ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།(ཨང117པ)སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2022-07-27 10:42ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།(ཨང117པ)

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།(ཨང117པ)
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང117པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཕེང་གིས་སྤྱི་ལོ1993ལོའི་ཟླ7པའི་ཚེས6ཉིན་ཆོག་མཆན་བཀོད་ནས་སྤྲད་པའི་བཀའ་རྒྱ་ཡིན། བཀའ་རྒྱ་ཨང117པ《ཁེ་ལས་ཀྱི་ངལ་རྩོལ་རྩོད་གཞི་ཐག་གཅོད་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་ཡིག》ནི་ཁེ་ལས་ཀྱི་ངལ་རྩོལ་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་པ་དང་། ཁེ་ལས་དང་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་སྒྲིག་ལམ་སྲུང་སྐྱོང་བྱེད་པ། ངལ་རྩོལ་འབྲེལ་བ་བཟང་པོ་འཕེལ་རྒྱས་གཏོང་བ། བསྒྱུར་བཅོས་སྒོ་འབྱེད་བདེ་བླག་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་གཏན་འབེབས་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国国务院令(第117号)
གྲོས་འཆམ་བྱུང་བའི་དུས་ཚོད།
སྤྱི་ལོ1993ལོའི་ཟླ6པའི་ཚེས11ཉིན།
མཆན་བཀོད་དུས་ཚོད།
སྤྱི་ལོ1993ལོའི་ཟླ7པའི་ཚེས6ཉིན།
ལག་བསྟར་དུས་ཚོད།
སྤྱི་ལོ1993ལོའི་ཟླ8པའི་ཚེས1ཉིན།
འགྲེམ་གཏོང་ཡིག་ཨང་།
བཀའ་རྒྱ་ཨང117པ།
ཡིག་གཏོང་ལས་ཁུངས།
རྒྱལ་སྲིད་སྤྱི་ཁྱབ་ཁང་།
1 ​འགྲེམ་བསྒྲགས་ཆ་འཕྲིན། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང117པ།

《ཁེ་ལས་ཀྱི་ངལ་རྩོལ་རྩོད་གཞི་ཐག་གཅོད་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་ཡིག》འདི་སྤྱི་ལོ1993ལོའི་ཟླ་6པའི་ཚེས11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་ཞིང་། སྤྱི་ལོ1993ལོའི་ཟླ8པའི་ཚེས1ཉིན་ནས་ལག་བསྟར་བྱས། 

ཙུང་ལི་ལི་ཕེང་།

སྤྱི་ལོ1993ལོའི་ཟླ7པའི་ཚེས6ཉིན།

2 སྲོལ་ཡིག་ཆ་ཚང་།

ཁེ་ལས་ཀྱི་ངལ་རྩོལ་རྩོད་གླེང་ཐག་གཅོད་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་ཡིག

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ཁེ་ལས་ཀྱི་ངལ་རྩོལ་སྐོར་གྱི་རྩོད་གླེང་ཐག་གཅོད་འོས་འཚམ་དང་། ཁེ་ལས་དང་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་། རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་སྒྲིག་ལམ་སྲུང་སྐྱོང་། ངལ་རྩོལ་གྱི་འབྲེལ་བ་བཟང་པོ་གོང་དུ་སྤེལ་བ། བསྒྱུར་བཅོས་སྒོ་འབྱེད་བདེ་བླག་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། སྲོལ་ཡིག་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་ཁེ་ལས་དང་ལས་བཟོ་པའི་བར་གྱི་གཤམ་གསལ་གྱི་ངལ་རྩོལ་རྩོད་གླེང་ཐད་སྤྱད་འཐུས།

(གཅིག)ཁེ་ལས་ནས་ཕྱིར་འབུད་བཏང་བ་དང་། མིང་ཐོ་བསུབས་པ། ལས་བཟོ་པ་ཕྱིར་འབུད་བྱས་པ་དང་། ལས་བཟོ་པས་ལས་ཁུར་དགོངས་ཞུ་བྱས་པ། རང་འགུལ་གྱིས་ལས་གནས་ལས་བྲལ་བ་བཅས་ལས་བྱུང་བའི་རྩོད་གླེང་།

(གཉིས)རྒྱལ་ཁབ་ཀྱི་གླ་ཕོགས་དང་། ཉེན་འགོག་འགན་ལེན། ཕན་བདེ། གསོ་སྦྱོང་། ངལ་རྩོལ་སྲུང་སྐྱོང་བཅས་སྐོར་གྱི་གཏན་འབེབས་ལག་བསྟར་བྱས་པ་ལས་བྱུང་བའི་རྩོད་གླེང་།

(གསུམ)ངལ་རྩོལ་གྱི་གན་རྒྱ་ལག་བསྟར་བྱེད་པའི་ཐད་རྩོད་གླེང་བྱུང་བ།

(བཞི)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ངལ་རྩོལ་གྱི་རྩོད་གླེང་གཞན་དག་བཅས་ཡིན།

དོན་ཚན་གསུམ་པ། ཁེ་ལས་དང་ལས་བཟོ་པ་ནི་ངལ་རྩོལ་རྩོད་གླེང་གྱོད་དོན་གྱི་དོ་བདག་ཡིན།

དོན་ཚན་བཞི་པ། ངལ་རྩོལ་གྱི་རྩོད་གླེང་ཐག་གཅོད་བྱེད་པར་གཤམ་གསལ་རྩ་དོན་བརྩི་སྲུང་ཞུ་དགོས་པ་སྟེ།

