འབྲུ་རིགས་བདེ་འཇགས།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2022-07-27 10:42ལ་འགྲུབ།

འབྲུ་རིགས་བདེ་འཇགས།

འབྲུ་རིགས་བདེ་འཇགས།
འབྲུ་རིགས་བདེ་འཇགས(ཡང་ན་ཟས་རིགས་བདེ་འཇགས)ནི་མི་སུ་ཞིག་གིས་དུས་ནམ་ཡིན་ཡང་ཉོ་ཐུབ་ལ་འཚོ་གནས་དང་བདེ་ཐང་ལ་ངེས་པར་མཁོ་བའི་ཟས་རིགས་འདང་ངེས་ཤིག་ཀྱང་ཉོ་ཐུབ་པར་ཁག་ཐེག་བྱེད་པ་ལ་ཟེར། ཐ་སྙད་དེ་གཙོ་བོ་འབྲུ་རིགས་མཁོ་སྤྲོད་འགན་སྲུང་གི་གནད་དོན་དང་འབྲེལ་བ་ཡོད་པ་དང་། དེས་དུས་ཡུན་ཅུང་རིང་བའི་འཕོ་འགྱུར་གྱི་བརྒྱུད་རིམ་ཞིག་བརྒྱུད་ཡོད། སྤྱི་ལོ1974ལོར་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་འབྲུ་རིགས་བདེ་འཇགས་ལ་མཚན་ཉིད་བཞག་པ་སྟེ། འབྲུ་རིགས་བདེ་འཇགས་དེ་རྩ་བའི་ཐོག་ནས་བཤད་ན་མིའི་རིགས་ཀྱི་གཞི་རྩའི་འཚོ་བའི་དབང་ཆ་ཞིག་ལ་ཟེར་བ་སྟེ།“ས་ཆ་གང་ཞིག་ཏུ་ཡིན་རུང་འབྱུང་འགྱུར་འཚོ་གནས་དང་བདེ་ཐང་ལ་མཁོ་བའི་བཟའ་བཅའ་འདང་ངེས་ཤིག་ཐོབ་རྒྱུའི་འགན་ལེན་བྱེད་དགོས”ཞེས་པ་དེ་ཡིན། སྤྱི་ལོ1983ལོར་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་མཚན་ཉིད་དེར་བཟོ་བཅོས་བརྒྱབ་ནས་འབྲུ་རིགས་བདེ་འཇགས་ཀྱི་དམིགས་ཚད་ནི“མི་ཚང་མས་དུས་གང་རུང་ཞིག་ཏུ་དགོས་མཁོ་ཡོད་པའི་གཞི་རྩའི་བཟའ་བཅའ་ཉོ་ཐུབ་པ་དང་ཉོ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བཏོན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
粮食安全
ཕྱི་ཡིག་གི་མིང་།
Food security
མིང་གཞན།
ཟས་རིགས་བདེ་འཇགས།
དོན་སྤྱི།
འབྲུ་རིགས་འདང་ངེས་ཐོན་སྐྱེད་བྱེད་པར་ཁག་ཐེག་བྱ་དགོས།
དོན་སྤྱི།
འབྲུ་རིགས་མཁོ་སྤྲོད་བརྟན་པོ་ཡོང་གང་ཐུབ་བྱེད་པ།
1 དོན་སྤྱིའི་ཞིབ་བརྗོད།

དོན་སྤྱི་འདིའི་ཁོངས་སུ་གཤམ་གསལ་དག་ཚུད་པ་སྟེ།

1.འབྲུ་རིགས་འདང་ངེས་ཐོན་སྐྱེད་བྱེད་པར་ཁག་ཐེག་བྱེད་དགོས།

2.འབྲུ་རིགས་མཁོ་སྤྲོད་བརྟན་པོ་ཡོང་གང་ཐུབ་བྱེད་པ།

3.འབྲུ་རིགས་མཁོ་བའི་མི་ཚང་མར་འབྲུ་རིགས་ཐོབ་པར་ཁག་ཐེག་བྱ་དགོས།

2 ཀྲུང་གོའི་གནས་ཚུལ།

འབྲུ་རིགས་ཐོན་སྐྱེད་ཀྱི་རྒྱལ་ཁབ་ཆེན་པོ་དང་མི་འབོར་མང་བའི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོའི་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་དེ་ཉམས་ཉེན་དེའི་འོག་ཏུ་གནས་ཡོད། འབྲེལ་ཡོད་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། དྲོད་ཚད་མཐོ་རུ་ཕྱིན་པ་དང་། ཞིང་ལས་ཀྱི་ཆུ་སྤྱོད་ཉུང་དུ་ཕྱིན་པ། རྨོ་ཞིང་གི་རྒྱ་ཁྱོན་ཆག་པ་བཅས་ཀྱིས་སྤྱི་ལོ2050ལོའི་ཀྲུང་གོའི་འབྲུ་རིགས་ཐོན་སྐྱེད་ཀྱི་སྤྱིའི་ཆུ་ཚད་དེ་སྤྱི་ལོ2005ལོ་ལས་14%-23%ཆག་རྒྱུ་རེད། ཞིབ་འཇུག་ལས་བསྟན་དོན། གལ་ཏེ་མཚན་མོའི་དྲོད་ཚད1℃མཐོ་རུ་ཕྱིན་ན། ཆུ་འབྲས་ཀྱི་ཐོན་ཚད10%ཆག་རྒྱུ་རེད། གཞན་ཡང་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་དྲོད་ཚད་མཐོ་རུ་ཕྱིན་ནས་ཀྲུང་གོའི་བྱང་ཕྱོགས་ས་ཁུལ་གྱི་ཆུའི་ཐོན་ཁུངས་དཀོན་པ་དང་ལྷག་པར་དུ་བྱང་ཕྱོགས་ཀྱི་ཐན་པ་དང་ཕྱེད་ཐན་ས་ཁུལ་གྱི་གནས་ཚུལ་དེ་བས་ཚབས་ཆེ་རུ་ཕྱིན་ནས་ཐན་པ་བསྟན་པས་ཞིང་ནང་སྐྱེ་དངོས་སྐྱེ་འཚར་འགོར་བ་དང་ཐ་ན་མཚམས་འཇོག་བྱས་ནས་བསྡུ་རྒྱུ་མེད་པའམ་ཡང་ན་གཏན་ནས་བསྡུ་རྒྱུ་མེད་པ་བཟོ་གི་ཡོད།

དྲོད་ཚད་ཇེ་མཐོར་འགྲོ་བ་དང་མཉམ་དུ་གནོད་འབུའི་སྐྱེ་འཕེལ་དང་དགུན་སྐྱེལ།གནས་སྤོ་སོགས་ཀྱི་གོམས་གཤིས་ལ་ཤུགས་རྐྱེན་མངོན་གསལ་ཐེབས་ཏེ། ནད་དང་འབུའི་གནོད་པ་ཁྱབ་པ་དང་རྩྭ་ལྡུམ་མཆེད་པར་ཤུགས་སྣོན་རྒྱག་དགོས།

