
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས།
དོན་ཚན་དང་པོ།《ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་གཏན་འབེབས་ལ་གཞིགས་ནས་བྱེད་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་ཐོབ་ཐང་ནི་དེའི་ཐེམ་ཐོ་ཡོད་སའི་རྫོང་རིམ་པའམ་ཡང་ན་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཕྱིར་སྡོད་རང་མིའི་ལས་དོན་སྡེ་ཁག་གིས་རང་ཉིད་གནས་སའི་ལས་ཁུངས་དང་། ཁྲོམ་ལམ་དོན་གཅོད་ཁང་ངམ་ཡང་ན་ཞང་དང་། མི་རིགས་ཞང་། གྲོང་རྡལ་བཅས་ཀྱི་མི་དམངས་སྲིད་གཞུང་གིས་བཏོན་པའི་དཔང་ཡིག་ལ་གཞིགས་ནས་ཞིབ་བཤེར་གཏན་འཁེལ་བྱ་རྒྱུ་དང་། དགོས་པ་བྱུང་ཚེ་ཕྱི་རྒྱལ་དུ་བཅའ་སྡོད་བྱེད་པའི་རང་རྒྱལ་གྱི་ཕྱི་འབྲེལ་འཐུས་ཚབ་ལས་ཁུངས་དང་། གཞུང་ཚབ་དོན་གཅོད་ལས་ཁུངས་སམ་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་བཅས་ཀྱིས་རོགས་རམ་བྱས་ཆོག
ཕྱིར་སྡོད་རང་མི་དང་ཕྱིར་ལོག་རང་མི་དང་ཡུན་རིང་གསོ་སྐྱོང་གི་འབྲེལ་བ་ཡོད་པའི་གཉེན་ཉེ་གཞན་དག་གི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་ཐོབ་ཐང་ནི་གཞུང་དཔང་ལས་ཁུངས་ཀྱིས་གསོ་སྐྱོང་དང་གཞུང་དཔང་བྱས་རྗེས་ཞིབ་བཤེར་གཏན་འབེབས་བྱས་ཆོག
དོན་ཚན་གསུམ་པ། ཕྱིར་སྡོད་རང་མིས་རང་རྒྱལ་དུ་ལོག་ནས་གཏན་སྡོད་བྱ་རྒྱུའི་རེ་འདུན་བཏོན་ན།རང་ཉིད་ཀྱིས་ཕྱི་རྒྱལ་དུ་བཅའ་སྡོད་བྱེད་པའི་རང་རྒྱལ་གྱི་ཕྱི་འབྲེལ་འཐུས་ཚབ་ལས་ཁུངས་དང་། གཞུང་ཚབ་དོན་གཅོད་ལས་ཁུངས་སམ་ཡང་ན་ཕྱི་འབྲེལ་པུའུ་ཡིས་དབང་བསྐུར་བའི་ཕྱིར་སྡོད་ལས་ཁུངས་གཞན་དག་ལ་རེ་འདུན་ཞུ་རྒྱུ་དང་། རང་ཉིད་དམ་ཡང་ན་དེའི་རྒྱལ་ནང་གི་གཉེན་ཉེ་བརྒྱུད་དེ་སྡོད་དམངས་ས་ཁུལ་གྱི་གྲོང་ཁྱེར་དང་རྫོང་གི་སྤྱི་བདེ་ལས་ཁུངས་ལ་རེ་འདུན་ཞུ་རྒྱུ་དང་།ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རྒྱལ་ནང་དུ་ལོག་ནས་གཏན་སྡོད་བྱས་པའི་དཔང་ཡིག་དཔྱད་སྤྲོད་བྱ་དགོས།
དོན་ཚན་བཞི་པ། ཕྱིར་སྡོད་རང་མི་རྒྱལ་ནང་དུ་ལོག་ནས་གཏན་སྡོད་བྱེད་མཁན་ཕྱིར་སྡོད་རང་མི་རྣམས་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བཀོད་སྒྲིག་བྱ་དགོས།
དོན་ཚན་ལྔ་པ། ཀྲུང་ཧྭ་རྒྱལ་ཡོངས་ཀྱི་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་དང་དེའི་ས་གནས་རྩ་འཛུགས་ཀྱིས་སོ་སོའི་སྒྲིག་ཡིག་ལྟར་བྱེད་སྒོ་སྤེལ་ནས་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱིས་བཅའ་ཁྲིམས་ལྟར་སྤྱི་ཚོགས་ཀྱི་ཚོགས་པ་གཞན་དག་སྒྲིག་འཛུགས་བྱས་ཏེ་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་དགོས་མཁོ་དང་འཚམ་པའི་ཁྲིམས་མཐུན་གྱི་བྱེད་སྒོ་སྤེལ་ཆོག
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་དང་སྤྱི་ཚོགས་ཀྱི་ཚོགས་པའི་ཁྲིམས་མཐུན་ཁེ་དབང་དང་དེ་བཞིན་དེའི་སྒྲིག་ཡིག་ལྟར་སྤེལ་བའི་ཁྲིམས་མཐུན་གྱི་བྱེད་སྒོ་རྣམས་བཅའ་ཁྲིམས་ལས་སྲུང་སྐྱོབ་བྱ་རྒྱུ་དང་། དེར་ཁྲིམས་ལྟར་དབང་བའི་རྒྱུ་ནོར་དག་རྩ་འཛུགས་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་བཙན་བཟུང་དང་གནོད་འཚེ་བཏང་མི་ཆོག
