ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།(ཨང116པ)སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2022-07-26 15:35ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།(ཨང116པ)

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།(ཨང116པ)
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང116པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཕེང་གིས་སྤྱི་ལོ1993ལོའི་ཟླ6པའི་ཚེས29ཉིན་ཆོག་མཆན་བཀོད་ནས་གནང་། བཀའ་རྒྱ་ཨང116པ《གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་སྲོལ་ཡིག》ནི་གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཚོ་དང་གྲོང་རྡལ་གྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་གཏན་འབེབས་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国务院令(第116号)
གྲོས་འཆམ་དུས་ཚོད།
སྤྱི་ལོ1993ལོའི་ཟླ5པའི་ཚེས7ཉིན།
མཆན་བཀོད་དུས་ཚོད།
སྤྱི་ལོ1993ལོའི་ཟླ6པའི་ཚེས29ཉིན།
ལག་བསྟར་དུས་ཚོད།
སྤྱི་ལོ1993ལོའི་ཟླ11པའི་ཚེས1ཉིན།
འགྲེམ་གཏོང་ཡིག་ཨང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང116པ།
ཡིག་གཏོང་ལས་ཁུངས།
རྒྱལ་སྲིད་སྤྱི་ཁྱབ་ཁང་།
1 ​འགྲེམ་བསྒྲགས་ཆ་འཕྲིན།   

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང116པ།

《གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་སྲོལ་ཡིག》ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྤྱི་ལོ1993ལོའི་ཟླ5པའི་ཚེས7ཉིན་གྲོས་འཆམ་བྱུང་བ་དང་། སྤྱི་ལོ1993ལོའི་ཟླ11པའི་ཚེས1ཉིན་ནས་ལག་བསྟར་བྱས།  

ཙུང་ལི་ལི་ཕེང་།

སྤྱི་ལོ1993ལོའི་ཟླ6པའི་ཚེས29ཉིན།

2 སྲོལ་ཡིག་ཆ་ཚང་།  

གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་སྲོལ་ཡིག

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཚོ་དང་གྲོང་རྡལ་གྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། གྲོང་ཚོ་དང་གྲོང་བརྡལ་གྱི་འཆར་གཞི་བཟོ་འགོད་དང་ལག་བསྟར་བྱ་དགོས་པ་དང་། གྲོང་ཚོ་དང་གྲོང་བརྡལ་གྱི་འཆར་འགོད་ས་ཁུལ་ནང་དུ་ཡུལ་མིའི་སྡོད་ཁང་དང་། ཞང(གྲོང་བརྡལ)དང་གྲོང་ཚོའི་ཁེ་ལས། ཞང(གྲོང་བརྡལ)དང་གྲོང་ཚོའི་སྤྱི་པའི་སྒྲིག་བཀོད་དང་སྤྱི་ཕན་བྱ་གཞག་སོགས་ཀྱི་འཛུགས་སྐྲུན་བྱེད་པར་ངེས་པར་དུ་སྲོལ་ཡིག་འདིར་བརྩི་སྲུང་ཞུ་དགོས། འོན་ཀྱང་རྒྱལ་ཁབ་ཀྱིས་ཐུན་མོང་ལ་དབང་བའི་ས་ཆ་བསྡུས་ཏེ་འཛུགས་སྐྲུན་བྱེད་པ་འདིའི་ཁོངས་སུ་མི་གཏོགས།

གྲོང་ཁྱེར་གྱི་འཆར་འགོད་ཁུལ་ནང་གི་གྲོང་ཚོ་དང་གྲོང་བརྡལ་གྱི་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་སྐབས་གྲོང་ཁྱེར་གྱི་འཆར་འགོད་བཅའ་ཁྲིམས་དང་ལག་བསྟར་སྲོལ་ཡིག་གཞིར་བཟུང་ལག་བསྟར་བྱེད་དགོས།

དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་འཁོད་གྲོང་ཚོ་ཞེས་པ་ནི་གྲོང་གསེབ་ཀྱི་གྲོང་མི་སྡོད་གནས་དང་ཐོན་སྐྱེད་སྣ་ཚོགས་བྱེད་པའི་འདུས་སྡོད་བྱེད་གནས་ལ་ཟེར།

སྲོལ་ཡིག་འདིའི་ནང་བརྗོད་པའི་གྲོང་རྡལ་ཞེས་པ་ནི་ཤང་དང་མི་རིགས་ཤང་གི་མི་དམངས་སྲིད་གཞུང་གནས་ཡུལ་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཚོང་འདུས་འཕེལ་རྒྱས་འགྲོ་རྒྱུར་གཏན་འཁེལ་བྱས་པ་བརྒྱུད་གྲོང་གསེབ་ཀྱི་ས་ཁོངས་ངེས་ཅན་ཞིག་གི་དཔལ་འབྱོར་དང་། རིག་གནས། འཚོ་བའི་ཞབས་ཞུ་ལྟེ་གནས་བཅས་ཀྱི་སྒྲིག་གཞི་མེད་པའི་གྲོང་རྡལ་ལ་ཟེར།

སྲོལ་ཡིག་འདིའི་ནང་བརྗོད་པའི་གྲོང་ཚོ་དང་གྲོང་རྡལ་འཆར་འགོད་ཁུལ་ཞེས་པ་ནི་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་ཁུལ་དང་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་དགོས་མཁོའི་དབང་གིས་འཆར་འགོད་ཚོད་འཛིན་བྱེད་པའི་ས་ཁོངས་ལ་ཟེར། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་ཁུལ་གྱི་ཁྱབ་ཁོངས་ཞིབ་ཕྲ་གྲོང་ཚོ་དང་གྲོང་རྡལ་གྱི་སྤྱིའི་འཆར་གཞིའི་ནང་དབྱེ་འབྱེད་གཏན་འབེབས་བྱ་དགོས།

དོན་ཚན་བཞི་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་བྱེད་པར་བཀོད་སྒྲིག་ལུགས་མཐུན་དང་ས་ཆ་གྲོན་ཆུང་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཕྱོགས་ཡོངས་ནས་འཆར་འགོད་དང་། ཁྲིད་སྟོན་ཡང་དག་པ། མང་ཚོགས་ལ་བརྟེན་པ། རང་སྟོབས་རང་སྤེལ། ཡུལ་བབ་དང་བསྟུན་པ། ནུས་པས་ལྕོགས་ཚོད་ཀྱིས་འཛུགས་སྐྲུན་བཅས་བྱས་ནས་དཔལ་འབྱོར་གྱི་ཕན་ནུས་དང་། སྤྱི་ཚོགས་ཀྱི་ཕན་ནུས། ཁོར་ཡུག་གི་ཕན་ནུས་བཅས་གཅིག་གྱུར་ཡོང་བ་བྱ་དགོས།