3 ད་ལྟའི་གནས་ཚུལ།

གོ་ལ་ཧྲིལ་པོའི་རང་བཞིན་གྱི་བརྗོད་གཞི་ཞིག་ཡིན་པའི་ངོས་ནས་འབྲུ་རིགས་བདེ་འཇགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ངང་ཐོབ་ནས་ཡུན་རིང་སོང་ཡོད་ཅེས་བརྗོད་ཆོག   སྤྱི་ལོ1996ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགསFAOཀྱིས་འཛམ་གླིང་འབྲུ་རིགས་འགོ་གཙོའི་ཚོགས་འདུ་ཐེངས་དང་པོའི་ཐོག་འཛམ་གླིང་ཡོངས་ལ་ཉེན་བརྡ་བཏང་སྟེ།“ཟས་རིགས་བདེ་འཇགས”ཀྱི་གནད་དོན་ཐོག་མར་བཏོན་པ་རེད།  

སྤྱི་ལོ1983ལོའི་ཟླ4པར་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་འབྲུ་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས“འབྲུ་རིགས་བདེ་འཇགས”ཞེས་པའི་ཐ་སྙད་ལ་གྲོས་འཆམ་བྱས་པ་མ་ཟད། FAOདང་། འཛམ་གླིང་འབྲུ་རིགས་ལས་འཛིན་ལྷན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མོས་མཐུན་དང་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་ཡོད། འོན་ཀྱང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་རེ་སྒུག་བྱེད་པའི་དམིགས་ཚད་ལ་བརྟེན་ནས་ཉུང་འཕྲི་བྱེད་པའམ་ཡང་ན་ལག་ལེན་ལས་ཐོབ་པའི་ཕན་འབྲས་ལ་བལྟས་ནའང་འདྲ། གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ལ་སྔར་བཞིན་ཉམས་ཉེན་སེལ་མེད་པ་དང་ཐ་ན་དམིགས་ཚད་ཁ་ཤས་ད་དུང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།   

དང་པོ། འབྲུ་རིགས་མཁོ་སྤྲོད་དོ་སྙོམས་དམ་པོ་ཡོང་བའི་གནས་སུ་གྱར་ཡོད། FAOཡི་གྲངས་གཞི་ལས་མངོན་པར་གཞིགས་ན། གོ་ལ་ཧྲིལ་པོའི་འབྲུ་རིགས་གསོག་འཇོག་དེ་སྤྱི་ལོ2008ལོར་ཏུན་དུང་ཕྱུར4.05ལས་མེད་པ་དེ་སྤྱི་ལོ1980ལོ་ཚུན་གྱི་ཆུ་ཚད་དམའ་ཤོས་སུ་ཆག་ནས་གོ་ལ་ཧྲིལ་པོའི་མིས་གཟའ་འཁོར8ནས12བར་འདང་གི་མེད། སྤྱི་ལོ2009ལོའི་གནས་ཚུལ་ལ་དབྱེ་ཞིབ་བྱས་པར་གཞིགས་ན། ཨ་རིའི་ཞིང་ལས་པུའི་སྙན་ཞུའི་ནང་སྤྱི་ལོ2009ལོར་འཛམ་གླིང་གི་འབྲུ་རིགས་ཐོན་ཚད་ཏུན་དུང་ཕྱུར22.16ཟིན་པ་དང་། མཁོ་ཚད་ཏུན་དུང་ཕྱུར21.76ཟིན་སྲིད་པའི་གནས་ཚུལ་འོག་མཁོ་སྤྲོད་བྱེད་ཚད་ཏུན་ཁྲི4000ལས་མང་བ་ཡོད་པའི་ངོས་འཛིན་བྱས་ཡོད།   

གཉིས་པ། འབྲུ་རིགས་ཀྱི་རིན་གོང་མཐོ་སར་ལུས་པ། དགོས་མཁོ་ཆེ་རུ་འགྲོ་བ་དང་ཐོན་ཁུངས་ཆེ་རིགས་ཀྱི་རིན་གོང་འཕར་བའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་སྤྱིའི་ཁྲོམ་རའི་འབྲུ་རིགས་རིན་གོང་ཐད་ཀར་འཕར་བཞིན་ཡོད། དངུལ་རྩའི་ཉམས་ཉེན་ཐོན་པ་དེས་འབྲུ་རིགས་ཀྱི་རིན་གོང་སྔར་བཞིན་ཉམས་རྒུད་དུ་སོང་ཡོད་མོད། འོན་ཀྱང་སྔར་བཞིན་ལོ་རྒྱུས་ཀྱི་མཐོ་ཚད་དུ་གནས་ཡོད། OECDདངFAOམཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི《སྤྱི་ལོ2009ལོ་ནས་སྤྱི་ལོ2018ལོའི་བར་གྱི་ཞིང་ལས་ཀྱི་རྒྱང་ལྟ》སྙན་ཞུར་གཞིགས་ན། འབྲུ་རིགས་ཀྱི་སྤྱིའི་ཆུ་ཚད་དེ་ལོ་བཅུའི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་དང་། འབྲུ་རིགས་ཁག་གཅིག་གི་རིན་གོང་སྤྱི་ལོ1998ལོ་ནས་སྤྱི་ལོ2008ལོ་བར་གྱི་ཆུ་ཚད་ལས་ལྡབ་གཅིག་གིས་མཐོ་བ་ཡོད་པ་རེད།

གསུམ་པ། བཀྲེས་ལྟོགས་ཀྱིས་མནར་བའི་མི་འབོར་འཕར་སྣོན་བྱུང་བ་ལས་ཉུང་དུ་ཕྱིན་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། སྤྱི་ལོ2009ལོར་གོ་ལ་ཧྲིལ་པོར་ཉིན་ལྟར་བཀྲེས་ལྟོགས་མྱོང་བའི་མི་གྲངས་དུང་ཕྱུར10.2ཟིན་ནས་འདས་ཟིན་པའི་ལོ40ཡི་ནང་བཀྲེས་ལྟོགས་ཀྱིས་མནར་བའི་མི་འབོར་རྒྱུན་མཐུད་ངང་ཉུང་དུ་འགྲོ་བའི་རྣམ་པར་འགྱུར་ལྡོག་བཏང་བ་མ་ཟད། གྲངས་ཀ་དེ་མུ་མཐུད་མང་དུ་འགྲོ་རྒྱུ་རེད།

ཀྲུང་གོར་རྨོ་ཞིང་གིས་འཛམ་གླིང་གི10%ལས་ཟིན་མེད་ཀྱང་། མི་འབོར་གྱིས་འཛམ་གླིང་གི22%ཟིན་པས། མི་དུང་ཕྱུར་བཅུ་གྲངས་ཀྱི་འབྲུ་རིགས་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་དོན་ཆེན་ཨང་དང་པོ་རེད། སྤྱི་ལོ2001ལོར་སྤེལ་བའི《ཀྲུང་གོའི་འབྲུ་རིགས་གནད་དོན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་གོས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འབྲུ་རིགས་གཞི་རྩའི་ཆ་ནས་རང་ཁ་རང་གསོ་བྱེད་ཐུབ་པ་གསལ་པོར་བསྟན་ཡོད། འདི་ནི་སྲིད་གཞུང་གིས་འབྲུ་རིགས་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་བྱེད་ཕྱོགས་ཡིན། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྲུང་སྐྱོང་དང་ཆེ་རུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཚོང་འབྲུ་ཐོན་སྐྱེད་རྟེན་གཞི་བརྟན་པོ་འཛུགས་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་བླང་བྱ་དང་མཐུན་པའི་འབྲུ་རིགས་བདེ་འཇགས་མ་ལག་བཙུགས་ཏེ་འབྲུ་རིགས་མཁོ་སྤྲོད་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བའི་འགན་ལེན་བྱ་རྒྱུ་དེ་ནི་སྲིད་གཞུང་གིས་འབྲུ་རིགས་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་བྱེད་ཕྱོགས་ཤིག་ཡིན་ལ་འབྲུ་རིགས་བདེ་འཇགས་ཡོང་བའི་སྤྱིའི་དམིགས་ཚད་ཀྱང་ཡིན།  