དོན་ཚན་དྲུག་པ། ཕྱིར་ལོག་རང་མི་བཀོད་སྒྲིག་བྱེད་སའི་ཞིང་ར་དང་ནགས་ར་སོགས་པའི་ཁེ་ལས་ལ་རྒྱལ་ཁབ་ནས་བྱེད་ཐབས་འོས་འཚམ་སྤྱད་དེ་རོགས་སྐྱོར་བྱ་དགོས།
རྒྱལ་ཁབ་ཀྱིས་ཕྱིར་ལོག་རང་མི་བཀོད་སྒྲིག་བྱེད་སའི་ཞིང་ར་དང་ནགས་ར་སོགས་པའི་ཁེ་ལས་ལ་ཆེད་དམིགས་ཀྱིས་བགོ་འགྲེམས་བྱས་པའི་མ་དངུལ་དང་དངོས་རྫས་རྣམས་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཆེད་དམིགས་ཀྱི་བཀོད་སྒྲིག་བྱས་ནས་ཆེད་དངུལ་ཆེད་སྤྱོད་བྱ་དགོས།
དོན་ཚན་བདུན་པ། ཕྱིར་ལོག་རང་མི་བཀོད་སྒྲིག་བྱེད་པའི་ཞིང་ར་དང་ནགས་ར་སོགས་པའི་ཁེ་ལས་ཀྱིས་ཁྲིམས་མཐུན་ངང་བེད་སྤྱོད་བྱེད་པའི་རྒྱལ་ཁབ་ལ་དབང་བའི་ས་ཞིང་དང་། ནགས་རི། གྲམ་ཐང་། ཆུ་ངོས་བཅས་དང་རང་བྱུང་ཐོན་ཁུངས་གཞན་དག་ཁེ་ལས་ལ་བཅའ་ཁྲིམས་ལྟར་བེད་སྤྱོད་བྱེད་དབང་ལོངས་སུ་སྤྱོད་རྒྱུ་ཡོད། དེའི་ཁྲིམས་མཐུན་ཁེ་དབང་དང་དེའི་ཐོན་སྐྱེད་རྒྱུ་ཆས་དང་། གཉེར་སྐྱོང་བྱས་པའི་སྐྱེ་དངོས། ཐོན་སྐྱེད་བྱས་པའི་ཐོན་རྫས་བཅས་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོང་བྱ་རྒྱུ་ཡིན་པས། རྩ་འཛུགས་གང་དང་སྐྱེ་བོ་སུས་ཀྱང་བཙན་བཟུང་དང་གནོད་སྐྱོན་བཏང་མི་ཆོག
ཕྱིར་ལོག་རང་མི་བཀོད་སྒྲིག་བྱེད་སའི་ཞིང་ར་དང་ནགས་ར་སོགས་པའི་ཁེ་ལས་དང་རྩ་འཛུགས་གཞན་དག་གམ་མི་སྒེར་བར་ས་ཞིང་ངམ་ཡང་ན་རང་བྱུང་ཐོན་ཁུངས་གཞན་དག་གི་བདག་ཁོངས་ཐད་ཀྱི་རྩོད་གཞི་བྱུང་ཚེ་རྩོད་གཞི་འབྱུང་མཁན་ཕྱོགས་སོ་སོས་གྲོས་མོལ་ཐོག་ཐག་གཅོད་བྱ་དགོས་པ་དང་། གྲོས་མཐུན་མ་བྱུང་ན། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་དགོས།
དོན་ཚན་བརྒྱད་པ། ཕྱིར་ལོག་རང་མི་བཀོད་སྒྲིག་བྱེད་པའི་ཞིང་ར་དང་ནགས་ར་སོགས་པའི་ཁེ་ལས་ཀྱིས་གནས་ཚུལ་དངོས་ལ་གཞིགས་ཏེ་སློབ་གྲྭ་དང་སྨན་བཅོས་དང་ལུས་ཁམས་བདེ་སྲུང་གི་ལས་ཁུངས་བཙུགས་རིགས་ལ་ས་གནས་མི་དམངས་སྲིད་གཞུང་གིས་དགེ་རྒན་དང་སྨན་བཅོས་མི་སྣ་བཀོད་སྒྲིག་དང་གསོ་སྐྱོང་སྦྱོང་བརྡར་སོགས་ཀྱི་ཐད་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་དང་། རྒྱལ་ཁབ་ཀྱིས་སྒྲིག་ཆས་དང་གྲོན་དངུལ་སོགས་ཀྱི་ཐད་ནས་རོགས་སྐྱོར་བྱ་དགོས།
དོན་ཚན་དགུ་པ། ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་བཅའ་ཁྲིམས་ལྟར་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་མ་དངུལ་བཞག་སྟེ་བཟོ་ཚོང་ཁེ་ལས་གཉེར་ཆོག་ཅིང་། དེའི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོང་བྱ་དགོས།
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་མ་དངུལ་བཞག་ནས་བཟོ་ཚོང་ཁེ་ལས་འཛུགས་གཉེར་བྱ་རྒྱུ་དང་། མ་དངུལ་བཞག་ནས་རི་རྒོད་དང་། ས་རྒོད། གྲམ་ཐང་བཅས་གསར་དུ་འབྱེད་པའམ་ཞིང་ལས་དང་། ནགས་ལས། འབྲོག་ལས། ཞོར་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་བྱེད་པར་ས་གནས་མི་དམངས་སྲིད་གཞུང་གིས་དེར་རྒྱབ་སྐྱོར་བྱ་དགོས།