དོན་ཚན་ལྔ་པ། ཆུ་ལོག་དང་ཞོད་སྐྱོན་དང་། ས་ཡོམ། རྒྱ་མཚོའི་རླུང་འཚུབ་དྲག་པོ། རི་ཉིལ་བ་སོགས་རང་བྱུང་གནོད་འཚེ་འབྱུང་སླ་བའི་ས་ཁུལ་དུ་གནས་པའི་གྲོང་ཚོ་དང་གྲོང་རྡལ་གྱིས་རྒྱལ་ཁབ་དང་ས་གནས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གྲོང་ཚོ་དང་གྲོང་རྡལ་གྱི་སྤྱིའི་འཆར་གཞིའི་ནང་གནོད་འཚེ་སྔོན་འགོག་བྱེད་ཐབས་གཏན་འབེབས་བྱ་དགོས།

དོན་ཚན་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་ལས་ཀ་གཙོ་སྐྱོང་བྱ་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་ལས་ཀ་གཙོ་སྐྱོང་བྱ་དགོས།

ཞང་རིམ་པའི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་འཛུགས་སྐྲུན་དང་དོ་དམ་བྱེད་འགན་འཁུར་དགོས། 

དོན་ཚན་བདུན་པ། རྒྱལ་ཁབ་ཀྱིས་གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་འཛུགས་སྐྲུན་དང་དོ་དམ་བྱེད་པའི་ཚན་རིག་ཞིབ་འཇུག་དང་། སྔོན་ཐོན་ལག་རྩལ་ཁྱབ་སྤེལ་གཏོང་བར་བསྔགས་སྐུལ་བྱ་རྒྱུ་དང་། གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་བྱེད་རིང་ས་གནས་དེ་གའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་བཟོ་རྩལ་གསར་པ་དང་། རྒྱུ་ཆ་གསར་པ། གྲུབ་ཚུལ་གསར་པ་བཅས་བེད་སྤྱོད་བྱ་དགོས། 

ལེའུ་གཉིས་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་གཞི་བཟོ་འགོད་བྱེད་ཕྱོགས་སྐོར།

དོན་ཚན་བརྒྱད་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་གཞི་ནི་ཞང་རིམ་པའི་མི་དམངས་སྲིད་གཞུང་གིས་བཟོ་འགོད་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ་མ་ཟད། ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཡང་བྱ་དགོས།

དོན་ཚན་དགུ་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་གཞི་བཟོ་འགོད་བྱེད་པར་གཤམ་གསལ་རྩ་དོན་བརྩི་སྲུང་བྱ་དགོས་པ་སྟེ།

(གཅིག)རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་གཞིར་བཟུང་བ་དང་། ས་གནས་དེ་གའི་དཔལ་འབྱོར་གོང་དུ་སྤེལ་བའི་གནས་ཚུལ་དང་བླང་བྱ། དེ་བཞིན་རང་བྱུང་ཁོར་ཡུག་དང་། ཐོན་ཁུངས་ཀྱི་ཆ་རྐྱེན། ལོ་རྒྱུས་ཀྱི་གནས་ཚུལ་སོགས་དང་ཟུང་འབྲེལ་བྱས་ཏེ་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། གྲོང་ཚོ་དང་གྲོང་རྡལ་གྱི་འཛུགས་སྐྲུན་ཁག་ཕྱོགས་བསྡུས་ཀྱིས་བཀོད་སྒྲིག་བྱ་དགོས།

(གཉིས།)ཉེ་དུས་ཀྱི་འཛུགས་སྐྲུན་དང་རྒྱང་རིང་གི་འཕེལ་རྒྱས་དང་། བསྒྱུར་བཀོད་དང་གསར་སྐྲུན་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་གྲོང་ཚོ་དང་གྲོང་རྡལ་གྱི་ངོ་བོ་དང་འཛུགས་སྐྲུན་གྱི་གཞི་ཁྱོན་དང་། མྱུར་ཚད། ཚད་གཞི་བཅས་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་ཞིང་པའི་འཚོ་བའི་ཆུ་ཚད་དང་འཚམ་པ་བྱ་དགོས། 

(གསུམ)ས་ཆ་བེད་སྤྱོད་ལུགས་མཐུན་དང་ས་ཆ་གྲོན་ཆུང་བྱ་དགོས་ཤིང་། འཛུགས་སྐྲུན་ཁག་བལྟོས་བཅས་ཀྱིས་གཅིག་སྡུད་བྱ་དགོས་པ་དང་། སྔར་ཡོད་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བེད་སྤྱོད་གང་ལེགས་བྱ་དགོས་པ། གསར་སྐྲུན་དང་རྒྱས་སྐྲུན་གྱི་ལས་གྲྭ་དང་སྡོད་ཁང་གསར་དུ་རྒྱག་པར་རྨོ་ཞིང་དང་ནགས་ས་བཟུང་སྤྱོད་བྱེད་མི་རུང་།

(བཞི)ཐོན་སྐྱེད་ལ་ཕན་པ་དང་། འཚོ་བར་སྟབས་བདེ་ཡོང་བ། སྡོད་ཁང་དང་། ཞང(གྲོང་བརྡལ)དང་གྲོང་ཚོའི་ཁེ་ལས། ཞང(གྲོང་བརྡལ)དང་གྲོང་ཚོའི་སྤྱི་པའི་སྒྲིག་བཀོད་དང་སྤྱི་ཕན་གྱི་བྱ་གཞག་སོགས་ཀྱི་འཛུགས་སྐྲུན་བཀོད་སྒྲིག་ལུགས་མཐུན་བྱས་ནས་གྲོང་གསེབ་ཀྱི་བྱ་གཞག་ཁག་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། འཕེལ་རྒྱས་གཏོང་ཡུལ་འོས་འཚམ་ཡོད།

(ལྔ)སྐྱེ་དངོས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་ལེགས་བཅོས་བྱ་རྒྱུ་དང་། སྦགས་བཙོག་དང་སྤྱི་གནོད་གཞན་དག་འགོག་བཅོས་བྱ་རྒྱུ། སྔོ་ལྗང་ཅན་དུ་འགྱུར་བ་དང་གྲོང་ཚོའི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། 

དོན་ཚན་བཅུ་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་གཞི་བཟོ་འགོད་བྱེད་སྐབས་རྫོང་ཁོངས་ཀྱི་འཆར་གཞི་དང་། ཞིང་ལས་ཁུལ་གྱི་དབྱེ་བ།ས་ཞིང་བེད་སྤྱོད་པའི་སྤྱིའི་འཆར་གཞི་བཅས་གཞིར་འཛིན་དགོས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གི་ཆེད་ལས་འཆར་འགོད་དང་མཐུན་སྦྱོར་ཡང་བྱ་དགོས།

རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ནས་བཟོ་འགོད་བྱས་པའི་རྫོང་ཁོངས་ཀྱི་འཆར་གཞི་ནང་གྲོང་ཚོ་དང་། གྲོང་རྡལ་འཛུགས་སྐྲུན་མ་ལག་གི་འཆར་གཞི་ཚུད་དགོས།

དོན་ཚན་བཅུ་གཅིག་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་གཞི་བཟོ་འགོད་བྱེད་པར་སྤྱིར་བཏང་དུ་གྲོང་ཚོ་དང་གྲོང་རྡལ་གྱི་སྤྱིའི་འཆར་གཞི་དང་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་འཆར་གཞི་དུས་རིམ་གཉིས་སུ་དབྱེ་ཡོད།