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི《འབྲུ་རིགས་བདེ་འཇགས་ཧྲེང་ཀྲང་གི་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་བྱ་ཐབས》ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་མི་དམངས་སྲིད་གཞུང་གི་འབྲུ་རིགས་བདེ་འཇགས་ཧྲེང་ཀྲང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་དཔྱད་ཞིབ་བྱས་ནས་དཔྱད་ཞིབ་བྱེད་པའི་ནང་དོན་གཙོ་བོ་སྟེ། གཅིག་ནི་རྨོ་ཞིང་གི་རྒྱ་ཁྱོན་གཞི་རྩའི་ཆ་ནས་བརྟན་པོ་དང་། སྤུས་ཚད་དམའ་རུ་མི་འགྲོ་བ། འབྲུ་རིགས་ཐོན་སྐྱེད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ། འབྲུ་རིགས་རྒྱུན་མཐུད་ངང་ཐོན་སྐྱེད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་བཅས་བྱེད་དགོས་པའི་གཉིས་ནས་འབྲུ་རིགས་འདེབས་པའི་ཧུར་སེམས་སྲུང་སྐྱོང་བྱས་ཏེ་ནོར་སྲིད་ཀྱིས་འབྲུ་རིགས་ཐོན་སྐྱེད་དང་འཁོར་རྒྱུག་ལ་རོགས་སྐྱོར་བྱེད་པའི་མ་དངུལ་འཇོག་གྲངས་ལུགས་མཐུན་ངང་འཕར་བ་དང་། འབྲུ་རིགས་འདེབས་པའི་བསྡུར་གཞི་ཡོད་པའི་ཕན་འབྲས་ཆེ་རུ་གཏོང་བ།འབྲུ་རིགས་ཉོ་སྒྲུབ་ཀྱི་སྲིད་ཇུས་དོན་འཁྱོལ་བཅས་བྱས་ནས་འབྲུ་རིགས་འཚོང་དཀའ་བའི་གནད་དོན་མི་ཐོན་པ་བྱེད་དགོས། གསུམ་ནས་ས་གནས་ཀྱི་འབྲུ་རིགས་གསོག་འཇོག་དོན་འཁྱོལ་བྱས་ཏེ་འབྲུ་རིགས་མཛོད་ཉར་བྱེད་ནུས་ཆེ་རུ་གཏོང་བ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་གསོག་འཇོག་འབྲུ་རིགས་ཀྱི་གྲངས་འབོར་ངོ་མ་དང་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་དགོས། བཞི་ནས་འབྲུ་རིགས་སྙོམས་སྒྲིག་དང་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས་འབྲུ་རིགས་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བའི་འགན་ལེན་བྱས་ཏེ་ཕྱིར་འཚོང་དང་ཆད་པ་མི་ཐོན་པ་བྱས་ནས་འབྲུ་རིགས་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། འབྲུ་རིགས་འཕྲལ་བསྟུན་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གློ་བུར་དུ་བྱུང་བའི་དོན་རྐྱེན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། འབྲུ་རིགས་འཕྲལ་བསྟུན་མཁོ་སྤྲོད་འགན་ལེན་ཏན་ཏིག་བྱ་དགོས། ལྔ་ནི་རྨོ་ཞིང་གི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ནས་འབྲུ་རིགས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་བཤེར་དང་ལྟ་ཞིབ་ཚད་ལེན་གྱི་ནུས་པ་དང་ཚད་བརྒལ་གྱི་འབྲུ་རིགས་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་སྟེ་བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པའི་འབྲུ་རིགས་ཁྲོམ་རར་འདྲེན་རྒྱུ་གཏན་འགོག་བྱེད་དགོས་པ་བཅས་རེད། དྲུག་ནས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་བླང་བྱ་གཞིར་བཟུང་ཞིང་ལས་དང་འབྲུ་རིགས་སོགས་འབྲེལ་ཡོད་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱི་འགན་འཁྲི་དང་ལས་འགན་དོན་འཁྱོལ་བྱས་ཏེ་འགན་འཁྲི་དོན་འཁྱོལ་དང་མི་སྣ་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། 

《“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད》ནང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་དེ་བས་འགན་ལེན་ཡོད་པ་རེད།《འཆར་འགོད》ནང་སྤྱི་ལོ2020ལོར་སླེབས་སྐབས་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཏུན་དུང་ཕྱུར5.5འགན་ལེན་བྱ་རྒྱུ་དེ་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དུ་བརྩིས་ནས་གཙོ་བོ་བཟའ་འབྲུ་ཡིན་པའི་གྲོ་དང་འབྲས་ཀྱི་རང་ཁ་རང་གསོ་ཐུབ་ཚད100%ཟིན་རྒྱུ་དེ་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དུ་བརྩི་རྒྱུ་རེད། འདི་ལྟར་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་སྤྱོད་པའི་འབྲུ་རིགས་ཀྱི་དགོས་མཁོའི་ཚད་ལ་བལྟོས་བཅས་ཀྱི་བརྟན་པོའི་རང་བཞིན་ལྡན་ཡོད།《འཆར་འགོད》ནང་ད་དུང་རྨོ་ཞིང་གྲངས་འབོར་དང་། རྫས་ལུད་སྤྱོད་ཚད། ཞིང་སྨན་སྤྱོད་ཚད་དང་ཞིང་སྤྱོད་འགྱིག་ཤོག་སྤྱོད་ཚད་སོགས་འབྲུ་རིགས་ཐོན་སྐྱེད་དང་ཐད་ཀར་འབྲེལ་བ་ཡོད་པའི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་བཏོན་ཡོད།《འཆར་འགོད》ནང“ལོ་ལྔ་ཚན་བཅུ་གསུམ་པའི”ཞིང་ལས་དེང་རབས་ཅན་གྱི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད8བཏོན་པའི་ནང6ནི་འབྲུ་རིགས་ཐོན་སྐྱེད་ནུས་པ་དང་དེ་བཞིན་ཐོན་སྐྱེད་ཐོན་ཁུངས་སྲུང་སྐྱོང་དང་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་བྱེད་སྟངས་དང་ཐད་ཀར་འབྲེལ་བ་ཡོད། 《འཆར་འགོད》ལས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་སྔར་བས་ནུས་ལྡན་བྱུང་ཡོད།རྨོ་ཞིང་ཐོན་ཁུངས་ཀྱི་གྲངས་འབོར་དང་སྤུས་ཚད་གལ་ཆེ་མཉམ་དུ་བཟུང་ནས་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་རྩ་བ་ཡིན།《འཆར་འགོད》ནང་རྒྱལ་ཡོངས་སུ་གཏན་འཇགས་གཞི་རྩའི་ཞིང་ཁ་མུའུ་དུང་ཕྱུར15.46དབྱེ་འབྱེད་གཏན་འབེབས་བྱ་རྒྱུ་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་འབྲེལ་དེ་ཞིང་དུད་དང་ཞིང་ཁར་དོན་འཁྱོལ་བྱས་ཏེ་འགུལ་རྣམ་ལེགས་སྒྲིག་མི་བྱེད་པ་དེས་འབྲུ་རིགས་ཐོན་སྐྱེད་ནུས་པ་རྩ་བའི་ཆ་ནས་འགན་ལེན་ཐུབ་པ་མ་ཟད། ཞིང་ཁའི་གཞི་རྩའི་འཛུགས་སྐྲུན་ལ་མ་འཇོག་ཆུད་ཟོས་སུ་མི་གཏོང་བའི་འགན་ལེན་ཡང་བྱས་ཡོད།     