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་ཕྱིར་སྡོད་གཉེན་ཉེའི་ལེགས་སྐྱེས་སུ་ཕུལ་བའི་ཐོན་སྐྱེད་ཡོ་བྱད་ཆུང་གྲས་དང་ལེན་བྱས་ཏེ་བཟོ་ལས་དང་ཞིང་ལས་ཐོན་སྐྱེད་དང་། ལས་སྣོན། ཉམས་གསོ་བཅས་ལ་ཐད་ཀར་སྤྱོད་རིགས་དང་། དེ་བཞིན་ཆོག་མཆན་ཐོབ་ནས་ནང་འདྲེན་བྱས་པའི་སོན་ལྗང་བུ་དང་། སོན་ཕྱུགས། སོན་བྱ། སྒོ་ང་བཅས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བྱ་དགོས།
དོན་ཚན་བཅུ་པ། ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་རྒྱལ་ནང་དུ་སྤྱི་ཕན་བྱ་གཞག་གཉེར་སྐྱོང་བྱེད་པར་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་བྱ་དགོས་པ་དང་། དེའི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོང་བྱ་དགོས།
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་ཕྱིར་སྡོད་གཉེན་ཉེས་ཕུལ་བའི་དངོས་རྫས་དང་ལེན་བྱས་ཏེ་སྤྱི་ཕན་ལས་དོན་ལ་ཐད་ཀར་སྤྱོད་རིགས་སྤྱི་ཕན་བྱ་གཞག་དེ་འཛུགས་གཉེར་བྱེད་མཁན་རྩ་འཛུགས་ཀྱིས་ཞུ་ཡིག་ཕུལ་ནས་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་ཆོག་མཆན་བཀོད་མཚམས་སུ་སྒོ་ཁྲལ་ཆག་ཡང་ངམ་རྩ་ཆག་བཏང་ཆོག་པའི་ཐོབ་ཐང་ལོངས་སུ་སྤྱད་ཆོག
དོན་ཚན་བཅུ་གཅིག་པ། ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་རྒྱལ་ནང་དུ་ཡོད་པའི་སྒེར་ཁང་གི་བདག་དབང་རྒྱལ་ཁབ་གཞུང་ནས་སྲུང་སྐྱོང་བྱ་དགོས། ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ལ་རང་གི་སྒེར་ལ་དབང་བའི་ཁང་པ་ཁྲིམས་ལྟར་བདག་བཟུང་དང་། བེད་སྤྱོད། བགོ་གཅོད། ཕན་ཆ་ཐོབ་པ་བཅས་ཀྱི་དབང་ཆ་ཡོད་པས་རྩ་འཛུགས་གང་དང་སྐྱེ་བོ་སུས་ཀྱང་བཙན་གནོད་བྱས་མི་ཆོག
དོན་ཚན་བཅུ་གཉིས་པ། ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་སྒེར་ལ་དབང་བའི་ཁང་པ་བོགས་མར་གཏོང་སྐབས་ངེས་པར་དུ་བོགས་མར་གཏོང་མཁན་དང་བོགས་མར་ལེན་མཁན་བར་བོགས་མར་གཏོང་ལེན་གྱི་གན་རྒྱ་འཇོག་དགོས་པ་དང་འབྲེལ་ཁང་པ་གནས་སའི་ཁང་ཁོངས་དོ་དམ་ལས་ཁུངས་སུ་ཐོ་འགོད་སྙན་སེང་ཡང་ཞུ་དགོས། བོགས་མར་གཏོང་ལེན་སྐོར་གྱི་གན་རྒྱ་ལག་བསྟར་བྱེད་མཚམས་བཞག་ན། བོགས་མར་ལེན་མཁན་གྱིས་ཁང་པ་བོགས་མར་གཏོང་མཁན་ལ་ཕྱིར་བསློག་དགོས།
དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་བཅའ་ཁྲིམས་ལྟར་ས་ཆ་བསྡུ་སྤྱོད་བྱས་ཏེ་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་སྒེར་ལ་དབང་བའི་ཁང་པ་བཤིག་སྤོ་བྱ་དགོས་ན། བཤིག་སྤོའི་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་མཆན་བཀོད་ཡིག་ཆ་དང་། བཤིག་སྤོའི་འཆར་གཞི། བཤིག་སྤོའི་ཇུས་གཞི་བཅས་ཁྱེར་ནས་རྫོང་རིམ་པའམ་ཡང་ན་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁང་པ་བཤིག་སྤོའི་གཙོ་སྐྱོང་སྡེ་ཁག་ལ་བཤིག་སྤོའི་རེ་འདུན་ཞུ་དགོས་པ་དང་།ཆོག་མཆན་གནང་བ་མ་ཟད་ཁང་པ་བཤིག་སྤོའི་འཁྲོལ་འཛིན་ཐོབ་རྗེས་གཞི་ནས་བཤིག་བཤིག་སྤོའི་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དེར་བསྟུན་གྱི་གུན་གསབ་སྤྲོད་དགོས་པ་དང་བཀོད་སྒྲིག་འོས་འཚམ་བྱ་དགོས།