དོན་ཚན་བཅུ་གཉིས་པ། གྲོང་ཚོ་དང་གྲོང་རྡལ་གྱི་སྤྱིའི་འཆར་གཞི་ནི་ཞང་རིམ་པའི་སྲིད་འཛིན་ས་ཁོངས་ནང་གི་གྲོང་ཚོ་དང་གྲོང་རྡལ་གྱི་བཀོད་སྒྲིག་འཆར་གཞི་དང་དེ་དང་བསྟུན་པའི་འཛུགས་སྐྲུན་ཁག་གི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ཡིན།

གྲོང་ཚོ་དང་གྲོང་རྡལ་གྱི་སྤྱིའི་འཆར་གཞིའི་ནང་དོན་གཙོ་བོའི་ནང་ཤང་རིམ་པའི་སྲིད་འཛིན་ས་ཁོངས་ཀྱི་གྲོང་ཚོ་དང་གྲོང་རྡལ་གྱི་བཀོད་སྒྲིག་དང་། གྲོང་ཚོ་དང་གྲོང་རྡལ་གྱི་གནས་ཡུལ་དང་ངོ་བོ། གཞི་ཁྱོན། འཕེལ་རྒྱས་ཁ་ཕྱོགས། གྲོང་ཚོ་དང་གྲོང་རྡལ་གྱི་འགྲིམ་འགྲུལ་དང་། ཆུ་མཁོ་འདོན།གློག་འདོན། ཚོང་ལས། སྔོ་ལྗང་ཅན་སོགས་ཐོན་སྐྱེད་དང་འཚོ་བའི་ཞབས་ཞུའི་སྒྲིག་བཀོད་བཀོད་སྒྲིག་བཅས་ཚུད་ཡོད།

དོན་ཚན་བཅུ་གསུམ་པ། གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་དེ་གྲོང་ཚོ་དང་གྲོང་རྡལ་གྱི་སྤྱིའི་འཆར་གཞིའི་མཛུབ་ཁྲིད་འོག་གྲོང་ཚོ་དང་གྲོང་རྡལ་གྱི་འཛུགས་སྐྲུན་ཁག་བཀོད་སྒྲིག་ཞིབ་ཕྲ་བྱ་དགོས།

གྲོང་རྡལ་འཛུགས་སྐྲུན་གྱི་འཆར་གཞིའི་ནང་དོན་གཙོ་བོའི་ནང་སྡོད་ཁང་དང་། ཞང(གྲོང་རྡལ)གྲོང་གི་ཁེ་ལས། ཞང(གྲོང་རྡལ)གྲོང་གི་སྤྱི་པའི་སྒྲིག་བཀོད། སྤྱི་ཕན་བྱ་གཞག་སོགས་འཛུགས་སྐྲུན་ཁག་གི་ས་ཆའི་བཀོད་སྒྲིག་དང་ས་ཆ་སྤྱོད་པའི་འཆར་འགོད། འབྲེལ་ཡོད་ཀྱི་ལག་རྩལ་དང་དཔལ་འབྱོར་གྱི་དམིགས་ཚད། ཉེ་དུས་ཀྱི་འཛུགས་སྐྲུན་ལས་གྲྭདེ་བཞིན་གཙོ་གནད་ས་ཁོངས་འཛུགས་སྐྲུན་གྱི་བཀོད་སྒྲིག་བཅས་ཚུད་ཡོད།

གྲོང་ཚོ་འཛུགས་སྐྲུན་འཆར་འགོད་ཀྱི་ནང་དོན་གཙོ་བོ་ནི་ས་གནས་དེ་གའི་དཔལ་འབྱོར་གོང་འཕེལ་འགྲོ་ཚད་ལ་གཞིགས་ནས་གྲོང་རྡལ་འཛུགས་སྐྲུན་འཆར་འགོད་ཀྱི་སྒྲིག་བཟོ་ནང་དོན་ལ་གཞིགས་ཏེ་སྡོད་ཁང་དང་། ཆུ་མཁོ་འདོན། གློག་མཁོ་འདོན། འགྲོ་ལམ། སྔོ་འགྱུར། ཁོར་ཡུག་འཕྲོད་བསྟེན། དེ་བཞིན་ཐོན་སྐྱེད་ལེ་ལག་ཚང་བའི་སྒྲིག་བཀོད་བཅས་ལ་བཀོད་སྒྲིག་ཞིབ་ཕྲ་བྱེད་དགོས།

དོན་ཚན་བཅུ་བཞི་པ། གྲོང་ཚོ་དང་གྲོང་རྡལ་གྱི་སྤྱིའི་འཆར་གཞི་དང་གྲོང་རྡལ་འཛུགས་སྐྲུན་གྱི་འཆར་གཞི་དག་ལ་ངེས་པར་དུ་ཞང་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཞིབ་བཤེར་མོས་མཐུན་འཐོབ་དགོས་པ་དང་། ཞང་རིམ་པའི་མི་དམངས་སྲིད་གཞུང་གིས་རྫོང་རིམ་པའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།

གྲོང་ཚོ་འཛུགས་སྐྲུན་གྱི་འཆར་གཞི་དེ་ངེས་པར་དུ་གྲོང་མིའི་གྲོས་ཚོགས་ཐོག་གྲོས་བསྡུར་བྱས་ཏེ་འཐད་པ་བྱུང་དགོས་ལ།ཞང་རིམ་པའི་མི་དམངས་སྲིད་གཞུང་གིས་རྫོང་རིམ་པའི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།

དོན་ཚན་བཅོ་ལྔ་པ། སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་དགོས་མཁོར་གཞིགས་ཏེ་སྲོལ་ཡིག་འདིར་གསལ་དོན་ཚན་བཅུ་བཞི་པའི་གཏན་འབེབས་གཞིར་བཟུང་ཤང་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ནམ་ཡང་ན་གྲོང་མིའི་ཚོགས་འདུའི་མོས་མཐུན་ཐོབ་རྗེས་ཞང་རིམ་པའི་མི་དམངས་སྲིད་གཞུང་གིས་གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་ཆ་ཤས་ལེགས་སྒྲིག་བྱས་ཆོག་པ་དང་འབྲེལ་རྫོང་རིམ་མི་དམངས་སྲིད་གཞུང་ལ་སྙན་ཐོ་དཔོད་དགོས། གྲོང་ཚོ་དང་གྲོང་རྡལ་གྱི་ངོ་བོ་དང་།གཞི་ཁྱོན།འཕེལ་རྒྱས་གཏོང་ཕྱོགས། སྤྱིའི་བཀོད་པ་བཅས་དང་འབྲེལ་བ་ཡོད་པའི་འགྱུར་ལྡོག་ཆེན་པོ་བྱུང་ཚེ། སྲོལ་ཡིག་འདིའི་དོན་ཚན་བཅུ་བཞི་པའི་ནང་གཏན་འབེབས་བྱས་པའི་གོ་རིམ་ལྟར་སྒྲུབ་དགོས།

དོན་ཚན་བཅུ་དྲུག་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་བྱེད་ཡུན་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ས་ཁུལ་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་གཏན་འབེབས་བྱ་དགོས།

དོན་ཚན་བཅུ་བདུན་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་གཞིར་ཆོག་མཆན་ཐོབ་རྗེས་ཞང་རིམ་པའི་མི་དམངས་སྲིད་གཞུང་གིས་སྤྱི་བསྒྲགས་བྱ་དགོས།