(གཅིག)བར་འདུམ་བྱ་རྒྱུ་གཙོ་བོར་བཟུང་ནས་དུས་ཐོག་ཏུ་ཐག་གཅོད་བྱ་དགོས།

(གཉིས)དོན་དངོས་རྩད་ཆོད་མཐའ་གསལ་བྱས་པའི་རྨང་གཞིའི་ཐོག་ཁྲིམས་ལྟར་ཐག་གཅོད་བྱ་དགོས། 

(གསུམ)བཅའ་ཁྲིམས་སྤྱོད་སྐབས་དོ་བདག་ཚང་མ་འདྲ་མཉམ་ཡིན།

དོན་ཚན་ལྔ་པ། ངལ་རྩོལ་གྱི་རྩོད་གླེང་བྱུང་བའི་ལས་བཟོ་པའི་ཕྱོགས་མི་གསུམ་ཡན་ཡོད་པ་དང་། ཐུན་མོང་གི་རྒྱུ་མཚན་ཡང་ཡོད་ན།འཐུས་མི་འདེམས་སྒྲུག་བྱས་ནས་འདུམ་འགྲིག་གམ་འདུམ་གཅོད་ཀྱི་བྱེད་སྒོར་ཞུགས་སུ་འཇུག་དགོས།

དོན་ཚན་དྲུག་པ། ངལ་རྩོལ་གྱི་རྩོད་གླེང་བྱུང་རྗེས་དོ་བདག་བར་གྲོས་མོལ་བྱས་ནས་ཐག་གཅོད་དགོས་པ་དང་། གྲོས་མོལ་བྱེད་འདོད་མེད་པའམ་གྲོས་མོལ་བྱས་ཀྱང་ཐག་མ་ཆོད་ན། ཁེ་ལས་དེ་གའི་ངལ་རྩོལ་རྩོད་གླེང་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་འདུམ་འགྲིག་ཡོང་རེ་ཞུས་ཆོག འདུམ་འགྲིག་མ་བྱུང་ན་ངལ་རྩོལ་རྩོད་གླེང་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་འདུམ་གཅོད་ཡོང་རེ་ཞུས་ཆོག དོ་བདག་གིས་ཐད་ཀར་ངལ་རྩོལ་རྩོད་གླེང་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་འདུམ་གཅོད་ཡོང་རེ་ཞུས་ཀྱང་ཆོག ཁྲུན་ཐག་བཅད་དོན་བློར་མ་བབས་ན་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག

ངལ་རྩོལ་རྩོད་གླེང་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད། དོ་བདག་གིས་འགལ་བ་ཛ་དྲག་ཏུ་གཏོང་བའི་བྱ་སྤྱོད་ཡོད་མི་ཆོག

ལེའུ་གཉིས་པ། ཁེ་ལས་འདུམ་འགྲིག་བྱེད་ཕྱོགས་སྐོར།

དོན་ཚན་བདུན་པ། ཁེ་ལས་ཀྱིས་ངལ་རྩོལ་རྩོད་གླེང་འདུམ་འགྲིག་ཨུ་ཡོན་ལྷན་ཁང(གཤམ་དུ་བསྡུས་མིང་ལ་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ཟེར)བཙུགས་ཆོག འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་དེ་གར་བྱུང་བའི་ངལ་རྩོལ་རྩོད་གླེང་འདུམ་འགྲིག་བྱེད་འགན་འཁུར་དགོས། འདུམ་འགྲིག་ཨུ་ཡོན་ལྷན་ཁང་ནི་གཤམ་གསལ་གྱི་མི་སྣ་ལས་གྲུབ་ཡོད།

(གཅིག)ལས་བཟོ་པའི་འཐུས་ཚབ་དང་།

(གཉིས)ཁེ་ལས་ཀྱི་འཐུས་མི།

(གསུམ)ཁེ་ལས་ཀྱི་བཟོ་ཚོགས་ཀྱི་འཐུས་མི།

ལས་བཟོ་པའི་འཐུས་མི་ནི་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན(ཡང་ན་ལས་བཟོ་པའི་ཚོགས་ཆེན་དང་། གཤམ་དུ་དེ་དང་མཚུངས)གྱིས་འདེམས་སྒྲུག་བྱས་ནས་ཐོན་དགོས། ཁེ་ལས་ཀྱི་འཐུས་མི་ནི་བཟོ་གྲྭའི་འགོ་འཛིན(ཅིན་ལི)གྱིས་དམིགས་འཛུགས་བྱ་དགོས། ཁེ་ལས་ཀྱི་བཟོ་ཚོགས་ཀྱི་འཐུས་མི་ནི་ཁེ་ལས་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གིས་དམིགས་འཛུགས་བྱ་དགོས།

འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མི་གྲངས་དངོས་ནི་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་གྱིས་འདོན་དགོས་པ་མ་ཟད་བཟོ་གྲྭའི་འགོ་འཛིན(ཅིན་ལི)དང་གྲོས་མོལ་བྱས་ནས་གཏན་འཁེལ་བྱ་དགོས་པ་དང་། ཁེ་ལས་ཀྱི་འཐུས་མིའི་མི་གྲངས་དེ་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་བསྡོམས་གྲངས་ཀྱི་གསུམ་ཆ་གཅིག་ལས་བརྒལ་མི་ཆོག

དོན་ཚན་བརྒྱད་པ། འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནི་ཁེ་ལས་བཟོ་ཚོགས་ཀྱི་འཐུས་ཚབ་ཀྱིས་འགན་འཁུར་དགོས།

འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་དེ་ཁེ་ལས་བཟོ་ཚོགས་ཨུ་ཡོན་ལྷན་ཁང་དུ་འཛུགས་དགོས། 

དོན་ཚན་དགུ་པ། བཟོ་ཚོགས་ཀྱི་རྩ་འཛུགས་བཙུགས་མེད་པའི་ཁེ་ལས་ཀྱི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་དེའི་གྲུབ་ཚུལ་ནི་ལས་བཟོ་པའི་འཐུས་མི་དང་ཁེ་ལས་ཀྱི་འཐུས་མི་གཉིས་ཀྱིས་གྲོས་མོལ་བྱས་ནས་ཐག་གཅོད་དགོས། 

དོན་ཚན་བཅུ་པ། འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་ངལ་རྩོལ་གྱི་རྩོད་གླེང་འདུམ་འགྲིག་བྱེད་ན། དོ་བདག་གིས་འདུམ་འགྲིག་བྱེད་རེ་ཞུས་ཉིན་ནས་བཟུང་བའི་ཉིན་སུམ་ཅུའི་ནང་ཚུན་དུ་མཇུག་རྫོགས་དགོས། དུས་ཡུན་ལོངས་ཀྱང་མཇུག་མ་རྫོགས་ན། འདུམ་འགྲིག་བྱེད་མི་ཐུབ་པར་བརྩི་དགོས། 

དོན་ཚན་བཅུ་གཅིག་པ། འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་ངལ་རྩོལ་གྱི་རྩོད་གླེང་འདུམ་འགྲིག་བྱེད་པར་དོ་བདག་ཕྱོགས་གཉིས་རང་མོས་ཡིན་པའི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། འདུམ་འགྲིག་བྱས་ནས་གྲོས་མཐུན་བྱུང་རིགས་འདུམ་འགྲིག་གི་གྲོས་མཐུན་ཡིག་ཆ་བཟོ་དགོས་ཤིང་། དོ་བདག་ཕྱོགས་གཉིས་ཀྱིས་རང་རྟོགས་ཀྱིས་ལག་བསྟར་བྱ་དགོས། འདུམ་འགྲིག་མ་བྱུང་ན།དོ་བདག་གིས་གཏན་འབེབས་བྱས་པའི་དུས་ཡུན་ནང་ངལ་རྩོལ་རྩོད་གླེང་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་འདུམ་གཅོད་བྱེད་རེ་ཞུས་ཆོག

ལེའུ་གསུམ་པ། འདུམ་གཅོད་བྱེད་ཕྱོགས།

དོན་ཚན་བཅུ་གཉིས་པ། རྫོང་དང་། གྲོང་ཁྱེར། གྲོང་ཁྱེར་ཁོངས་གཏོགས་ཆུས་བཅས་སུ་ངལ་རྩོལ་རྩོད་གླེང་འདུམ་གཅོད་ཨུ་ཡོན་ལྷན་ཁང(གཤམ་དུ་བསྡུས་མིང་ལ་འདུམ་གཅོད་ཨུ་ཡོན་ལྷན་ཁང་ཟེར)འཛུགས་དགོས།

དོན་ཚན་བཅུ་གསུམ་པ། འདུམ་གཅོད་ཨུ་ཡོན་ལྷན་ཁང་ནི་གཤམ་གསལ་གྱི་མི་སྣས་གྲུབ་པ་སྟེ།

(གཅིག)ངལ་རྩོལ་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱི་འཐུས་མི་དང་།

(གཉིས)བཟོ་ཚོགས་ཀྱི་འཐུས་ཚབ།

(གསུམ)སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་དཔལ་འབྱོར་ཕྱོགས་བསྡུས་དོ་དམ་སྡེ་ཁག་གི་འཐུས་མི་བཅས་ཡིན།

འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ནི་ངེས་པར་དུ་ཡ་གྲངས་ཡིན་དགོས་པ་དང་། ངལ་རྩོལ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་འགན་འཁུར་པས་ཀྲུའུ་རེན་གྱི་འགན་འཁུར་དགོས།

ངལ་རྩོལ་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་ངལ་རྩོལ་རྩོད་གླེང་ཐག་གཅོད་ལས་ཁུངས་ནི་འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཡིན་པས། འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་ཉིན་རྒྱུན་གྱི་ལས་དོན་བསྒྲུབ་འགན་འཁུར་དགོས།

འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་མང་ཁ་ཉུང་ཉན་གྱི་རྩ་དོན་ལག་བསྟར་བྱ་རྒྱུ།

དོན་ཚན་བཅུ་བཞི་པ། འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་ངལ་རྩོལ་གྱི་རྩོད་གླེང་ཐག་གཅོད་བྱེད་པར་འདུམ་གཅོད་བྱེད་མཁན་དང་འདུམ་གཅོད་ཁྲིམས་སའི་ལམ་ལུགས་ལག་ལེན་བསྟར་དགོས། 

དོན་ཚན་བཅོ་ལྔ་པ། འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་ངལ་རྩོལ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གམ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གི་མི་སྣ་དང་། བཟོ་ཚོགས་ཀྱི་ལས་ཀ་བྱེད་མཁན།རིགས་གཅིག་མཁས་པ་དང་ཡོན་ཏན་ཅན། ཁྲིམས་རྩོད་པ་བཅས་ཆེད་བསྐོས་འདུམ་གཅོད་པ་གཅིག་གམ་ཡང་ན་གཅིག་ལྕོགས་ཡིན་པར་གདན་ཞུ་བྱས་ཆོག