རང་རྒྱལ་ནི་མི་འབོར་དུང་ཕྱུར14ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། ཟ་མའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་དོན་ཆེན་ཨང་དང་པོ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། འབྲུ་རིགས་མཁོ་སྤྲོད་བསྡོམས་འབོར་འདང་ངེས་དང་མཛོད་ཉར་འདང་ངེས་ཡོད་པས་འཛམ་གླིང་གི་རྨོ་ཞིང་གི9%དང་ཚྭ་མེད་ཆུའི་ཐོན་ཁུངས་ཀྱི6%བཟུང་ནས་འཛམ་གླིང་གི་མི་འབོར་གྱི་ལྔ་ཆ་གཅིག་ཙམ་གསོས་ཡོད་ལ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་ཆེད་འཐབ་ཇུས་ཀྱི་རང་འགུལ་ཡང་ཐོབ་ཡོད། རྒྱལ་སྤྱིའི་འབྲུ་རིགས་ཀྱི་རིན་གོང་ཆེས་ཆེར་འཕར་བ་དང་རིམས་ནད་ཀྱི་གནོད་འཚེ་ཕོག་གྲངས་མང་དུ་འགྲོ་བའི་རྒྱབ་ལྗོངས་འོག་རང་རྒྱལ་གྱི་འབྲུ་རིགས་རིན་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་དང་ཁྲོམ་རའི་འཁོར་སྐྱོད་བརྟན་པོ་བྱུང་ཡོད། དེའི་ཐོག་ནས་རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་ཡོད་པ་དང་། ང་ཚོར་རང་ཉིད་ལ་བརྟེན་ནས་ང་ཚོའི་ལྟོ་ཕོར་བརྟན་པོར་འཛིན་པའི་ནུས་པ་དང་ཡིད་ཆེས་རྦད་དེ་ཡོད་པ་མཚོན་ཡོད། དུས་མཚུངས་སུ་མཐོང་དགོས་པ་ཞིག་ལ། ལྟོ་བ་རྒྱགས་པ་ནས་ཟ་བའི་བར་འཛད་སྤྱོད་ཀྱི་གྲུབ་ཚུལ་ད་དུང་རྒྱུན་ཆད་མེད་པར་རིམ་འཕར་འབྱུང་བཞིན་ཡོད་པ་དང་། འབྲུ་རིགས་ཀྱི་དགོས་མཁོ་སྔར་བཞིན་འགྱུར་མེད་འཕར་སྣོན་གྱི་རྣམ་པ་ཆགས་ཡོད་པས། དོ་མཉམ་དམ་པོ་ཡོང་བའི་རྣམ་པ་དེ་དུས་ཐུང་ནང་འགྱུར་ལྡོག་གཏོང་དཀའ་བ་རེད། 

ས་གནས་དེ་གའི་དུས་ཚོད་སྤྱི་ལོ2022ལོའི་ཟླ5པའི་ཚེས20ཉིན་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིང་གིས་འབྱུང་འགྱུར་ཟླ་བ་གསུམ་རིང་ཨ་ཧྥེ་རི་ཁའི་ས་ཧོ་ལེ་ས་ཁུལ་དུ་མི་ཁྲི1800ལྷག་ཙམ་ལ་འབྲུ་རིགས་བདེ་འཇགས་མེད་པའི་རྣམ་པ་ཚབས་ཆེན་འཕྲད་ནས་སྤྱི་ལོ2014ལོ་ཚུན་ཤུགས་རྐྱེན་ཕོག་མཁན་མང་ཤོས་ཀྱི་ཟིན་ཐོ་བཏོད་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས་པ་རེད། 

4 རྒྱུ་རྐྱེན།
4_1 མི་འབོར་གྱི་རྒྱུ་རྐྱེན།

སྤྱི་ལོ2007ལོར་ཀྲུང་གོའི་འབྲུ་རིགས་ཐོན་ཚད་སྤྱི་རྒྱ་དུང་ཕྱུར5016ཟིན།

འབྲུ་རིགས་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་སྣ་ཚོགས་ཁྲོད་མི་འབོར་གྱི་རྒྱུ་རྐྱེན་ནི་ཆེས་ཐད་ཀ་དང་ཆེས་གལ་ཆེ་བའི་རྒྱུ་རྐྱེན་ཞིག་ཡིན་དགོས། འོན་ཀྱང་ང་ཚོས་བསྟན་དགོས་པ་ཞིག་ནི། ཤུགས་རྐྱེན་དེ་རིགས་མི་འབོར་མང་དུ་སོང་བ་ལས་འབྲུ་རིགས་མཁོ་སྤྲོད་ལ་གནོན་ཤུགས་ཐེབས་པ་ཁོ་ན་མཚོན་པ་མིན་པར།ད་དུང་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་དང་གྲུབ་ཚུལ་འགྱུར་ལྡོག་སོགས་ཕྱོགས་མང་པོའི་ཐད་ནས་མཚོན་པ་སྟེ།  

དང་པོ། འབྲུ་རིགས་ཀྱི་དགོས་མཁོ་ཆེ་རུ་སོང་བ། མཉམ་འབྲེལ་རྒྱལ་ཚོགས་མི་འབོར་ཐེབས་རྩ་ལྷན་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ150ཡི་མི་འབོར་སྟོན་གྲངས་ལ་གཞིགས་ནས་སྔོན་དཔག་བྱས་པ་ལྟར་ན། སྤྱི་ལོ2025ལོར་སླེབས་སྐབས་དུང་ཕྱུར་91བར་འཕར་རྒྱུ་དང་འབྲུ་རིགས་ཀྱི་དགོས་མཁོ་དེ་དང་བསྟུན་ནས50%འཕར་བ་རེད། 

གཉིས་པ། ས་ཞིང་སོགས་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་ཇེ་སྡུག་ཏུ་སོང་བ།

གསུམ་པ། འབྲུ་རིགས་བགོ་བཤའ་དང་འཛད་སྤྱོད་གཉིས་དོ་སྙོམས་གཏན་ནས་བྱུང་མེད།

བཞི་པ། འཛད་སྤྱོད་གྲུབ་ཚུལ་རིམ་འཕར་བྱུང་བ་དེས་འབྲུ་རིགས་མཁོ་སྤྲོད་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་ཡོད།