ལེའུ་གསུམ་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་གཞི་ལག་བསྟར་བྱེད་ཕྱོགས་སྐོར།

དོན་ཚན་བཅོ་བརྒྱད་པ། གྲོང་གསེབ་ཀྱི་ཡུལ་མིས་གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་ཁུལ་ནང་ཁོངས་སུ་སྡོད་ཁང་རྒྱག་དགོས་ན། སྔོན་ལ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སམ་ཡང་ན་གྲོང་མིའི་ཨུ་ཡོན་ལྷན་ཁང་ལ་ཁང་པ་རྒྱག་རྒྱུའི་རེ་འདུན་ཞུ་དགོས་པ་དང་། གྲོང་མིའི་གྲོས་ཚོགས་ཐོག་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་རྗེས་གཤམ་གསལ་གྱི་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ལྟར་བསྒྲུབ་དགོས་པ་སྟེ།

(གཅིག)རྨོ་ཞིང་སྤྱོད་དགོས་ཚེ། ཞང་རིམ་པའི་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་བྱས་པ་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་བྱས་ཏེ་འཐད་པ་བྱུང་བ་མ་ཟད་གནས་ཡུལ་འདེམས་སྒྲུག་གི་བསམ་འཆར་ཡི་གེ་བཏོན་རྗེས། ད་གཟོད《ས་ཞིང་དོ་དམ་བཅའ་ཁྲིམས》ལྟར་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ས་ཆ་དོ་དམ་སྡེ་ཁག་ལ་ས་ཆ་སྤྱོད་རྒྱུའི་རེ་འདུན་ཞུས་ཆོག རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་རྗེས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ས་ཆ་དོ་དམ་སྡེ་ཁག་ནས་ས་ཆ་གཏོང་སྤྲོད་བྱ་དགོས། 

(གཉིས)སྔར་ཡོད་ཀྱི་ཁང་ས་དང་གྲོང་ཚོའི་ནང་གི་ས་ཆ་སྟོང་པ་དང་ས་ཆ་གཞན་དག་སྤྱོད་དགོས་བྱུང་ན། ཞང་རིམ་པའི་མི་དམངས་སྲིད་གཞུང་གིས་གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་དང་ས་ཆ་སྤྱོད་ཐབས་སྐོར་གྱི་འཆར་འགོད་གཞིར་བཟུང་ནས་ཆོག་མཆན་འགོད་དགོས། 

གྲོང་ཁྱེར་དང་གྲོང་བརྡལ་གྱི་ཐེམ་ཐོ་མིན་པའི་ཡུལ་མིས་གྲོང་ཚོ་དང་གྲོང་བརྡལ་གྱི་འཆར་འགོད་ས་ཁུལ་ནང་ཐུན་མོང་ལ་དབང་བའི་ས་ཆ་སྤྱད་དེ་སྡོད་ཁང་རྒྱག་དགོས་བྱུང་ན། དེ་གནས་སའི་སྡེ་ཚན་ནམ་ཡུལ་མིའི་ཨུ་ཡོན་ལྷན་ཁང་ནས་མོས་མཐུན་བྱུང་རྗེས་གོང་གསལ་ནང་གསེས་དོན་ཚན་གྱི་ནང་གསེས་དོན་ཚན(དང་པོ)ནང་འཁོད་ཞིབ་བཤེར་གྱིས་ཆོག་མཆན་འགོད་པའི་གོ་རིམ་ལྟར་བསྒྲུབ་དགོས།

ཕ་ཡུལ་གྱི་གྲོང་སྡེ་དང་གྲོང་བརྡལ་དུ་གཞིས་ཆགས་པའི་ལས་བཟོ་པ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། ལས་བྲལ་ངལ་གསོ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ། དེ་བཞིན་ཕ་ཡུལ་དུ་ལོག་ནས་གཏན་སྡོད་བྱས་པའི་ཕྱིར་སྡོད་རང་མི་དང་། ཀང་ཨའོ་ཐའེ་ཡི་སྤུན་ཟླས་གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་ཁུལ་དུ་ཐུན་མོང་ལ་དབང་བའི་ས་ཆ་སྤྱད་དེ་སྡོད་ཁང་རྒྱག་དགོས་ན། དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་ཡང་གསེས་དོན་ཚན(དང་པོའི)ནང་གཏན་འབེབས་བྱས་པའི་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ལྟར་བསྒྲུབ་དགོས།

དོན་ཚན་བཅུ་དགུ་པ། ཞང(གྲོང་རྡལ)དང་གྲོང་ཚོའི་ཁེ་ལས་གསར་འཛུགས་བྱེད་སྐབས་ངེས་པར་དུ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པའི་ཇུས་འགོད་ལས་འགན་ཞུ་ཡིག་གམ་ཡང་ན་ཆོག་མཆན་ཡིག་ཆ་གཞན་དག་ཁྱེར་ནས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་གནས་ཡུལ་གཏན་ཁེལ་བྱ་རྒྱུའི་རེ་འདུན་ཞུ་དགོས་པ་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་མོས་མཐུན་བྱས་པ་མ་ཟད་གནས་ཡུལ་འདེམས་སྒྲུག་གི་བསམ་འཆར་ཡི་གེ་བཏོན་རྗེས་འཛུགས་སྐྲུན་སྡེ་ཚན་གྱིས་གཞི་ནས་ཁྲིམས་ལྟར་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ས་ཞིང་དོ་དམ་སྡེ་ཁག་ལ་ས་ཆ་བེད་སྤྱོད་བྱ་རྒྱུའི་རེ་འདུན་ཞུས་ཆོག

དོན་ཚན་ཉི་ཤུ་པ། ཞང(གྲོང་རྡལ)གྲོང་གི་སྤྱི་པའི་སྒྲིག་བཀོད་དང་སྤྱི་ཕན་བྱ་གཞག་འཛུགས་སྐྲུན་བྱེད་རྒྱུར་ངེས་པར་དུ་ཞང་རིམ་པའི་མི་དམངས་སྲིད་གཞུང་གི་ཞིབ་བཤེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཞིབ་བཤེར་མོས་མཐུན་བྱེད་དགོས་པ་མ་ཟད་གནས་ཡུལ་འདེམས་རྒྱུའི་བསམ་འཆར་ཡི་གེ་བཏོན་རྗེས་འཛུགས་སྐྲུན་ཚན་པས་གཞི་ནས་ཁྲིམས་ལུགས་གཞིར་བཟུང་རྫོང་རིམ་མི་དམངས་སྲིད་གཞུང་གི་ས་ཆ་དོ་དམ་སྡེ་ཚན་ལ་ས་ཆ་བེད་སྤྱོད་གཏོང་རྒྱུའི་རེ་འདུན་ཞུས་ཆོག རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས་ས་ཆ་དོ་དམ་སྡེ་ཚན་གྱིས་ས་ཆ་སྤྲོད་དགོས།

ལེའུ་བཞི་པ། གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་ཇུས་འགོད་དང་ཨར་ལས་དོ་དམ་བྱེད་ཕྱོགས་སྐོར།