ལས་འགན་གཅིག་ལྕོགས་འདུམ་གཅོད་བྱེད་མཁན་དང་ཆེད་བསྐོས་འདུམ་གཅོད་བྱེད་མཁན་བར་འདུམ་གཅོད་བྱ་བ་སྒྲུབ་སྐབས་དབང་ཆ་གཅིག་མཚུངས་ཡོད།

གཅིག་ལྕོགས་འདུམ་གཅོད་པའི་འདུམ་གཅོད་བྱེད་སྒོ་སྤེལ་སྐབས་དེ་གནས་སའི་སྡེ་ཚན་གྱིས་རྒྱབ་སྐྱོར་བྱ་དགོས།

དོན་ཚན་བཅུ་དྲུག་པ། འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་ངལ་རྩོལ་གྱི་རྩོད་གླེང་ཐག་གཅོད་བྱེད་པར་འདུམ་གཅོད་ལྷན་ཚོགས་འཛུགས་དགོས།འདུམ་གཅོད་ལྷན་ཚོགས་ནི་འདུམ་གཅོད་པ་གསུམ་གྱིས་གྲུབ་པ་ཡིན།

སྟབས་བདེའི་ངལ་རྩོལ་རྩོད་གླེང་གི་གྱོད་དོན་ཡིན་ན།འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་འདུམ་གཅོད་པ་གཅིག་དམིགས་འཛུགས་བྱས་ནས་ཐག་གཅོད་བྱེད་དུ་བཅུག་ཆོག

འདུམ་གཅོད་ལྷན་ཚོགས་ཀྱིས་ངལ་རྩོལ་རྩོད་གླེང་གི་གྱོད་དོན་གལ་གནད་ཆེ་རིགས་སམ་ཡང་ན་དཀའ་གནད་ཆེ་རིགས་ཐག་གཅོད་བྱེད་དུས་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་གྲོས་བསྡུར་ཐག་གཅོད་བྱས་ཆོགའདུམ་གཅོད་ཨུ་ཡོན་ལྷན་ཁང་གི་ཆོད་དོན་དེ་འདུམ་གཅོད་ཁང་གིས་ངེས་པར་དུ་ལག་བསྟར་བྱ་དགོས།

དོན་ཚན་བཅུ་བདུན་པ། རྫོང་དང་། གྲོང་ཁྱེར། གྲོང་ཁྱེར་ཁོངས་གཏོགས་ཆུས་བཅས་ཀྱི་འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་བྱུང་བའི་ངལ་རྩོལ་རྩོད་གླེང་གི་འགན་འཁུར་དགོས། 

ཆུས་བཙུགས་པའི་གྲོང་ཁྱེར་གྱི་འདུམ་གཅོད་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་ཁོངས་གཏོགས་ཆུས་ཀྱི་འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་ངལ་རྩོལ་གྱི་རྩོད་གླེང་གྱོད་དོན་བདག་སྤྲོད་བྱེད་ཁོངས་ནི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱ་དགོས།

དོན་ཚན་བཅོ་བརྒྱད་པ། ངལ་རྩོལ་རྩོད་གླེང་བྱུང་བའི་ཁེ་ལས་དང་ལས་བཟོ་པའི་བར་འདུམ་གཅོད་ཨུ་ཡོན་ལྷན་ཁང་གཅིག་གི་བདག་ཁོངས་ས་ཁུལ་དུ་མེད་ན། ལས་བཟོ་པའི་དོ་བདག་གི་གླ་ཕོགས་འབྲེལ་བ་ཡོད་སའི་འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་བྱ་དགོས། 

དོན་ཚན་བཅུ་དགུ་པ། དོ་བདག་གིས་ཁྲིམས་རོགས་པ་གཅིག་ནས་གཉིས་བར་རམ་ཡང་ན་མི་གཞན་དག་ལ་འདུམ་གཅོད་བྱེད་སྒོར་ཚབ་ཞུགས་བྱ་རྒྱུའི་མངགས་བཅོལ་བྱས་ཆོག མི་གཞན་ལ་མངགས་བཅོལ་བྱས་ནས་འདུམ་གཅོད་བྱེད་སྒོར་ཞུགས་དགོས་ན། ངེས་པར་དུ་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་མངགས་བཅོལ་བྱེད་མཁན་གྱིས་རང་མིང་བཀོད་པའམ་ཐེའུ་སྦྱར་བའི་མངགས་བཅོལ་ཞུ་ཡིག་འབུལ་དགོས་པ་དང་། མངགས་བཅོལ་ཞུ་ཡིག་ནང་མངགས་བཅོལ་བྱས་དོན་དང་དབང་མཚམས་གསལ་པོར་འགོད་དགོས།

དོན་ཚན་ཉི་ཤུ་པ། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་པ་དང་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་ལས་བཟོ་པའམ་ཚེ་ལས་འདས་པའི་ལས་བཟོ་པའི་ཁྲིམས་བཀོད་ངོ་ཚབ་པ་འདུམ་གཅོད་བྱེད་སྒོར་ཞུགས་ཆོག ཁྲིམས་བཀོད་ངོ་ཚབ་མེད་ན། འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་དེར་ངོ་ཚབ་པ་དམིགས་འཛུགས་བྱས་ཏེ་འདུམ་གཅོད་བྱེད་སྒོར་ཞུགས་སུ་འཇུག་དགོས།