དོན་ཚན་བཅུ་བཞི་པ། ཕྱིར་ལོག་རང་མིའི་སློབ་མ་དང་། ཕྱིར་ལོག་རང་མིའི་བུ་ཕྲུག རྒྱལ་ནང་དུ་ཡོད་པའི་ཕྱིར་སྡོད་རང་མིའི་བུ་ཕྲུག་བཅས་ཀྱིས་འོས་འགན་སློབ་གསོར་རྒྱུགས་སྤྲོད་བྱས་རྗེས་ཀྱི་སློབ་གྲྭ་སྣ་ཚོགས་ལ་ས་གནས་ཀྱི་སློབ་མ་བསྡུ་བའི་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ས་ཁུལ་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ལྟ་རྟོག་འོས་འཚམ་བྱ་དགོས།
དོན་ཚན་བཅོ་ལྔ་པ། རྒྱལ་ཁབ་གཞུང་གི་ལས་ཁུངས་དང་།སྤྱི་ཚོགས་ཀྱི་ཚོགས་པ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱིས་ལས་བཟོ་པ་བསྡུ་ལེན་བྱེད་སྐབས་ཆ་རྐྱེན་འདྲ་མཚུངས་འོག་ལོག་སྡོད་རང་མིའི་སློབ་མ་དང་། ཕྱིར་ལོག་རང་མིའི་བུ་ཕྲུགརྒྱལ་ནང་དུ་ཡོད་པའི་ཕྱིར་སྡོད་རང་མིའི་བུ་ཕྲུག་བཅས་སྔོན་ལ་བསྡུ་ལེན་དང་བཀོལ་སྤྱོད་བྱ་དགོས།
ཕྱིར་ལོག་རང་མིའི་སློབ་མ་དང་། ཕྱིར་ལོག་རང་མིའི་བུ་ཕྲུག རྒྱལ་ནང་དུ་ཡོད་པའི་ཕྱིར་སྡོད་རང་མིའི་བུ་ཕྲུག་བཅས་སྒྲིག་འཛུགས་བྱས་ནས་ལས་ཞུགས་དང་རང་ལས་རང་འཚོལ་བྱེད་མཁན་ལ་འབྲེལ་ཡོད་སྡེ་ཁག་གིས་རོགས་སྐྱོར་བྱ་དགོས།
དོན་ཚན་བཅུ་དྲུག་པ། ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་རང་གྲོན་བཏང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་འགྲོ་རྒྱུའི་རེ་འདུན་ཞུས་ཆོག
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ལ་སློབ་གྲྭ་ཆེ་བའམ་སློབ་གྲྭ་ཆེ་བ་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡོད་པས་རང་དངུལ་བཏང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་འགྲོ་རྒྱུའི་རེ་འདུན་ཞུས་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལྟ་རྟོག་འོས་འཚམ་བྱ་དགོས།
དོན་ཚན་བཅུ་བདུན་པ། ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་རང་གྲོན་བཏང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་འགྲོ་དགོས་ཤིང་། རང་ཉིད་ལས་ཐོག་ལས་བཟོ་པ་ཡིན་ན་མངའ་ཁོངས་ནས་ཁ་བྲལ་རྒྱུའི་ཆོག་མཆན་ཐོབ་ཉིན་ནས་བཟུང་གཞུང་གི་ལས་གནས་ལོ་གཅིག་རང་འཇགས་སུ་བཞག་ཆོགམཐོ་རིམ་སློབ་གྲྭའི་སློབ་གྲྭར་ཡོད་པའི་སློབ་མ་ཡིན་ན། དེའི་སློབ་གྲྭའི་སྐྱིད་སྡུག་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་རང་གྲོན་བཏང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་ཕྱིན་ཏེ་སློབ་གྲྭ་ཐོན་རྗེས་རང་རྒྱལ་དུ་ལོག་ནས་རྒྱལ་ཁབ་ལ་ལས་ཀ་བཀོད་སྒྲིག་བྱ་རྒྱུའི་རེ་འདུན་བཏོན་ན། སློབ་གྲྭ་ཐོན་པའི་དུས་ཚོད་དང་ལོ་ཕྱེད་ཀྱི་སྔོན་ལ་ཕྱི་རྒྱལ་དུ་བཅའ་སྡོད་བྱེད་པའི་རང་རྒྱལ་གྱི་ཕྱི་འབྲེལ་འཐུས་ཚབ་ལས་ཁུངས་དང་གཞུང་ཚབ་དོན་གཅོད་ལས་ཁུངས་དང་འབྲེལ་གཏུག་བྱས་ནས་འབྲེལ་ཡོད་ཀྱི་ཐོ་འགོད་འགྲོ་ལུགས་འགྲིམ་དགོས། དེའི་ལས་ཀའི་བཀོད་སྒྲིག་ནི་རྒྱལ་ཁབ་སློབ་གསོའི་གཙོ་སྐྱོང་སྡེ་ཁག་གམ་མི་དོན་སྡེ་ཁག་གིས་རིགས་གཅིག་པའི་སློབ་གཉེར་བརྒྱུད་རིམ་གཅིག་མཚུངས་ཡིན་པའི་གཞུང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་མངགས་པའི་མི་སྣའི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།