4_2 གནམ་གཤིས་སྐྱེ་ཁམས།

འབྲུ་རིགས་ཐོན་སྐྱེད་དང་གནམ་གཤིས་སྐྱེ་ཁམས་ཀྱིས་ཚད་མཐོའི་རྒྱུ་འབྲས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་ལ་ཚད་ངེས་ཅན་གྱི་གནོད་འཚེ་ཕོག་པ་དང་། གནམ་གཤིས་ངན་པ་ཡང་ཡང་འབྱུང་བའི་ཆ་རྐྱེན་འོག་གནམ་གཤིས་འགྱུར་ལྡོག་བྱུང་བ་དེ་འབྲུ་རིགས་བདེ་འཇགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པའི་གནད་འགག་གི་རྒྱུ་རྐྱེན་དུ་གྱུར་ཡོད། དེའི་ཐད་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཞིབ་འཇུག་སྙན་ཞུའི་ནང་སླད་ཕྱིན་ལོ20ནས་50བར་གྱི་ཞིང་ལས་ཐོན་སྐྱེད་ལ་གནམ་གཤིས་འགྱུར་ལྡོག་གི་ཕོག་ཐུག་ཚབས་ཆེན་ཕོག་རྒྱུ་དང་འབྲེལ་གོ་ལ་ཧྲིལ་པོའི་དུས་ཡུན་རིང་པོའི་འབྲུ་རིགས་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུ་རེད་ཅེས་བསྟན་ཡོད།  

4_3 སྟེས་དབང་རང་བཞིན་གྱི་རྒྱུ་རྐྱེན།

མི་འབོར་དང་གནམ་གཤིས་སོགས་རྒྱུན་རྣམ་གྱི་རྒྱུ་རྐྱེན་གྱིས་འབྲུ་རིགས་ཐོན་སྐྱེད་ལ་ཐད་ཀར་ནུས་པ་ཐོན་པ་ཕུད།སྟེས་དབང་རང་བཞིན་གྱི་རྒྱུ་རྐྱེན་གྱིས་ཀྱང་འབྲུ་རིགས་བདེ་འཇགས་ལ་ཕོག་ཐུག་ཐེབས་སྲིད། ལྷག་པར་དུ་གོ་ལ་ཧྲིལ་པོའི་དངུལ་རྩའི་ཉམས་ཉེན་བྱུང་བ་དང་རྒྱ་ཡན་དུ་སོང་བ་དེས་འཛམ་གླིང་གི་འབྲུ་རིགས་ཐོན་སྐྱེད་ལ་མ་དངུལ་འཇོག་པ་དང་། ཚོང་རའི་ཉོ་ཚོང་། ཐ་ན་འབྱུང་འགྱུར་གྱི་འཕེལ་ཕྱོགས་བཅས་ཚང་མར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་ཡོད་པ་མ་ཟད། ཤུགས་རྐྱེན་དེ་རིགས་ལ་ཡུན་རིང་རང་བཞིན་དང་གཏིང་ཟབ་རང་བཞིན་ལྡན་སྲིད་པ་རེད། 

དང་པོ། འཁོར་རྒྱུག་རང་བཞིན་གྱིས་འབྲུ་རིགས་ཐོན་སྐྱེད་ཀྱི་མ་དངུལ་དགོས་མཁོ་ཚོད་འཛིན་བྱེད་དགོས།

གཉིས་པ། འབྲུ་རིགས་ཀྱི་རིན་གོང་རྒྱུན་མཐུད་ངང་ཆག་པ་དེས་ཐོན་སྐྱེད་བྱེད་མཁན་གྱི་ཧུར་སེམས་ལ་ཚོད་འཛིན་ཐེབས་པ་རེད།

གསུམ་པ། སྐབས་འཚོལ་མ་རྩས་འབྲུ་རིགས་ཚོང་རར་དཀྲུགས་སྲིད།

4_4 དངུལ་རྩའི་རྒྱུ་རྐྱེན།

ཞིང་ལས་ཀྱི་གནད་དོན་དང་ཞིང་ལས་མིན་པའི་གནད་དོན་ཐད་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོ་དང་ལྷག་པར་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་རང་ངོས་སྲུང་སྐྱོང་རིང་ལུགས་ཀྱི་ཕྱོགས་ལྷུང་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་མ་ཟད། སྲུང་སྐྱོང་དེ་རིགས་དངུལ་རྩའི་ཉམས་ཉེན་བྱུང་བ་དང་བསྟུན་ནས་འབྲུ་རིགས་ཀྱི་གནད་དོན་ཡང་ཁྱིམ་མཚེས་གཞན་འགེལ་དང“རྒྱལ་ཕམ་མེད་པའི”སྐྱེ་ཁམས་ཁྲོད་དུ་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། 

དང་པོ། ཞིང་ལས་ཀྱི་ཁ་གསབ་སྐོར།ཨ་རི་དང་ཡོ་རོབ་ཀྱིས་མཚོན་པའི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་རེར་རང་རྒྱལ་གྱི་ཞིང་པར་ཨ་སྒོར་དུང་ཕྱུར3000ཟིན་པའི་ཁ་གསབ་མཁོ་འདོན་བྱས་པས། ཞིང་ལས་ཐོན་རྫས་ཉོ་ཚོང་གི་ཆ་རྐྱེན་ལ་འགྱུར་ལྡོག་བཏང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་སྐྱེད་ལ་ཐད་ཀར་གནོད་འཚེ་བཏང་ཡོད། 

གཉིས་པ། ཉོ་ཚོང་གི་ཚོད་འཛིན། རང་རྒྱལ་ཁབ་ཀྱི་འབྲུ་རིགས་མཁོ་སྤྲོད་འགན་ལེན་བྱ་ཆེད། ཨ་ཀེན་ཐིན་དང་། ཡུག་རེན། རྒྱ་གར་སོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྔ་རྗེས་སུ་འབྲུ་རིགས་ཕྱིར་གཏོང་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་བཏོན་པ་རེད།

གསུམ་པ། སྐྱེ་དངོས་ལས་སྣོན། རྡོ་སྣུམ་སོགས་ནུས་ཁུངས་ཀྱི་རིན་གོང་འཕར་བ་དེས་རང་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་བཟོས་པའི་གནོན་ཤུགས་ཆུང་དུ་གཏོང་ཆེད། རྒྱལ་ཁབ་མི་ཉུང་བ་ཞིག་ཚབ་བྱེད་རང་བཞིན་གྱི་སྐྱེ་དངོས་དྭངས་གཙང་ནུས་ཁུངས་ཀྱི་ལམ་དུ་བསྐྱོད་ཡོད།

བཞི་པ། ཕྱི་རྒྱལ་གྱི་དམག་སྡོད་ཞིང་ཁ། ནང་འདྲེན་མ་གནས་མཐོ་པོ་དང་འབྲུ་རིགས་ཕྱིར་གཏོང་ཚོད་འཛིན་ལས་བྱུང་བའི་ཁྲོམ་རར་སེམས་ཁྲལ་བྱེད་ཆེད་འཇར་པན་དང་། ཧན་གོ རྒྱ་གར། དེ་བཞིན་འཛམ་གླིང་དབུས་ཤར་རྒྱལ་ཁབ་སོགས་ཀྱིས་ཉེ་བའི་ལོ་ཤས་རིང་ཕྱི་རྒྱལ་དུ་རྨོ་ཞིང་ཉོས་ནས་འབྲུ་རིགས་འདེབས་ཀྱིན་ཡོད།  