དོན་ཚན་ཉེར་གཅིག་པ། དོ་བདག་ཕྱོགས་གཉིས་ཀྱིས་ནང་འདུམ་བྱས་ཆོག

དོན་ཚན་ཉེར་གཉིས་པ། ངལ་རྩོལ་རྩོད་གླེང་གི་གྱོད་དོན་ཐག་གཅོད་བྱས་འབྲས་དང་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་གསུམ་པས་འདུམ་གཅོད་བྱེད་སྒོར་ཞུགས་རྒྱུའི་རེ་འདུན་ཞུས་ཆོག་པའམ་ཡང་ན་འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་དེ་འདུམ་གཅོད་བྱེད་སྒོར་ཞུགས་རྒྱུའི་བརྡ་ཐོ་བཏང་ཆོག

དོན་ཚན་ཉེར་གསུམ་པ། དོ་བདག་གིས་རང་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་ཕོག་ཚུལ་ཤེས་པའམ་ཤེས་དགོས་པའི་ཉིན་ནས་བཟུང་གི་ཟླ་དྲུག་གི་ནང་ཚུན་ཡིག་ཐོག་ནས་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་འདུམ་གཅོད་ཡོང་རེ་ཞུ་དགོས།

འགོག་ཐབས་བྲལ་བའི་རྐྱེན་ངན་འཕྲད་པའམ་ཡང་ན་རྒྱུ་མཚན་ཁུངས་འཕེར་གཞན་ཡོད་པའི་དབང་གིས་དོ་བདག་ལ་གོང་འཁོད་ནང་གསེས་དོན་ཚན་དུ་གཏན་འབེབས་བྱས་པའི་འདུམ་གཅོད་ཀྱི་གོ་ཆོད་ཡུན་ཚད་ལས་བརྒལ་བ་ཡིན་ན། འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་བདག་སྤྲོད་བྱ་དགོས།

དོན་ཚན་ཉེར་བཞི་པ། དོ་བདག་པས་འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་འདུམ་གཅོད་རེ་ཞུ་བྱེད་ཚེ། རེ་ཞུ་ཡི་གེ་འདོན་སྤྲོད་བྱེད་དགོས་པར་མ་ཟད། གཏུག་བཤེར་བྱས་པའི་མི་གྲངས་ལྟར་བུ་ཡིག་འབུལ་སྤྲོད་བྱེད་དགོས། གཏུག་བཤེར་ཞུ་ཡིག་ནང་གཤམ་གསལ་གྱི་དོན་དག་ཁག་གསལ་པོར་འགོད་དགོས་པ་སྟེ།

(གཅིག)ལས་བཟོ་པའི་དོ་བདག་གི་རུས་མིང་དང་། ལས་རིགས། སྡོད་གནས། ལས་ཁུངས་བཅས་དང་། ཁེ་ལས་ཀྱི་མིང་དང་སྡོད་གནས། ཁྲིམས་བཀོད་འཐུས་ཚབ་པའི་རུས་མིང་དང་གོ་གནས།

(གཉིས)འདུམ་གཅོད་ཡོང་རེ་དང་དེའི་གཞི་འཛིན་སའི་དོན་དངོས་དང་རྒྱུ་མཚན།

(གསུམ)བདེན་དཔང་དང་དཔང་པོའི་མིང་དང་སྡོད་གནས་བཅས་ཡིན།

དོན་ཚན་ཉེར་ལྔ་པ། འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་རེ་ཞུ་ཡི་གེ་འབྱོར་ཉིན་ནས་བརྩིས་པའི་ཉིན་བདུན་གྱི་ནང་དུ་བདག་སྤྲོད་དང་མི་བྱེད་པའི་ཐག་གཅོད་བྱེད་དགོས། འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་བདག་སྤྲོད་བྱ་རྒྱུའི་ཐག་བཅད་པ་ཡིན་ན། ཐག་གཅོད་བྱས་ཉིན་ནས་བརྩིས་པའི་ཉིན་བདུན་གྱི་ནང་ཚུན་དུ་བསྐྱར་ཞུ་ཡི་གེའི་བུ་ཡིག་ཞུ་སྦྱོར་བྱ་ཡུལ་ལ་སྐྱེལ་སྤྲོད་བྱ་དགོས་པ་མ་ཟད། འདུམ་གཅོད་ཁྲིམས་ས་སྒྲིག་འཛུགས་བྱ་དགོས།བདག་སྤྲོད་མི་བྱེད་པའི་ཐག་བཅད་ན་རྒྱུ་མཚན་གསལ་བཤད་བྱེད་དགོས།

ཞུ་སྦྱོར་བྱ་ཡུལ་གྱི་མིས་བསྐྱར་ཞུ་ཡི་གེའི་བུ་ཡིག་འབྱོར་བའི་ཉིན་ནས་བཟུང་བའི་ཉིན་བཅོ་ལྔའི་ནང་ཚུན་དུ་རྩོད་ལན་ཞུ་ཡིག་དང་འབྲེལ་ཡོད་བདེན་དཔང་སྤྲོད་དགོས། ཞུ་སྦྱོར་བྱ་ཡུལ་གྱིས་དུས་ལྟར་མ་སྤྲད་པའམ་ཡང་ན་རྩོད་ལན་ཞུ་ཡིག་མ་སྤྲད་ན། གྱོད་དོན་ཞིབ་གཅོད་བྱ་བར་ཤུགས་རྐྱེན་མི་ཐེབས།

འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་དོ་བདག་ལ་དཔང་རྟགས་འདོན་སྤྲོད་དང་ཁ་གསབ་བྱ་རྒྱུའི་བླང་བྱ་འདོན་དབང་ཡོད།