དོན་ཚན་ཉེར་གཅིག་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་ཁུལ་ནང་ཨར་སྐྲུན་གྱི་བརྒལ་ཚད་དང་བརྒལ་ཚད་དམ་ཡང་ན་གཏན་འབེབས་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་ཞང(གྲོང་རྡལ)དང་གྲོང་ཚོའི་ཁེ་ལས་དང་། ཞང་གྲོང་རྡལ)གྲོང་གི་སྤྱི་པའི་སྒྲིག་བཀོད་དང་སྤྱི་ཕན་བྱ་གཞག་གི་ཨར་སྐྲུན་ལས་གྲྭ།དེ་བཞིན་ཐོག་སོ2(ཐོག་སོ2ཚུད)ཡན་གྱི་སྡོད་ཁང་བཅས་ངེས་པར་དུ་དེ་མཚུངས་ཀྱི་ཇུས་འགོད་འོས་ཐོབ་ལག་ཁྱེར་ཐོབ་པའི་ཚན་པས་ཇུས་འགོད་བྱེད་པའམ་ཡང་ན་སྤྱི་སྤྱོད་ཀྱི་ཇུས་འགོད་དང་ཚད་གཞི་འདེམས་སྤྱོད་བྱེད་དགོས།

བརྒལ་བརྒལ་ཚད་དང་བརྒལ་ཚད་མཐོ་ཚད་བཅས་ཚད་བཀག་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ངམ་དེས་དབང་བསྐུར་བའི་སྡེ་ཁག་གིས་གཏན་འབེབས་བྱ་དགོས།

དོན་ཚན་ཉེར་གཉིས་པ། བཟོ་སྐྲུན་ཇུས་འགོད་བྱེད་སྐབས་སྤྱོད་གོ་ཆོད་པ་དང་། གྲོན་ཆུང་། བདེ་འཇགས། མཛེས་སྡུག་བཅས་ཀྱི་རྩ་དོན་ལག་ལེན་མཐར་ཕྱིན་བསྟར་དགོས་པ་དང་། ཐོན་ཁུངས་གྲོན་ཆུང་དང་གནོད་འཚེ་འགོག་པའི་སྐོར་གྱི་རྒྱལ་ཁབ་དང་ས་གནས་ཀྱི་གཏན་འབེབས་དང་མཐུན་དགོས་ཤིང་། ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཉམས་འགྱུར་སྲུང་འཛིན་བྱ་དགོས་པ་མ་ཟད། མཐའ་འཁོར་གྱི་ཁོར་ཡུག་དང་མཐུན་སྦྱོར་ཡོང་བར་དོ་སྣང་བྱ་དགོས།

གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་གི་ཇུས་འགོད་ནི་ཚགས་དམ་པོ་དང་། ལུགས་མཐུན། འཕྲོད་བསྟེན། བདེ་འཇགས་བཅས་ཀྱི་བླང་བྱ་དང་མཐུན་དགོས།

དོན་ཚན་ཉེར་གསུམ་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་ཁུལ་ནང་གི་བཟོ་སྐྲུན་ཨར་ལས་ཀྱི་ལས་འགན་འཁུར་བའི་སྡེ་ཚན་ལ་ངེས་པར་དུ་བབ་མཚུངས་ཀྱི་ཨར་ལས་སྒྲུབ་པའི་བློ་རིག་རིམ་པའི་དཔང་ཡིག་གམ་ཡང་ན་བློ་རིག་ལ་ཞིབ་བཤེར་བྱས་པའི་དཔང་ཡིག་ཡོད་དགོས་པ་མ་ཟད། གཏན་ལ་ཕབ་པའི་གཉེར་སྐྱོང་ཁྱབ་ཁོངས་ལྟར་ཨར་ལས་ཀྱི་ལས་འགན་ཡང་འཁུར་དགོས།

གྲོང་ཚོ་དང་གྲོང་རྡལ་འཆར་འགོད་ཁུལ་ནང་ཨར་ལས་རྒྱག་པའི་མི་སྒེར་གྱི་ལག་ཤེས་པས་ཁང་པ་ཉམས་གསོ་བྱེད་འགན་འཁུར་དགོས་པ་ཕུད།ངེས་པར་དུ་འབྲེལ་ཡོད་གཏན་འབེབས་ལྟར་ཨར་ལས་ཀྱི་ཐོབ་ཐང་ལ་ཞིབ་མཆན་འགོད་པའི་འགྲོ་ལུགས་འགྲིམ་དགོས།

དོན་ཚན་ཉེར་བཞི་པ། ཨར་ལས་སྡེ་ཚན་གྱིས་ཇུས་འགོད་དཔེ་རིས་ལྟར་ཨར་ལས་རྒྱག་དགོས། སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་རང་མཚམས་ཀྱིས་ཇུས་འགོད་དཔེ་རིས་བཟོ་བཅོས་བརྒྱབ་མི་ཆོགདངོས་གནས་བཟོ་བཅོས་རྒྱག་དགོས་ན། ཇུས་འགོད་སྡེ་ཚན་གྱི་མོས་མཐུན་འཐོབ་དགོས་པ་མ་ཟད། བསྒྱུར་བཅོས་ཇུས་འགོད་ཀྱི་བརྡ་ཐོའི་ཤོག་བྱང་ངམ་དཔེ་རིས་ཀྱང་འདོན་དགོས།

དོན་ཚན་ཉེར་ལྔ་པ། ཨར་ལས་སྡེ་ཚན་གྱིས་ཨར་ལས་ཀྱི་སྤུས་ཀར་འགན་ལེན་ཏན་ཏིག་བྱ་དགོས་པ་དང་། འབྲེལ་ཡོད་ལག་རྩལ་གྱི་གཏན་འབེབས་ལྟར་ཨར་ལས་བྱ་དགོས་པ་ལས། ཨར་ལས་ཀྱི་སྤུས་ཀའི་བླང་བྱ་དང་མི་མཐུན་པའི་ཨར་ལས་རྒྱུ་ཆས་དང་ཨར་ལས་ལྷུ་ཆས་བེད་སྤྱོད་བྱས་མི་ཆོག

དོན་ཚན་ཉེར་དྲུག་པ། ཞང(གྲོང་རྡལ)དང་གྲོང་ཚོའི་ཁེ་ལས་དང་། ཞང(གྲོང་རྡལ)དང་གྲོང་ཚོའི་སྤྱི་པའི་སྒྲིག་བཀོད། སྤྱི་ཕན་བྱ་གཞག་སོགས་ཀྱི་འཛུགས་སྐྲུན་ལས་འགོ་མ་བཙུགས་གོང་ལ་འཛུགས་སྐྲུན་སྡེ་ཚན་དང་མི་སྒེར་གྱིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་གཙོ་སྐྱོང་སྡེ་ཁག་ལ་ལས་འགོ་འཛུགས་རྒྱུའི་རེ་འདུན་ཞུ་དགོས་པ་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཇུས་འགོད་དང་ཨར་ལས་བྱ་རྒྱུའི་ཆ་རྐྱེན་ལ་ཞིབ་བཤེར་གྱིས་ཆོག་མཆན་བཀོད་རྗེས་གཞི་ནས་ལས་འགོ་བཙུགས་ཆོག

གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་འཛུགས་སྐྲུན་བྱེད་འགོ་འཛུགས་པར་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱ་དགོས།

དོན་ཚན་ཉེར་བདུན་པ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གྲོང་ཚོ་དང་གྲོང་རྡལ་གྱི་འཛུགས་སྐྲུན་ཨར་ལས་བྱས་པའི་སྤུས་ཀར་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས། གྲོང་ཚོ་དང་གྲོང་རྡལ་གྱི་འཛུགས་སྐྲུན་ལས་གྲྭ་གྲུབ་རྗེས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་འབྲེལ་ཡོད་སྡེ་ཁག་གིས་ཨར་ལས་གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱས་ཏེ་ཚད་ལོན་རྗེས་གཞི་ནས་བེད་སྤྱོད་གཏོང་བར་རྩིས་སྤྲོད་བྱས་ཆོག

ལེའུ་ལྔ་པ། ཁང་པ་དང་། སྤྱི་པའི་སྒྲིག་བཀོད། གྲོང་ཚོའི་རྣམ་པ་དང་གྲོང་རྡལ་གྱི་རྣམ་པ། ཁོར་ཡུག་འཕྲོད་བསྟེན་དོ་དམ་བཅས་ཀྱི་སྐོར།

དོན་ཚན་ཉེར་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གྲོང་ཚོ་དང་གྲོང་རྡལ་གྱི་ཁང་པའི་ཐོན་དབང་དང་། ཐོན་ཁོངས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁང་པའི་བདག་པོའི་ཁང་པའི་བདག་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས།བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁོངས་ཀྱི་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་དགོས། 

དོན་ཚན་ཉེར་དགུ་པ། སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མས་གྲོང་ཚོ་དང་གྲོང་བརྡལ་གྱི་ཁང་པ་དང་སྤྱི་སྤྱོད་སྒྲིག་བཀོད་དོ་དམ་བྱེད་ཕྱོགས་སྐོར་གྱི་རྒྱལ་ཁབ་དང་ས་གནས་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་ཁང་པ་བེད་སྤྱོད་བདེ་འཇགས་དང་སྤྱི་སྤྱོད་སྒྲིག་བཀོད་རྒྱུན་ལྡན་དུ་བེད་སྤྱོད་ཐུབ་པའི་འགན་ལེན་བྱ་དགོས་པ་ལས།གྲོང་ཚོ་དང་གྲོང་བརྡལ་གྱི་འགྲོ་ལམ་དང་ཟམ་པ། ཆུ་མཁོ་འདོན་དང་ཆུ་ཕྱིར་འབུད། གློག་འདོན། ཡིག་ཟམ་གློག་འཕྲིན། སྔོ་ལྗང་ཅན་དུ་འགྱུར་བ་སོགས་ཀྱི་སྒྲིག་བཀོད་གཏོར་བཤིག་གཏོང་བའམ་གཏོར་བརླག་བཏང་མི་ཆོག

དོན་ཚན་སུམ་ཅུ་པ། གྲོང་བརྡལ་ནས་བསྡུས་པའི་གྲོང་ཁྱེར་སྲུང་སྐྱོང་གི་འཛུགས་སྐྲུན་དཔྱ་ཁྲལ་རྣམས་གྲོང་བརྡལ་གྱི་སྤྱི་པའི་སྒྲིག་བཀོད་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པར་སྤྱོད་དགོས་པ་ལས་སྤྱོད་སྒོ་གཞན་ལ་བཏང་མི་ཆོག

དོན་ཚན་སོ་གཅིག་པ། ཞང་རིམ་པའི་མི་དམངས་སྲིད་གཞུང་གིས་བྱེད་ཐབས་སྤྱད་ནས་གྲོང་ཚོ་དང་གྲོང་བརྡལ་གྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་བྱ་དགོས་པ་དང་། ཆ་རྐྱེན་འཛོམས་པའི་ས་གནས་སུ་གཅིག་བསྡུས་ཀྱིས་ཆུ་བཏོན་ནས་ཆུ་སྤུས་རིམ་བཞིན་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་འཚོ་བའི་འཐུང་ཆུའི་འཕྲོད་བསྟེན་གྱི་ཚད་གཞིར་སླེབས་པ་བྱ་དགོས།

དོན་ཚན་སོ་གཉིས་པ། ཞང་རིམ་པའི་མི་དམངས་སྲིད་གཞུང་ནས་ཆོག་མཆན་མ་ཐོབ་པར་སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་གྲོང་སྡེ་དང་གྲོང་རྡལ་གྱི་འཆར་འགོད་ཁུལ་ནང་གི་ཁྲོམ་ལམ་དང་། ཐང་ཆེན། ཚོང་ར། རླངས་འཁོར་འབབ་ཚུགས་སོགས་སུ་གནས་སྐབས་ཀྱི་རྩིག་བཟོས་དང་། བཟོ་བཀོད་དངོས་པོ། སྒྲིག་བཀོད་གཞན་དག་བཅས་རང་དགར་བཟོ་སྐྲུན་བྱས་མི་ཆོག

དོན་ཚན་སོ་གསུམ་པ། སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མས་གྲོང་ཚོའི་རྣམ་པ་དང་ཡུལ་ཁམས་ཀྱི་འཕྲོད་བསྟེན་སྲུང་སྐྱོང་བྱ་དགོས་པ་དང་། ལུད་དང་། གད་སྙིགས་ཀྱི་ཕུང་པོ། བུད་ཤིང་དང་རྩྭ་ཡི་ཕུང་པོ་བཅས་གཙང་བཅོས་ལེགས་པར་བྱ་དགོས་པ། ལྗོན་ཤིང་དང་མེ་ཏོག་རྣམས་བདག་སྐྱོང་དང་ཡུལ་ཁམས་མཛེས་བཟོ་བྱ་དགོས།

དོན་ཚན་སོ་བཞི་པ། སྡེ་ཚན་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མར་གྲོང་ཚོ་དང་གྲོང་བརྡལ་ནང་གི་རིག་གནས་ཤུལ་དངོས་གནའ་ཤུལ་དང་། གནའ་བོའི་ཤིང་དང་གྲགས་ཅན་ཤིང་། མཛེས་ལྗོངས་གྲགས་ཅན། དམག་དོན་སྒྲིག་བཀོད། ཆུ་ལོག་སྔོན་འགོག་གི་སྒྲིག་བཀོད་བཅས་དང་། དེ་བཞིན་རྒྱལ་ཁབ་ཀྱི་ཡིག་ཟམ་གློག་འཕྲིན་དང་། འཕྲིན་གཏོང་། གློག་སྐྱེལ་གློག་སྒྱུར། སྣུམ་འདྲེན་སྦུག་ལམ་སོགས་ཀྱི་སྒྲིག་བཀོད་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད།

དོན་ཚན་སོ་ལྔ་པ། ཞང་རིམ་པའི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་བྱེད་རིང་དུ་ཆགས་པའི་ཉར་ཚགས་བྱེད་རིན་ཡོད་པའི་ཡིག་ཆ་དང་། དཔེ་རིས། དཔྱད་གཞིའི་ཡིག་རིགས་སོགས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས་ཡིག་ཚགས་སུ་འཇུག་དགོས།