5 ཐག་གཅོད་ཇུས་གཞི། 

འཛམ་གླིང་རང་བཞིན་གྱི་ཇུས་གཞི།

འབྲུ་རིགས་བདེ་འཇགས་ལ་འཕྲད་པའི་འགྲན་སློང་ལ་རྒྱལ་ཁབ་མི་ཉུང་བ་ཞིག་གི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་དེ་རྒྱལ་ཁབ་གཅིག་གམ་ཡང་ན་ས་ཁུལ་རང་བཞིན་གྱི་རྩ་འཛུགས་གཅིག་གམ་འགའ་ཤས་ཀྱི་དམག་རྐྱང་དམག་འཐབ་ཀྱིས་ཐག་གཅོད་བྱེད་ཐུབ་པ་ཞིག་མིན་པས་འབྱུང་འགྱུར་གོ་ལ་ཧྲིལ་པོའི་ཁ་གཏད་འཇལ་བའི་ཇུས་གཞི་ཞིག་བཟོ་དགོས་ཀྱི་ཡོད།

འཛམ་གླིང་ཧྲིལ་པོའི་རང་བཞིན་ལྡན་པའི་རྨོ་ཞིང་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བ།

དང་པོ། གོ་ལ་ཧྲིལ་པོའི་རང་བཞིན་ལྡན་པའི་རྨོ་ཞིང་གི་མ་རྩ་གཏོང་ཚད་མཐོ་རུ་གཏོང་དགོས། དཔྱད་གཞི་ལས་མངོན་པར། འཛམ་གླིང་ཐོག་གི་འབྲུ་རིགས་ཐོན་སྐྱེད་རྒྱལ་ཁབ་གཙོ་བོ་ཁག་གཅིག་གི་ཐོན་ཚད་མཐོ་རུ་གཏོང་བར་སྔར་བཞིན་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་དཔེར་ན།“འབྲུ་མཛོད”ཅེས་འབོད་པའི་ཡུག་རེན་དུ་འབྲུ་རིགས་མུའུ་རེའི་ཐོན་ཚད་ཨ་རིའི་ཕྱེད་ཀ་ཡང་ཟིན་གྱི་མེད་པ་དང་། རྨོ་ཞིང་འབོར་ཆེན་ཡོད་པའི་ཨུ་རུ་སུའི་འབྲུ་རིགས་མུའུ་རེའི་ཐོན་ཚད་ཐ་ན་དེ་བས་དམའ་བ་ཡོད། འོན་ཀྱང་པར་ཙིར་དུ་ད་དུང་རྨོ་ཞིང་སྤྱི་ཆིང་དུང་ཕྱུར4ལྷག་ཙམ་གསར་སྤེལ་ཐུབ་མེད་པ་རེད།

དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཀྱི་ཉོ་ཚོང་སྒྲིག་ལམ་བསྐྲུན་པ།

གཉིས་པ། དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་སྒྲིག་ལམ་བསྐྲུན་དགོས། ཞིང་ལས་ཀྱི་གནད་དོན་ལ་དམིགས་ནས་སྤེལ་བའི“ཏོ་ཧའི་ཉོ་ཚོང”གྲོས་མོལ་དེ་ངེས་པར་དུ་མཇུག་འགྲིལ་རུང་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མས་ཕྱོགས་སོ་སོའི་ཁེ་ཕན་མཐུན་སྦྱོར་བྱེད་པའི་རྨང་གཞིའི་ཐོག་བལྟོས་བཅས་ཀྱི་བཟོད་སྒོམ་བྱེད་དགོས། གཙོ་བོ་ནི། ཨ་རིས་མཚོན་པའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་རྒྱལ་ཁབ་ཁའེ་ཨེན་སི་ཚོགས་པས་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཁ་གསབ་བྱེད་ཚད་ཆེས་ཆེར་ཉུང་དུ་གཏོང་དགོས་པ་དང་། ཡོ་རོབ་མནའ་འབྲེལ་དང་། འཇར་པན། ཧན་གོ་སོགས་ཀྱིས་མཚོན་པའི་ཞིང་ལས་ཐོན་རྫས་རང་མཁོ་རང་སྤྲོད་བྱེད་མཁན་རྒྱལ་ཁབ་ཚོགས་པས་ངེས་པར་དུ་སྒོ་ཁྲལ་དང་བགོ་བྱའི་བཅད་འབོར་གྱི་ཚོད་འཛིན་འབོར་ཆེན་གཅོག་དགོས་པ་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པས་ཀྱང་ཚོང་རར་ཞུགས་འཐུས་ཀྱི་ཚད་གཞི་དམའ་རུ་གཏོང་གང་ཐུབ་བྱ་དགོས།  

མཐུན་སྦྱོར་རང་བཞིན་དང་མཉམ་འགུལ་རང་བཞིན་གྱི་རྒྱལ་སྤྱིའི་ནང་རྐྱེན་འཛུགས་པ།

གསུམ་པ། མཐུན་སྦྱོར་རང་བཞིན་དང་མཉམ་འགུལ་རང་བཞིན་གྱི་རྒྱལ་སྤྱིའི་ལམ་སྲོལ་འཛུགས་དགོས།

(1)མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འབྲུ་མཛོད་ཅིག་བཙུགས་ནས་“འཛམ་གླིང་འབྲུ་རིགས་དངུལ་ཁང”གི་འགན་ནུས་ལག་བསྟར་བྱེད་པ་མ་ཟད། ད་དུང“འབྲུ་རིགས་དམིགས་བསལ་གྱི་གཡར་དབང”གཏན་འབེབས་བྱས་ཏེ་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ལ་འབྲུ་རིགས་ཉམས་ཉེན་ལ་ཁ་གཏད་གཅོག་རོགས་བྱེད་པ་དང་ཆབས་ཅིག“འཛམ་གླིང་འབྲུ་རིགས་དངུལ་ཁང”གིས་གཟིགས་སྐྱོང་གི་ཆ་རྐྱེན་ལ་བརྟེན་ནས་དུས་ཐུང་འབྲུ་རིགས་དཀོན་པའི་རྒྱལ་ཁབ་ལ་འབྲུ་རིགས་གཡར་ཆོག 

(2)འཛམ་གླིང་ཚོང་དོན་ཚོགས་པར་འབྲེལ་ཡོད་རྒྱལ་ཁབ་ཀྱི་འབྲུ་རིགས་ཉོ་ཚོང་ཚོད་འཛིན་རང་བཞིན་གྱི་གཏན་འབེབས་མེད་པ་བཟོ་རྒྱུའི་འགན་དབང་ཐོབ་ཆོག་པ་དང་། རྒྱལ་ཁབ་ཁ་ཤས་ཀྱིས་ཚོད་འཛིན་གཏན་འབེབས་གསར་པ་འཛུགས་དགོས་ཀྱང་ངེས་པར་དུ་འཛམ་གླིང་ཚོང་དོན་ཚོགས་པར་སྔོན་ཚུད་ནས་བརྡ་ཁྱབ་བཏང་ནས་གྲོས་མོལ་བྱེད་དགོས།  

(3)དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་རང་བཞིན་ལྡན་པའི་སྐྱེ་དངོས་འབར་རྫས་ཀྱི་ཕྱོགས་སྟོན་དང་འགན་སྲུང་བྱེད་ཐབས་གཏན་འཁེལ་བྱེད་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱིས་སྐྱེ་དངོས་ནུས་རྒྱུ་འཕེལ་རྒྱས་གཏོང་བའི་ཡུན་རིང་ཤུགས་རྐྱེན་ལ་ཞིབ་བཤེར་དང་དཔྱད་དཔོག་བྱེད་པ་མ་ཟད། དེ་མཚུངས་ཀྱི་སྲིད་ཇུས་དམིགས་འཛུགས་བྱས་ནས་དེར་མཛུབ་ཁྲིད་བྱེད་དགོས། 