དོན་ཚན་ཉེར་དྲུག་པ། འདུམ་གཅོད་ཁང་གིས་ཁྲིམས་ས་མ་འཚོགས་གོང་གི་ཉིན་བཞིའི་སྔོན་ལ་ཁྲིམས་ས་འཚོགས་པའི་དུས་ཚོད་དང་ས་གནས་ཡིག་ཐོག་ནས་དོ་བདག་ལ་བརྡ་སྦྱོར་གཏོང་དགོས།དོ་བདག་ལ་ཡིག་ཐོག་གི་བརྡ་ཐོ་འབྱོར་ནས་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་ཁྲིམས་སར་མི་ཡོང་བའམ་ཡང་ན་འདུམ་གཅོད་ལྷན་ཚོགས་ཀྱི་མོས་མཐུན་མ་ཐོབ་པར་བར་མཚམས་སུ་ཁྲིམས་ས་ནས་ཕྱིར་འཐེན་པ་ཡིན་ན། གནས་ལུགས་ཡོང་རྐྱེན་ཞུ་མཁན་ལ་སློང་འབེབས་ཞུས་པ་ལྟར་ཐག་གཅོད་རྒྱུ་དང་། ཞུ་སྦྱོར་བྱ་ཡུལ་དོ་བདག་མ་ཞུགས་པའི་ཁྲུན་ཐག་བཅད་ཆོག

དོན་ཚན་ཉེར་བདུན་པ། འདུམ་གཅོད་ལྷན་ཚོགས་ཀྱིས་ངལ་རྩོལ་གྱི་རྩོད་གླེང་ཐག་གཅོད་བྱེད་དུས་སྔོན་ལ་འདུམ་འགྲིག་བྱ་དགོས་པ་དང་། དོན་དངོས་རྩད་གཅོད་བྱས་པའི་རྨང་གཞིའི་ཐོག་དོ་བདག་ཕྱོགས་གཉིས་རང་མོས་ཀྱིས་གྲོས་མཐུན་འཇོག་པར་སྐུལ་འདེད་གཏོང་དགོས། གྲོས་མཐུན་གྱི་ནང་དོན་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་མི་ཆོག

དོན་ཚན་ཉེར་བརྒྱད་པ། འདུམ་འགྲིག་བྱས་ནས་གྲོས་མཐུན་བྱུང་ན།འདུམ་གཅོད་ཁང་གིས་གྲོས་མཐུན་གྱི་ནང་དོན་ལྟར་འདུམ་འགྲིག་ཡི་གེ་བཟོ་དགོས་པ་དང་། འདུམ་འགྲིག་ཡི་གེ་དེ་སྐྱེལ་སྤྲོད་བྱས་ཉིན་ནས་བཟུང་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པ་ཡིན།

འདུམ་འགྲིག་བྱས་ཀྱང་གྲོས་མཐུན་མ་བྱུང་བའམ་ཡང་ན་འདུམ་འགྲིག་ཡི་གེ་སྐྱེལ་སྤྲོད་མ་བྱས་གོང་དོ་བདག་ལ་འགྱོད་པ་སྐྱེས་ན། འདུམ་གཅོད་ལྷན་ཚོགས་ཀྱིས་དུས་ཐོག་ཏུ་ཁྲུན་ཐག་གཅོད་དགོས།

དོན་ཚན་ཉེར་དགུ་པ། འདུམ་གཅོད་ལྷན་ཚོགས་ཀྱིས་ངལ་རྩོལ་རྩོད་གླེང་གི་གྱོད་དོན་ལ་ཁྲུན་ཐག་གཅོད་པར་མང་ཁ་ཉུང་ཉན་གྱི་རྩ་དོན་ལག་བསྟར་བྱ་དགོས།བསམ་འཆར་མི་འདྲ་བ་རྣམས་ངེས་པར་དུ་ཇི་མ་ཇི་བཞིན་འབྲི་དགོས།

འདུམ་གཅོད་ཁང་གིས་ཁྲུན་ཐག་བཅད་རྗེས་ཁྲུན་ཐག་བཅད་ཁྲ་བཟོས་ཏེ་དོ་བདག་ཕྱོགས་གཉིས་ལ་སྐྱེལ་སྤྲོད་བྱ་དགོས།

དོན་ཚན་སུམ་ཅུ་པ། འདུམ་གཅོད་ཁྲུན་ཐག་བཅད་དོན་དོ་བདག་གི་བློར་མ་བབས་ན། ཁྲུན་ཐག་བཅད་ཁྲ་ལག་འབྱོར་བྱུང་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཚུན་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག དུས་བཀག་ནང་ཚུན་ཞུ་སྦྱོར་མ་བྱས་ན་ཁྲུན་ཐག་བཅད་ཁྲ་འཕྲལ་མར་བཅའ་ཁྲིམས་ཀྱི་ནུས་པ་ཐོན་དགོས།

དོན་ཚན་སོ་གཅིག་པ། དོ་བདག་གིས་བཅའ་ཁྲིམས་ཀྱི་ནུས་པ་ཐོན་པའི་འདུམ་འགྲིག་ཡི་གེ་དང་ཁྲུན་ཐག་བཅད་ཁྲ་གཏན་འབེབས་བྱས་པའི་དུས་བཀག་ལྟར་ལག་བསྟར་བྱ་དགོས། དོ་བདག་ཕྱོགས་གཅིག་གིས་དུས་བཀག་ནང་ལག་བསྟར་མ་བྱས་ན། དོ་བདག་ཅིག་ཤོས་ཀྱིས་མི་དམངས་ཁྲིམས་ཁང་ལ་བཙན་ཐབས་ལག་བསྟར་བྱེད་དུ་འཇུག་རྒྱུའི་རེ་འདུན་ཞུས་ཆོག