ལེའུ་དྲུག་པ། ཉེས་ཆད་གཅོད་ཕྱོགས་སྐོར།

དོན་ཚན་སོ་དྲུག་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་ཁུལ་ནང་འཆར་འགོད་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ལྟར་ཆོག་མཆན་མ་ཐོབ་པར་འཛུགས་སྐྲུན་དུ་མཁོ་བའི་ས་ཆའི་ཆོག་མཆན་ཡིག་ཆ་ཐོབ་པ་དང་ས་ཆ་བཟུང་སྤྱོད་བྱས་རིགས་ལ་ཆོག་མཆན་བཀོད་པའི་ཡིག་ཆ་རྩིས་འགྲོ་མེད་པར་གཏོང་རྒྱུ་དང་། བཟུང་སྤྱོད་བྱས་པའི་ས་ཆ་རྣམས་ཞང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཕྱིར་སློག་བྱེད་འགན་དཀྲི་དགོས།

དོན་ཚན་སོ་བདུན་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་ཁུལ་ནང་འཆར་འགོད་ལ་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་ལྟར་ཆོག་མཆན་མ་བཀོད་པའམ་འཆར་འགོད་ཀྱི་གཏན་འབེབས་དང་འགལ་ནས་འཛུགས་སྐྲུན་མ་བྱས་པར་གྲོང་ཚོ་དང་གྲོང་རྡལ་གྱི་འཆར་གཞིར་གནོད་པ་ཚབས་ཆེན་བཟོས་རིགས་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་འཛུགས་སྐྲུན་བྱེད་མཚམས་འཇོག་འགན་དཀྲི་རྒྱུ་དང་། ཁྲིམས་འགལ་གྱི་རྩིག་བཟོས་དང་། བཟོ་བཀོད་དངོས་པོ། སྒྲིག་བཀོད་གཞན་དག་བཅས་དུས་བཀག་ནང་བཤིག་ཏུ་འཇུག་པའམ་གཞུང་བཞེས་གཏོང་རྒྱུ་དང་། གྲོང་སྡེ་དང་གྲོང་རྡལ་གྱི་འཆར་གཞིར་གནོད་རྐྱེན་བཟོས་རུང་ཡོ་བསྲང་བྱེད་ཐབས་སྤྱད་ཆོག་པའི་རིགས་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་དངུལ་ཆད་གཅོད་དགོས།

གྲོང་གསེབ་ཀྱི་ཡུལ་མིས་ཆོག་མཆན་མ་ཐོབ་པའམ་འཆར་འགོད་ཀྱི་གཏན་འབེབས་དང་འགལ་ཏེ་སྡོད་ཁང་བརྒྱབ་རིགས་ལ་ཞང་རིམ་པའི་མི་དམངས་སྲིད་གཞུང་གིས་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཉེས་ཆད་བཅད་ཆོག

དོན་ཚན་སོ་བརྒྱད་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན།རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་ཇུས་འགོད་དམ་ཨར་ལས་བྱེད་མཚམས་འཇོག་ཏུ་འཇུག་པ་དང་དུས་བཀག་ཐོག་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་འབྲེལ་དངུལ་ཆད་ཀྱང་བཅད་ཆོག་པ་སྟེ།

(གཅིག)ཇུས་འགོད་བློ་རིག་ལག་ཁྱེར་མ་ཐོབ་པར་ཨར་ལས་ཀྱི་བར་བརྒལ་ཚད་དང་། བརྒལ་ཚད། མཐོ་ཚད་བཅས་གཏན་འབེབས་བྱས་པའི་ཁྱབ་ཁོངས་ལས་བརྒལ་བའི་ཨར་ལས་དང་དེ་བཞིན་ཐོག་སོ2ཡན་གྱི་སྡོད་ཁང་གི་ཇུས་འགོད་ལས་འགན་ནམ་ཡང་ན་ཇུས་འགོད་བློ་རིག་དཔང་ཡིག་གིས་གཏན་འབེབས་བྱས་པའི་གཉེར་སྐྱོང་ཁྱབ་ཁོངས་ལྟར་མ་བྱས་པར་ཇུས་འགོད་ཀྱི་ལས་འགན་འཁུར་རིགས།

(གཉིས)ཨར་ལས་ཀྱི་བློ་རིག་རིམ་པའི་དཔང་ཡིག་གམ་བློ་རིག་ཞིབ་བཤེར་དཔང་ཡིག་ཐོབ་མེད་པའམ་ཡང་ན་གཏན་འབེབས་ལྟར་གཉེར་སྐྱོང་བྱེད་ཁོངས་ལྟར་ཨར་ལས་སྒྲུབ་འགན་འཁུར་མེད།

(གསུམ)འབྲེལ་ཡོད་ལག་རྩལ་གྱི་གཏན་འབེབས་ལྟར་ཨར་ལས་མི་བྱེད་པའམ་ཨར་ལས་ཀྱི་སྤུས་ཀའི་བླང་བྱ་དང་མི་མཐུན་པའི་ཨར་ལས་རྒྱུ་ཆས་དང་ཨར་ལས་ལྷུ་ཆས་བེད་སྤྱོད་བྱས་རིགས།

(བཞི)ཇུས་འགོད་དཔེ་རིས་ལྟར་ཨར་ལས་མ་བྱས་པའམ་ཡང་ན་རང་མཚམས་ཀྱིས་ཇུས་འགོད་དཔེ་རིས་བཟོ་བཅོས་བརྒྱབ་རིགས་བཅས་ཡིན།

ཇུས་འགོད་དམ་ཨར་ལས་ཀྱི་བློ་རིག་ལག་ཁྱེར་ཐོབ་པའི་རྩད་ཞིབ་ཇུས་འགོད་དང་ཨར་ལས་སྒྲུབ་མཁན་སྡེ་ཚན་གྱིས་ལག་ཁྱེར་མེད་པའི་སྡེ་ཚན་ལ་ཐོབ་ཐང་ལག་ཁྱེར་འདོན་སྤྲོད་བྱས་ནས་གཏན་འབེབས་བྱས་པའི་གཉེར་སྐྱོང་ཁྱབ་ཁོངས་ལས་བརྒལ་ཏེ་ཇུས་འགོད་དང་ཨར་ལས་ཀྱི་ལས་འགན་འཁུར་བའམ་ཡང་ན་ཇུས་འགོད་དང་ཨར་ལས་ཀྱི་སྤུས་ཚད་བླང་བྱ་དང་མི་མཐུན་ཞིང་། ཉེས་ཚབས་ཆེ་བ་ཡིན་ན། དང་ཐོག་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ཀྱིས་ཇུས་འགོད་དམ་ཨར་ལས་སྒྲུབ་པའི་བློ་རིག་ལག་ཁྱེར་ཕྱིར་བསྡུ་དགོས། 

དོན་ཚན་སོ་དགུ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན།ཞང་རིམ་པའི་མི་དམངས་སྲིད་གཞུང་གིས་གནོད་འཚེ་གཏོང་མཚམས་འཇོག་འགན་དཀྲི་རྒྱུ་དང་དངུལ་ཆད་བཅད་ཆོག གྱོང་གུན་བཟོས་པ་ཡིན་ན་སྐྱིན་ཚབ་སྤྲོད་དགོས་པ་སྟེ།