(4)རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་གིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཉམས་ཉེན་ལ་ཁ་གཏད་འཇལ་བའི་ནོར་སྲིད་སྲིད་ཇུས་ལ་དཔྱད་དཔོག་བྱེད་འགན་འཁུར་བ་དང་། རྒྱལ་སྤྱིའི་ཚོང་རའི་འབྲུ་རིགས་ཐོན་རྫས་དང་དུས་བཅད་ཚོང་ཟོག་ལ་དབྱེ་ཞིབ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། འབྲུ་རིགས་སྐབས་འཚོལ་བྱ་སྤྱོད་ལ་ཡོ་བསྲང་བྱེད་པའི་ལམ་སྲོལ་དང་ཆད་པ་ནན་པོ་གཅོད་པའི་སྒྲིག་སྲོལ་འཛུགས་དགོས། 

6 དཔེ་རྣམ།
6_1 ཉོ་ཚོང་རང་དབང་ཅན།

WTOནང་ཞུགས་རྗེས་ང་ཚོས་སྒོ་ཁྲལ་མིན་པའི་བཀག་རྒྱ་དོར་ནས་སྒོ་ཁྲལ་དང་རྒྱལ་ནང་གི་ཞིང་ལས་རྒྱབ་སྐྱོར་ཆུ་ཚད་རིམ་བཞིན་དམའ་རུ་བཏང་བས།རྒྱལ་ནང་གི་ཞིང་ལས་ཐོན་རྫས་ཚོང་ར་མཐར་རེ་རེ་བཞིན་སྒོ་འབྱེད་དགོས་བྱུང་བ་རེད། ཀྲུང་གོ་ནི་ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། ལྷག་པར་དུ་འབྲུ་རིགས་ཐོན་སྐྱེད་དང་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས་ཉོ་ཚོང་རང་མོས་ཅན་གྱི་སྲིད་ཇུས་ཀྱི་ཤུགས་རྐྱེན་ཐེབས་ངེས་རེད།   

ཕྱོགས་གཅིག་ནསWTOཞུགས་ན་ཀྲུང་གོའི་འབྲུ་རིགས་ཐོན་སྐྱེད་དང་འབྲུ་རིགས་ཁྲོམ་རར་ཕོག་ཐུག་ཚབས་ཆེན་ཐེབས་སྲིད། འཛམ་གླིང་གི་འབྲུ་རིགས་ཕྱིར་གཏོང་རྒྱལ་ཁབ་གཙོ་བོ་ཨ་རི་དང་། ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ་སོགས་ལ་མི་ཉུང་ཞིང་ས་རྒྱ་ཆེ་བ་དང་། འདེབས་འཛུགས་གཞི་ཁྱོན་ཆེ་བ། ཚན་རྩལ་འདུས་ཚད་མཐོ་བ་བཅས་ཀྱི་དབང་གིས་སྤུས་ཚད་དང་རིན་གོང་རང་རྒྱལ་དང་བསྡུར་ན་ལེགས་ཆ་མངོན་གསལ་དོད་པོ་ལྡན་ཡོད། འོན་ཀྱང་རང་རྒྱལ་གྱི་གྲོང་གསེབ་ལ་ཞིང་ལས་མི་འབོར་འབོར་ཆེན་གྱི་ཚོད་འཛིན་ཕོག་ནས་འབྲུ་རིགས་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱེད་ཚད་དམའ་བའི་ཁར་ལག་རྩལ་ཆ་རྐྱེན་གྱི་ཚོད་འཛིན་ཐེབས་པས་དུས་ཐུང་ནང་མི་རེའི་ཆ་སྙོམས་འབྲུ་རིགས་འདེབས་རྒྱདེར་བརྟེན་རྒྱལ་ནང་གི་འབྲུ་རིགས་རིན་གོང་ཆག་པའི་བར་སྟོང་ཧ་ཅང་ཆུང་། དེ་ལྟར་བྱས་ན་འབྲུ་རིགས་ནང་འདྲེན་བྱེད་ཚད་ལོ་རེ་བཞིན་མང་དུ་འགྲོ་བའི་གནས་ཚུལ་འོག་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་དང་འབྲུ་རིགས་ཁྲོམ་རར་ཕོག་ཐུག་དང་འགྲན་སློང་ཚབས་ཆེན་འཕྲད་པ་རེད།

ཕྱོགས་གཞན་ཞིག་ནསWTOཞུགས་ན་ཀྲུང་གོའི་འབྲུ་རིགས་བདེ་འཇགས་ལ་འཇིགས་སྐུལ་ངེས་ཅན་ཞིག་བཟོ་སྲིད། ཕྱི་རྒྱལ་གྱི་སྤུས་ལེགས་རིན་གོང་དམའ་བའི་འབྲུ་རིགས་ནང་འདྲེན་བྱས་པ་དེས་ཀྲུང་གོའི་འབྲུ་རིགས་ཐོན་སྐྱེད་དང་མཁོ་སྤྲོད་ནུས་པར་ཕོག་ཐུག་ཆེན་པོ་ཐེབས་ཡོད། རྒྱལ་ནང་གི་འབྲུ་རིགས་ཐོན་སྐྱེད་མ་གནས་མཐོ་བའི་རྐྱེན་གྱིས་འགྲན་རྩོད་ནུས་པ་ཞན་པས་ཞིང་པའི་འབྲུ་རིགས་འདེབས་པའི་ཡོང་འབབ་ཆག་རྒྱུ་རེད། ཁེ་ཕན་གྱི་སྐུལ་འདེད་འོག་ཞིང་པས་འབྲུ་རིགས་འདེབས་ཁྱོན་སྔར་བས་ཉུང་དུ་བཏང་ནས་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ནུས་པ་ཆུང་དུ་འགྲོ་རྒྱུ་ཡིན་པས་མཇུག་འབྲས་དེས་རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་རེད།

6_2 རང་མཁོ་རང་འདོན།

WTOསྒྲོམ་གཞིའི་འོག་གི་ཀྲུང་གོའི་འབྲུ་རིགས་བདེ་འཇགས་ཀྱི་རྣམ་པ་གདམ་ག་བྱས་པ་སྟེ།“རང་མཁོ་རང་སྒྲུབ”དང“ཚོང་དོན་རང་མོས་ཅན”ནང་འདྲེན་ཟུང་འབྲེལ་བྱེད་དགོས། 