དོན་ཚན་བཅོ་བརྒྱད་པ། ཕྱིར་སྡོད་རང་མིའི་དངུལ་འགྲུལ་ནི་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་ཁྲིམས་མཐུན་ཡོང་འབབ་ཡིན་ཞིང་། དེའི་བདག་དབང་ལ་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོང་བྱ་རྒྱུ་མ་ཟད། བཅའ་ཁྲིམས་ལྟར་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུའི་སྐོར་གྱི་ཐོབ་ཐང་ཡང་ལོངས་སུ་སྤྱོད་རྒྱུ་ཡོད་པས། རྩ་འཛུགས་གང་དང་སྐྱེ་བོ་སུས་ཀྱང་བཙན་བཟུང་དང་། འཕྲི་འཐེན། སྤྲོད་དུས་ཕྱིར་འགྱངས་བྱེད་པ། བཙན་ཐབས་ཀྱིས་བུ་ལོན་གཏོང་བའམ་ཁྲིམས་འགལ་གྱིས་བསྡམས་བཅད་དང་གཞུང་བཞེས་བཅས་བྱས་མི་ཆོག
དོན་ཚན་བཅུ་དགུ་པ། ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་ཕྱིར་སྡོད་རང་མིའི་དངུལ་འགྲུལ་བཏང་ནས་ཉོ་བ་དང་འཛུགས་སྐྲུན་བྱས་པའི་སྡོད་ཁང་གི་བདག་དབང་དང་སྤྱོད་དབང་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོང་བྱ་དགོས།
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་ཕྱིར་སྡོད་རང་མིའི་དངུལ་འགྲུལ་བཏང་ནས་སྡོད་ཁང་རྒྱག་རིགས་ལ་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འཛུགས་སྐྲུན་དུ་སྤྱོད་རྒྱུའི་ས་ཆ་དང་། ཨར་ལས་ཀྱི་རྒྱུ་ཆ། ཨར་ལས་སྟོབས་ཤུགས་སོགས་ཀྱི་ཐད་ལ་ལྟ་རྟོག་བྱས་ཆོག
དོན་ཚན་ཉི་ཤུ་པ། ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་ཕྱིར་སྡོད་གཉེན་ཉེའི་བར་གྱི་འབྲེལ་བ་དང་ཕར་ཚུར་འགྲོ་འོང་བྱེད་པར་རྒྱལ་ཁབ་གཞུང་ནས་བཅའ་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་དང་། རྩ་འཛུགས་གང་དང་སྐྱེ་བོ་སུས་ཀྱང་ཁྲིམས་འགལ་གྱིས་ཚོད་འཛིན་དང་ཐེ་གཏོགས་བྱས་མི་ཆོག
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་ཡིག་འགྲུལ་གྱི་རང་དབང་དང་འཕྲིན་ཡིག་གི་གསང་དོན་བཅའ་ཁྲིམས་ལས་སྲུང་སྐྱོང་བྱ་རྒྱུ་ཡིན་པས། རྩ་འཛུགས་གང་དང་སྐྱེ་བོ་སུས་ཀྱང་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་སྦྲག་རྫས་ཁྲིམས་འགལ་གྱིས་ཁ་འབྱེད་པ་དང་། སྦས་སྐུང་། དབྲལ་བསྐྱུར་གཏོང་བ། རྐུ་ཁྱེར་བཅས་བྱས་མི་ཆོག ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱིས་བྱུང་འཛིན་སྤྲད་པའི་སྦྲག་རྫས་བོར་བརླག་སོང་བ་དང་། སྐྱོན་ཆག་ཤོར་བ། ནང་གི་དངོས་རྫས་མི་ཚང་བ་དང་ཉུང་དུ་སོང་བ་བཅས་བྱུང་ཚེ་སྦྲག་སྲིད་སྡེ་ཁག་གིས་བཅའ་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་དགོས་པའམ་གྱོང་གུན་གསབ་ཐབས་སྤྱོད་དགོས།