(གཅིག)གྲོང་ཚོ་དང་གྲོང་རྡལ་གྱི་ཁང་པ་དང་སྤྱི་པའི་སྒྲིག་བཀོད་ལ་གཏོར་སྐྱོན་བཏང་རིགས་དང་།

(གཉིས)གཅིན་སྐྱག་དང་གད་སྙིགས། བུད་ཤིང་སོགས་གང་བྱུང་དུ་སྤུངས་ནས་གྲོང་ཚོའི་རྣམ་པ་དང་ཁོར་ཡུག་གི་གཙང་སྦྲ་ལ་གཏོར་བཤིག་གཏོང་མཁན།

དོན་ཚན་བཞི་བཅུ་པ། གྲོང་སྡེ་དང་གྲོང་རྡལ་གྱི་འཆར་འགོད་ཁུལ་ནང་གི་ཁྲོམ་ལམ་དང་། ཐང་ཆེན། ཚོང་ར། རླངས་འཁོར་འབབ་ཚུགས་སོགས་སུ་གནས་སྐབས་ཀྱི་རྩིག་བཟོས་དང་། བཟོ་བཀོད་དངོས་པོ། སྒྲིག་བཀོད་གཞན་དག་བཅས་རང་དགར་བསྐྲུན་པར་ཞང་རིམ་པའི་མི་དམངས་སྲིད་གཞུང་གིས་དུས་བཀག་ནང་བཤིག་ཏུ་འཇུག་རྒྱུ་དང་འབྲེལ་དངུལ་ཆད་ཀྱང་བཅད་ཆོག

དོན་ཚན་ཞེ་གཅིག་པ། གྲོང་སྡེ་དང་། གྲོང་བརྡལ་ནང་གི་རིག་གནས་ཤུལ་དངོས་གནའ་ཤུལ་དང་། གནའ་བོའི་ཤིང་དང་གྲགས་ཅན་ཤིང་རིགས།མཛེས་ལྗོངས་གྲགས་ཅན། དམག་དོན་སྒྲིག་བཀོད། འབྲུབ་ཆུ་འགོག་པའི་སྒྲིག་བཀོད་བཅས་དང་། དེ་བཞིན་རྒྱལ་ཁབ་ཀྱི་ཡིག་ཟམ་གློག་འཕྲིན་དང་། འཕྲིན་སྐྱེལ། གློག་སྐྱེལ་གློག་སྒྱུར། སྣུམ་འདྲེན་སྦུག་ལམ་སོགས་ཀྱི་སྒྲིག་བཀོད་བཅས་ལ་གཏོར་སྐྱོན་བཏང་རིགས་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཉེས་ཆད་གཅོད་དགོས།

དོན་ཚན་ཞེ་གཉིས་པ། སྲོལ་ཡིག་འདི་དང་འགལ་ནས་བདེ་སྐྱོང་དོ་དམ་དང་འགལ་བའི་བྱ་སྤྱོད་དུ་གྲུབ་ན། བདེ་སྐྱོང་དོ་དམ་གྱི་ཉེས་གཅོད་སྲོལ་ཡིག་གི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ་དང་། ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་དགོས།

དོན་ཚན་ཞེ་གསུམ་པ། གྲོང་ཚོ་དང་གྲོང་རྡལ་གྱི་འཛུགས་སྐྲུན་དོ་དམ་མི་སྣས་འཁུར་འཁྲིའི་ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ་དང་། འགན་བབ་དབང་ཆ་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་རིགས་ལ་དེ་གནས་སའི་སྡེ་ཚན་ནམ་གོང་རིམ་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་དགོས། 

དོན་ཚན་ཞེ་བཞི་པ། སྲིད་འཛིན་ཐོག་གི་ཆད་པ་བཅད་དོན་དོ་བདག་གི་བློར་མ་བབས་ན། ཆད་པ་བཅད་དོན་གྱི་བརྡ་སྦྱོར་འབྱོར་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཚུན་ཆད་པ་གཅོད་མཁན་ལས་ཁུངས་ལས་རིམ་པ་གཅིག་གིས་མཐོ་བའི་ལས་ཁུངས་ལ་ཡིག་ལན་འབུལ་རོགས་ཞུས་ཆོགབསྐྱར་གྲོས་ཀྱི་ཆོད་དོན་བློར་མ་བབས་ན། བསྐྱར་གྲོས་ཀྱི་ཆོད་དོན་འབྱོར་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཚུན་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག དོ་བདག་གིས་ཆད་གཅོད་ཆོད་དོན་གྱི་བརྡ་སྦྱོར་འབྱོར་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཚུན་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཀྱང་ཆོག དོ་བདག་གིས་དུས་བཀག་ནང་ཚུན་བསྐྱར་གྲོས་ཡོང་རེ་མི་ཞུ་བ་དང་། མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་མི་བྱེད་པ། ཆད་གཅོད་ཆོད་དོན་ལག་བསྟར་ཡང་མ་བྱས་ན། ཆད་གཅོད་ཆོད་དོན་འཇོག་མཁན་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་བཙན་ཐབས་ཀྱིས་ལག་བསྟར་བྱེད་དུ་འཇུག་པའམ་ཡང་ན་ཁྲིམས་ལྟར་བཙན་ཐབས་ཀྱིས་ལག་བསྟར་བྱེད་དུ་འཇུག་རོགས་ཞུས་ཆོག

ལེའུ་བདུན་པ། ཞར་བྱུང་དོན་ཚན།

དོན་ཚན་ཞེ་ལྔ་པ། གྲོང་རྡལ་གྱི་སྒྲིག་གཞི་བཙུགས་མེད་པའི་རྒྱལ་གཉེར་ཞིང་རའི་ར་བ་དང་། རྒྱལ་གཉེར་ནགས་རའི་ར་བ་དང་དེའི་གཞི་རིམ་གྱི་ཡུལ་མིའི་སྡོད་གནས་བཅས་ཀྱི་འཆར་འགོད་འཛུགས་སྐྲུན་དང་དོ་དམ་བྱེད་འགན་སོ་སོར་རྒྱལ་གཉེར་ཞིང་ར་དང་རྒྱལ་གཉེར་ནགས་རྭའི་གཙོ་གཉེར་སྡེ་ཁག་གིས་འཁུར་རྒྱུ་དང་། སྲོལ་ཡིག་འདི་གཞིར་བཟུང་ནས་ལག་བསྟར་བྱ་དགོས།

དོན་ཚན་ཞེ་དྲུག་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདི་གཞིར་བཟུང་ནས་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་ཆོག

དོན་ཚན་ཞེ་བདུན་པ། སྲོལ་ཡིག་འདིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་སྐྲུན་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འགྲེལ་བཤད་རྒྱག་འགན་འཁུར་དགོས། 

དོན་ཚན་ཞེ་བརྒྱད་པ། སྲོལ་ཡིག་འདི་སྤྱི་ལོ1993ལོའི་ཟླ11པའི་ཚེས1ཉིན་ནས་ལག་བསྟར་བྱས། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

བཀའ་རྒྱ།(ཨང116པ) བཅའ་ཁྲིམས།