དོན་ཚན་སོ་གཉིས་པ། འདུམ་གཅོད་ལྷན་ཚོགས་ཀྱིས་ངལ་རྩོལ་གྱི་རྩོད་གླེང་ཐག་གཅོད་བྱེད་ན། འདུམ་གཅོད་ལྷན་ཚོགས་གྲུབ་པའི་ཉིན་ནས་བརྩིས་པའི་ཉིན་དྲུག་ཅུའི་ནང་མཇུག་རྫོགས་དགོས།གྱོད་དོན་རྙོག་འཛིང་ཆེ་བས་དུས་འགྱངས་བྱ་དགོས་ན། འདུམ་གཅོད་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་དུས་འགྱངས་འོས་འཚམ་བྱས་ཆོགའོན་ཀྱང་དུས་འགྱངས་བྱས་པའི་དུས་ཡུན་ཉིན་སུམ་ཅུ་ལས་བརྒལ་མི་ཆོག

དོན་ཚན་སོ་གསུམ་པ། འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་ངལ་རྩོལ་ཐད་ཀྱི་རྩོད་གླེང་ཐག་གཅོད་བྱེད་སྐབས་འབྲེལ་ཡོད་སྡེ་ཚན་གྱི་ས་ནས་གྱོད་དོན་དང་འབྲེལ་བ་ཡོད་པའི་ཡིག་ཚགས་དང་དཔྱད་གཞིའི་ཡིག་རིགས།ར་སྤྲོད་ཡིག་རིགས་གཞན་དག་བཅས་ལ་ལྟ་ཞིབ་བྱེད་དབང་ཡོད་པ་མ་ཟད། གནས་ཚུལ་ཤེས་མཁན་ལ་བརྟག་དཔྱད་བྱེད་དབང་ཡང་ཡོད་པས་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་དང་ལེན་མི་བྱེད་པ་བྱས་མི་ཆོག

འདུམ་གཅོད་ཨུ་ཡོན་ལྷན་ཁང་བར་བརྟག་དཔྱད་མངགས་བཅོལ་བྱས་ཆོག

ངལ་རྩོལ་རྩོད་གླེང་གི་གྱོད་དོན་ལ་བརྟག་དཔྱད་བྱེད་པའི་ཁྲོད་ཀྱི་གསང་བ་དང་མི་སྒེར་གྱི་གསང་བ་དག་འདུམ་གཅོད་ཨུ་ཡོན་ལྷན་ཁང་དང་དེའི་ལས་བྱེད་མི་སྣས་ངེས་པར་དུ་སྦ་གསང་བྱ་དགོས།

དོན་ཚན་སོ་བཞི་པ། ངལ་རྩོལ་གྱི་རྩོད་གླེང་བྱེད་མཁན་དོ་བདག་གིས་འདུམ་གཅོད་བྱེད་རེ་ཞུ་བར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་འདུམ་གཅོད་བྱེད་དངུལ་སྤྲོད་དགོས།

འདུམ་གཅོད་གྲོན་དངུལ་ནང་གྱོད་དོན་བདག་སྤྲོད་གྲོན་དངུལ་དང་ཐག་གཅོད་གྲོན་དངུལ་ཚུད་ཡོད། གྲོན་དངུལ་བསྡུ་བའི་ཚད་གཞི་དང་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངལ་རྩོལ་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟོག་གོང་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་དགོས།

དོན་ཚན་སོ་ལྔ་པ། འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་ཁོངས་མིའམ་འདུམ་གཅོད་བྱེད་མཁན་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་ཟུར་གཡོལ་བྱ་དགོས་པ་དང་། དོ་བདག་ལ་ངག་ཐོག་གམ་ཡིག་ཐོག་ནས་དེ་ཉིད་ཟུར་གཡོལ་བྱ་རྒྱུའི་རེ་འདུན་ཞུས་ཆོག

(གཅིག)ངལ་རྩོལ་རྩོད་གླེང་གི་དོ་བདག་གམ་ཡང་ན་དོ་བདག་གི་གཉེན་ཉེ་ཡིན་པ་དང་།

(གཉིས)ངལ་རྩོལ་རྩོད་གླེང་དང་ཁེ་གྱོང་གི་འབྲེལ་བ་ཡོད་རིགས།

(གསུམ)ངལ་རྩོལ་རྩོད་གླེང་གི་དོ་བདག་དང་འབྲེལ་བ་གཞན་དག་ཡོད་པས་འདུམ་གཅོད་དྲང་གཞག་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་རིགས།

དོན་ཚན་སོ་དྲུག་པ། འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་གཟུར་གཡོལ་གྱི་རེ་འདུན་ཞུ་བར་དུས་ཐོག་ཏུ་ཆོད་དོན་འཇོག་དགོས་པ་མ་ཟད། ངག་ཐོག་གམ་ཡིག་ཐོག་ནས་དོ་བདག་ལ་བརྡ་ཐོ་གཏོང་དགོས།