དོན་ཚན་ཉེར་གཅིག་པ། ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་སྒེར་དོན་གྱི་ཆེད་དུ་ཕྱིར་སྐྱོད་རྒྱུའི་རེ་འདུན་ཞུས་ན། དེ་གནས་སའི་ལས་ཁུངས་ཀྱིས་དུས་ཐོག་ཏུ་བསམ་འཆར་བཏོན་དགོས་པ་དང་། དེའི་ཐེམ་ཐོ་ཡོད་སའི་གྲོང་ཁྱེར་དང་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་མཚམས་ནས་སྒྲོལ་རྒྱུའི་ཞུ་ཡིག་འབྱོར་ཉིན་ནས་བཟུང་གི་ཉིན་སུམ་ཅུའི་ནང་ཚུན་དང་། འགྲིམ་འགྲུལ་མི་བདེ་བའི་ས་ཁུལ་ནས་ཉིན་དྲུག་ཅུའི་ནང་ཚུན་ཆོག་མཆན་འགོད་མིན་གྱི་ཐག་གཅོད་བྱས་ཏེ་རེ་འདུན་ཞུ་མཁན་ལ་བརྡ་སྦྱོར་བྱ་དགོས།
གོང་གསལ་ནང་གསེས་དོན་ཚན་ནང་གཏན་འབེབས་བྱས་པའི་དུས་ཚད་ནང་རེ་འདུན་ཞུ་མཁན་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་བྱས་འབྲས་ཀྱི་བརྡ་སྦྱོར་མ་བྱུང་ན་འདྲི་རྩད་བྱེད་དབང་ཡོད་པ་དང་། བདག་སྤྲོད་བྱེད་མཁན་སྡེ་ཁག་གིས་ལན་འདེབས་དགོས། རེ་འདུན་ཞུ་མཁན་གྱིས་དེ་ཉིད་རྒྱལ་ཁོངས་ལས་ཐོན་པའི་ཆོག་མཆན་མ་སྤྲད་པ་དེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མི་མཐུན་པར་འདོད་ན། རིམ་པ་གོང་མའི་སྤྱི་བདེ་ལས་ཁུངས་ལ་རྒྱུ་མཚན་ཞུ་འབུལ་བྱེད་པའི་དབང་ཆ་ཡོད་པ་དང་། བདག་སྤྲོད་ལས་ཁུངས་ཀྱིས་ཐག་གཅོད་དང་ལན་འདེབས་དགོས།
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་སུ་ཞིག་གི་ཕྱིར་སྡོད་ཐད་ཀའི་གཉེན་ཚན་གྱི་ནད་ལྕི་བ་དང་ཤི་བའམ་ཡང་ན་དུས་བཀག་ནང་ཕྱིར་ཡོད་པའི་རྒྱུ་ནོར་ཐག་གཅོད་དགོས་པ་སོགས་ཀྱི་གནས་ཚུལ་དམིགས་བསལ་བྱུང་བའི་དབང་གིས་ལམ་སང་རྒྱལ་ཕྱིར་འགྲོ་དགོས་བྱུང་ཚེ།སྤྱི་བདེ་ལས་ཁུངས་ཀྱིས་ཞུ་ཡིག་འབུལ་མཁན་ནས་རྩིས་འགྲོ་ཡོད་པའི་དཔང་ཡིག་ཕུལ་བར་གཞིགས་ཏེ་སྔོན་ལ་བསྒྲུབ་དགོས།
དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱི་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་ཡིན་པའི་ལས་བཟོ་པ་དང་། ལས་བྲལ་ངལ་གསོ་དང་། ལས་འཁྱུར་ངལ་གསོ།ལས་ཞབས་དགོངས་ཞུ་བཅས་བྱས་པའི་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་ཡིན་པའི་ལས་བཟོ་པ་ཕྱིར་ཐོན་གཉེན་གཏུག་བྱེད་རིགས་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བྱ་རྒྱུ།དེ་གནས་སའི་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གིས་རྒྱུན་ལྡན་གྱི་རྒྱལ་ཁོངས་ལས་ཐོན་པ་དང་གཉེན་ཉེར་ཐུག་འཕྲད་བྱེད་པའི་དབང་གིས་དེའི་ཁེ་དབང་ལ་གནོད་པའི་གཏན་འབེབས་བྱས་མི་ཆོག
དོན་ཚན་ཉེར་གསུམ་པ། རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱི་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་ཡིན་པའི་ལས་བཟོ་པས་ཕྱིར་ཐོན་གཏན་སྡོད་བྱེད་རེ་ཞུས་ན། དེ་གནས་སའི་ལས་ཁུངས་ཀྱིས་ལས་བཟོ་པ་དེ་ཉིད་གཏན་སྡོད་བྱེད་སའི་རྒྱལ་ཁབ(ས་ཁུལ)ཀྱི་རྒྱལ་ཁོངས་སུ་ཡོང་བའི་འཐུས་མཆན་ལག་ཁྱེར་ཐོབ་རྗེས་དེར་ལས་གནས་ལས་བྲལ་བའི་འགྲོ་ལུགས་འགྲིམ་དགོས་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལས་བྲལ་གྲོན་དངུལ་སྤྲོད་དགོས།
རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་ཀྱི་ལས་བྲལ་ངལ་གསོ་དང་། ལས་འཁྱུར་ངལ་གསོ།ལས་ཞབས་དགོངས་ཞུ་བཅས་བྱས་པའི་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་ཡིན་པའི་ལས་བཟོ་པ་ཕྱིར་ཐོན་གཏན་སྡོད་བྱས་རྗེས་ལོ་ལྟར་དེ་སྔའི་ལས་སྒྲུབ་སྡེ་ཚན་ལ་ཕྱི་རྒྱལ་དུ་བཅའ་སྡོད་བྱེད་པའི་རང་རྒྱལ་གྱི་ཕྱི་འབྲེལ་འཐུས་ཚབ་ལས་ཁུངས་དང་གཞུང་ཚབ་དོན་གཅོད་ལས་ཁུངས་ཀྱིས་བཏོན་པའམ་ཡང་ན་ས་གནས་དེ་གའི་གཞུང་དཔང་ལས་ཁུངས་ཀྱིས་སྤྲད་པའི་ཕྱི་རྒྱལ་དུ་བཅའ་སྡོད་བྱེད་པའི་ཕྱི་འབྲེལ་འཐུས་ཚབ་ལས་ཁུངས་དང་གཞུང་ཚབ་དོན་གཅོད་ལས་ཁུངས་ཀྱིས་བདེན་དཔང་ར་སྤྲོད་བྱས་པའི་རང་ཉིད་ཀྱི་འཚོ་གནས་དཔང་ཡིག་རེ་འདོན་སྤྲོད་བྱ་དགོས།
དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོ་དང་ནང་གསེས་དོན་ཚན་གཉིས་པའི་ནང་འཁོད་ལས་བཟོ་པའི་ལས་སྒྲུབ་སྡེ་ཚན་དང་འབྲེལ་ཡོད་སྡེ་ཁག་གིས་ཁོང་ཚོ་རྒྱུན་ལྡན་ལྟར་ཕྱིར་ཐོན་གཏན་སྡོད་བྱེད་པའི་དབང་གིས་སོ་སོའི་ཁེ་དབང་ལ་གནོད་འཚེ་གཏོང་རྒྱུའི་གཏན་འབེབས་བྱས་མི་ཆོག
དོན་ཚན་ཉེར་བཞི་པ། ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་ཡིན་པའི་ལས་བཟོ་པ་དང་། ལས་བྲལ་ངལ་གསོ་དང་། ལས་འཁྱུར་ངལ་གསོ།ལས་ཞབས་དགོངས་ཞུ་བཅས་བྱས་པའི་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་ཡིན་པའི་ལས་བཟོ་པ་བཅས་ཕྱིར་ཐོན་གཉེན་གཏུག་དང་གཏན་སྡོད་ཀྱི་ཐོབ་ཐང་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཞུང་དབང་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་རིགས་གཅིག་པའི་མི་སྣའི་ཐོབ་ཐང་དཔྱད་གཞིར་བཟུང་ནས་ས་ཁུལ་དེ་གའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་གཏན་འབེབས་བྱ་དགོས།
དོན་ཚན་ཉེར་ལྔ་པ། ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་ས་ནས་ཕྱིར་ཐོན་གཉེན་གཏུག་གམ་གཏན་སྡོད་བྱས་འཐུས་ཀྱི་བཀའ་འཁྲོལ་བྱུང་རྗེས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཕྱི་རྒྱལ་གྱི་དངུལ་བརྗེས་གྲངས་འབོར་ངེས་ཅན་ཞིག་བརྗེས་ཆོག རྒྱལ་ཁོངས་ལས་ཐོན་ནས་གཏན་སྡོད་བྱས་རིགས་ལ། དེ་ལས་བྲལ་བའི་དངུལ་དང་། ལས་བྲལ་ངལ་གསོའི་དངུལ། ལས་འཁྱུར་ངལ་གསོའི་དངུལ། ལས་ཞབས་དགོངས་ཞུ་དངུལ་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཕྱི་རྒྱལ་གྱི་དངུལ་བརྗེས་བརྗེ་བའམ་ཡང་ན་རྒྱལ་མཚམས་ནས་ཕྱིར་ཁྱེར་ཆོག
དོན་ཚན་ཉེར་དྲུག་པ། ཕྱི་རྒྱལ་དུ་བཅའ་སྡོད་བྱེད་པའི་རང་རྒྱལ་གྱི་ཕྱི་འབྲེལ་འཐུས་ཚབ་ལས་ཁུངས་དང་གཞུང་ཚབ་དོན་གཅོད་ལས་ཁུངས་ཀྱིས་རང་རྒྱལ་གྱིས་བཞག་པའམ་ཞུགས་པའི་རྒྱལ་སྤྱིའི་ཆིངས་ཡིག་གམ་ཡང་ན་རྒྱལ་སྤྱིའི་གོམས་སྲོལ་ལ་གཞིགས་ནས་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་ཕྱི་རྒྱལ་དུ་ཡོད་པའི་ཚུལ་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་ཕྱི་རྒྱལ་དུ་རྒྱུ་ནོར་ཐག་གཅོད་བྱེད་པའམ་ཤུལ་བཞག་རྒྱུ་དངོས་དང་། འབུལ་སྦྱིན་བཅས་དང་ལེན་བྱ་དགོས་བྱུང་ཚེ་འབྲེལ་ཡོད་སྡེ་ཁག་དང་ཕྱི་རྒྱལ་དུ་བཅའ་སྡོད་བྱེད་པའི་རང་རྒྱལ་གྱི་ཕྱི་འབྲེལ་འཐུས་ཚབ་ལས་ཁུངས་དང་གཞུང་ཚབ་དོན་གཅོད་ལས་ཁུངས་ཀྱིས་རོགས་འདེགས་བྱ་དགོས་པ་དང་། དགོས་པ་བྱུང་ཚེ་མངགས་བཅོལ་ཚབ་སྒྲུབ་ཀྱི་འབྲེལ་ཡོད་བྱ་བ་དང་ལེན་བྱས་ཆོག
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་ཕྱི་རྒྱལ་དུ་རྒན་གསོའི་དངུལ་དང་། ལས་འཁྱུར་ངལ་གསོའི་དངུལ། གཟིགས་སྐྱོང་དངུལ་སོགས་ཡོད་པས་ལེན་དགོས་བྱུང་ཚེ། ཕྱི་རྒྱལ་དུ་བཅའ་སྡོད་བྱེད་པའི་རང་རྒྱལ་གྱི་ཕྱི་འབྲེལ་འཐུས་ཚབ་ལས་ཁུངས་དང་གཞུང་ཚབ་ལས་ཁུངས་ཀྱིས་འབྲེལ་ཡོད་འགྲོ་ལུགས་འགྲིམ་རོགས་བྱ་དགོས་པ་མ་ཟད། འབྲེལ་ཡོད་གྲོན་དངུལ་ཚབ་ལེན་དང་བརྒྱུད་སྤྲོད་བྱ་རྒྱུའི་མངགས་བཅོལ་དང་ལེན་ཡང་བྱ་དགོས།
ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་ཕྱི་རྒྱལ་དུ་ཡོད་པའི་རང་གི་རྒྱུ་ནོར་རྒྱལ་ནང་དུ་སྤོ་འདྲེན་བྱས་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་རྒྱུ་དང་། དེའི་རྒྱུ་ནོར་ཕྱི་རྒྱལ་གྱི་དངུལ་བརྗེས་སུ་བསྒྱུར་ནས་རྒྱལ་ནང་དུ་བསྒྱུར་ན། ཁྲིམས་ལྟར་འབྲེལ་ཡོད་དཔྱ་ཁྲལ་རྩ་ཆག་གཏོང་བའི་ཐོབ་ཐང་ལོངས་སུ་སྤྱོད་དགོས།
དོན་ཚན་ཉེར་བདུན་པ། ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་ཕོག་ན་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱིས་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་ལ་བཅའ་ཁྲིམས་ལྟར་ཐག་གཅོད་རོགས་ཞུས་ཆོག་པའམ་ཡང་ན་བཅའ་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག
དོན་ཚན་ཉེར་བརྒྱད་པ། རྒྱལ་ཁབ་གཞུང་གི་ལས་བྱེད་པས་ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ན་དེ་གནས་སའི་ལས་ཁུངས་སམ་གོང་རིམ་གཙོ་སྐྱོང་ལས་ཁུངས་ཀྱིས་དེར་ཡོ་བསྲང་བྱེད་དུ་འཇུག་རྒྱུའམ་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཞིང་ཉེས་ཚད་ལོན་པ་ཡིན་ན།བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་དགོས།
དོན་ཚན་ཉེར་དགུ་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས《ཕྱིར་ལོག་རང་མི་དང་དེ་ཚོའི་ཁྱིམ་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་རྣམས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང་བྱེད་ཐབས་འདི་དང་དེ་བཞིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་ལ་གཞིགས་ནས་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་ཆོག
དོན་ཚན་སུམ་ཅུ་པ། བྱེད་ཐབས་འདི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གིས་འགྲེལ་བཤད་རྒྱག་འགན་འཁུར་རྒྱུ།
དོན་ཚན་སོ་གཅིག་པ། བྱ་ཐབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་དགོས།
བཟོ་བཅོས་ཆ་འཕྲིན།
སྤྱི་ལོ2004ལོའི་ཟླ6པའི་ཚེས23ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང410པ་རྩིས་མེད་དུ་བཏང་ནས་བསྐྱར་དུ་བཟོ་བཅོས་བརྒྱབ་རྗེས་ཁྱབ་བསྒྲགས་བྱས།