ལེའུ་བཞི་པ། ཉེས་ཆད་གཅོད་ཕྱོགས་སྐོར།

དོན་ཚན་སོ་བདུན་པ། ངལ་རྩོལ་རྩོད་གླེང་ཐག་གཅོད་བྱེད་པའི་གོ་རིམ་ཁྲོད་དོ་བདག་དང་འབྲེལ་ཡོད་མི་སྣར་གཤམ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་སྐྱོན་བརྗོད་སློབ་གསོ་དང་ཡོ་བསྲང་བྱེད་དུ་འཇུག་དགོས། ཉེས་ཚབས་ཆེ་རིགས་ལ《བདེ་སྐྱོང་དོ་དམ་གྱི་ཉེས་ཆད་གཅོད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་ཡིག》ནང་འཁོད་འབྲེལ་ཡོད་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་སྟེ།

(གཅིག)འདུམ་འགྲིག་དང་འདུམ་གཅོད་ཀྱི་བྱེད་སྒོར་བར་ཆད་བཟོས་པ་དང་། འདུམ་གཅོད་ཀྱི་ལས་བྱེད་མི་སྣས་གཞུང་དོན་སྒྲུབ་པར་བཀག་འགོག་བྱས་རིགས་དང་།

(གཉིས)གནས་ཚུལ་རྫུན་མ་འདོན་སྤྲོད་བྱས་རིགས།

(གསུམ)འབྲེལ་ཡོད་ཡིག་ཆ་དང་། དཔྱད་གཞིའི་ཡིག་རིགས།ར་སྤྲོད་ཡིག་རིགས་གཞན་དག་བཅས་མཁོ་འདོན་མི་བྱེད་པའི་རིགས།

(བཞི)འདུམ་གཅོད་ལས་བྱེད་པ་དང་། འདུམ་གཅོད་དུ་ཞུགས་པ། དཔང་པོ། ལག་བསྟར་བྱེད་རོགས་བྱེད་མཁན་བཅས་ལ་རྡུང་རྡེག་འཁོན་སློག་བྱས་རིགས་བཅས་ཡིན།

དོན་ཚན་སོ་བརྒྱད་པ། ངལ་རྩོལ་གྱི་རྩོད་གླེང་ཐག་གཅོད་བྱེད་མཁན་འདུམ་གཅོད་བྱེད་མཁན་ལས་སྒྲུབ་མི་སྣས་འདུམ་གཅོད་བྱེད་སྒོ་སྤེལ་རིང་ཉེར་ཕྱོགས་གཡོ་ཟོལ་དང་། ལྐོག་རྔན་ལེན་པ། འགན་དབང་གང་བྱུང་དུ་སྤྱོད་པ། གསང་བ་དང་སྒེར་གྱི་གསང་དོན་ཕྱིར་བསྒྲགས་པ་བཅས་ལ་དེ་གནས་སའི་སྡེ་ཚན་ནམ་གོང་རིམ་ལས་ཁུངས་ཀྱིས་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། འདུམ་གཅོད་བྱེད་མཁན་ཡིན་ན་འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་གདན་ཞུ་མཚམས་འཇོག་བྱ་དགོས། 

ལེའུ་ལྔ་པ། ཞར་བྱུང་དོན་ཚན།

དོན་ཚན་སོ་དགུ་པ། རྒྱལ་ཁབ་ཀྱི་ལས་ཁུངས་དང་། བྱ་ལས་སྡེ་ཚན། སྤྱི་ཚོགས་ཀྱི་ཚོགས་པ་བཅས་དང་སྡེ་ཚན་དེ་གའི་བཟོ་པའི་བར་དང་། སྒེར་གཉེར་བཟོ་ཚོང་ཐེམ་དུད་དང་གླ་པ། དགེ་ཕྲུག་བཅས་ཀྱི་བར་ལ་ངལ་རྩོལ་ཐད་ཀྱི་རྩོད་གླེང་བྱུང་ན་སྲོལ་ཡིག་འདི་གཞིར་བཟུང་ནས་ལག་བསྟར་བྱ་དགོས།

དོན་ཚན་བཞི་བཅུ་པ། འདུམ་གཅོད་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་སྒྲིག་སྲོལ་དང་། གྱོད་དོན་སྒྲུབ་པའི་ལམ་སྲོལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངལ་རྩོལ་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་གཞན་དག་དང་མཉམ་དུ་གཏན་འབེབས་བྱ་དགོས།

དོན་ཚན་ཞེ་གཅིག་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདི་གཞིར་བཟུང་ནས་ལག་བསྟར་བྱེད་ཐབས་གཏན་འབེབས་བྱས་ཆོག

དོན་ཚན་ཞེ་གཉིས་པ། སྲོལ་ཡིག་འདིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངལ་རྩོལ་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་འགྲེལ་བཤད་རྒྱག་འགན་འཁུར་དགོས། 

དོན་ཚན་ཞེ་གསུམ་པ། སྲོལ་ཡིག་འདི་སྤྱི་ལོ1993ལོའི་ཟླ8པའི་ཚེས1ཉིན་ནས་ལག་ལེན་དུ་བསྟར་དགོས། སྤྱི་ལོ1987ལོའི་ཟླ7པའི་ཚེས31ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགྲེམས་བསྒྲགས་བྱས་པའི《རྒྱལ་གཉེར་ཁེ་ལས་ཀྱི་ངལ་རྩོལ་རྩོད་གཞི་ཐག་གཅོད་བྱེད་ཕྱོགས་སྐོར་གྱི་གནས་སྐབས་ལག་བསྟར་གཏན་འབེབས》དུས་མཚུངས་སུ་རྩིས་མེད་དུ་གཏོང་དགོས། 


དཔྱད་གཞིའི་ཡིག་ཆ།