འབྲུ་རིགས་བདེ་འཇགས་ཀྱི“རང་མཁོ་རང་སྤྲོད”ཀྱི་བྱེད་སྟངས་ནི་རྒྱལ་ཁབ་གཅིག་གི་འབྲུ་རིགས་ཀྱི་དགོས་མཁོ་རྦད་དེ་རྒྱལ་ནང་གི་འབྲུ་རིགས་ཐོན་སྐྱེད་ལ་བརྟེན་ནས་སྐོང་ཐུབ་པ་བྱེད་པ་སྟེ། འབྲུ་རིགས་རང་ཁ་རང་གསོ་ཐུབ་ཚད་དེ100%ཟིན་ཡོད། འབྲུ་རིགས་བདེ་འཇགས་ཀྱི“ཉོ་ཚོང་རང་མོས་ཅན”གྱི་དཔེ་དབྱིབས་ནི་རྒྱལ་ཁབ་གཅིག་གིས་ཁེ་ཕན་ཅུང་ཆེ་བའི་རྩ་དོན་ལ་རྦད་དེ་གཞིགས་ནས་ནང་འདྲེན་ནམ་ཡང་ན་རྒྱལ་ནང་གི་ཐོན་སྐྱེད་འབྲུ་རིགས་བདམས་ནས་རྒྱལ་ནང་གི་དགོས་མཁོ་སྐོང་བར་ཟེར། དེ་ཡང་རྒྱལ་སྤྱིའི་འབྲུ་རིགས་ཚོང་རའི་རིན་གོང་དང་རྒྱལ་ནང་གི་རང་ཐོན་རིན་གོང་གི་མཐོ་དམན་ལ་གཞིགས་ནས་འབྲུ་རིགས་རང་མཁོ་རང་སྤྲོད་བྱེད་ཚད་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས། སྔ་མ་དེ་ཕྱི་མ་ལས་དམའ་བ་ཡིན་ན། ཕྱི་ཕྱོགས་ཉོ་ཚོང་ལ་བརྟེན་ནས་རྒྱལ་ནང་གི་འབྲུ་རིགས་དགོས་མཁོ་སྐོང་ཐུབ། འབྲུ་རིགས་རང་ཁ་རང་གསོ་བྱེད་ཚད་དེ་རིན་གོང་གི་རྒྱུ་རྐྱེན་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་དུས་དང་རྣམ་པ་ཀུན་ཏུ་འགྱུར་ལྡོག་འབྱུང་བཞིན་ཡོད།   

“རང་མཁོ་རང་འདང”བྱེད་སྟངས་ཀྱིས་བདེ་འཇགས་དམིགས་འབེན་གྱི་གལ་ཆེའི་རང་བཞིན་ནན་བཤད་ཐལ་དྲགས་པ་དང་། རྒྱལ་ཁབ་ཅིག་གི་ཐོན་ཁུངས་ཀྱི་ཆ་རྐྱེན་ལ་དཔལ་འབྱོར་ཕན་ནུས་ཆེ་བའི་སྒོ་ནས་འབྲུ་རིགས་རང་མཁོ་རང་སྤྲོད་བྱེད་ཐུབ་མིན་ལ་སྣང་ཆུང་བྱས་པས། རྒྱལ་ཁབ་དེའི་ཞིང་ལས་སྤྱི་ཡོངས་ཀྱི་ལས་ཆོད་ལ་གྱོང་གུན་བཟོ་སྲིད་པ་རེད། དེས་མི་ཚད་འབྲུ་རིགས་རང་མཁོ་རང་སྤྲོད་བྱེད་ཚད་མཐོན་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་ནང་གི་འབྲུ་རིགས་ཐོན་སྐྱེད་ལ་ཚད་མཐོའི་སྲུང་སྐྱོང་དང་བཙན་ཤེད་བྱེད་དགོས་པ་དེ་དག་ཚང་མWTOསྒྲིག་སྲོལ་དང་མི་འཚམ་པ་དང་དེའི་བྱེད་མི་ཆོག་པ་ཞིག་རེད།“ཉོ་ཚོང་རང་མོས་ཅན”གྱི་བྱེད་སྟངས་ཀྱང་སྤྱོད་མི་རུང་བ་འདྲ།   

གང་ལགས་ཤེ་ན། དེས་ཚོང་ར་དང་ཉོ་ཚོང་གི་ནུས་པ་ནན་བཤད་བྱས་དྲགས་པ་ལས་བསྡུར་གཞི་ཡོད་པའི་བཟང་ཆ་ཁོ་ནའི་རྩ་དོན་ལྟར་འབྲུ་རིགས་ཐོན་སྐྱེད་དང་ཉོ་ཚོང་བཀོད་སྒྲིག་བྱས་ན་རྒྱལ་ཁབ་ཅིག་གི་འབྲུ་རིགས་བདེ་འཇགས་ལ་མི་མངོན་པའི་འཇིགས་སྐུལ་བཟོ་སྲིད་པ་སྣང་མེད་དུ་བཞག་པ་རེད། དོན་དངོས་ཁྲོད་རྦད་དེ་བལྟོས་མེད་ཀྱི“རང་མཁོ་རང་སྒྲུབ”སམ་“ཉོ་ཚོང་རང་མོས་ཅན་”གྱི་དཔེ་དབྱིབས་དོན་དངོས་ཐོག་མེད། རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ཀྱི་དཔེ་དབྱིབས་ནི་དེ་གཉིས་དབར་གྱི་དོ་མཉམ་དཔེ་དབྱིབས་ཤིག་ཡིན་དགོས་པ་སྟེ།“རང་མཁོ་རང་སྒྲུབ་”དང“ཉོ་ཚོང་རང་མོས་ཅན་”ཟུང་འབྲེལ་བྱེད་དགོས། 

7 བདེ་འཇགས་ཐབས་ཇུས།

1. བསྡུར་གཞི་ཡོད་པའི་དགེ་མཚན་གྱི་རྩ་དོན་ལྟར་འབྲུ་རིགས་ཐོན་སྐྱེད་ཀྱི་བཀོད་པ་ལེགས་སྒྲིག་བྱ་དགོས།

2. ཞིང་ལས་ཚན་རིག་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་ལ་བརྟེན་ནས་འབྲུ་རིགས་དར་རྒྱས་གཏོང་བའི་གོམ་སྟབས་མགྱོགས་སུ་གཏོང་དགོས།

3. ཞིང་ལས་ཐོན་ཁུངས་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་རྒྱུན་མཐུད་རང་བཞིན་འགན་ལེན་ཏན་ཏིག་བྱ་དགོས། 

4. ཞིང་ལས་སྲུང་སྐྱོང་སྲིད་ཇུས་ལེགས་སྒྲིག་བྱས་ནས་ཞིང་ལས་ལ་རྒྱལ་སྤྱིའི་ཕྱོགས་མང་གྲོས་མཐུན་དང་མཐུན་པའི་སྲུང་སྐྱོང་ནུས་ལྡན་བྱ་དགོས།

5. འབྲུ་རིགས་བདེ་འཇགས་ཀྱི་ཉེན་ཟོན་སྔོན་བརྡའི་མ་ལག་བཙུགས་ཏེ་རྒྱལ་སྤྱིའི་འབྲུ་རིགས་ཁྲོམ་རའི་གནས་ཚུལ་དང་རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་དགོས།

ས་ཆ་བེད་སྤྱོད་དང་གྲོན་ཆུང་བྱས་ནས་བཟོ་ལས་གཉེར་བའི་ཐད་ཁོང་ཚོས་ཀོང་ཀྲོའུ་གསར་སྤེལ་ཁུལ་གྱིས་མིག་དཔེ་ཞིག་བཏོད་དེ“རྒྱ་ཆེར་འབྱེད་སྟངས”ཞེས་བརྗོད་ནས་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་སུ“རྒྱ་ཆེར་འབྱེད་སྟངས”ཁྱབ་གདལ་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད། ཁོ་ཚོས་ད་དུང་ཀོང་ཏུང་གི་མཚོ་རྒྱུད་ས་ཁུལ་གྱིས་མཚོ་མཐའ་བསྐོར་ནས་ཞིང་ཁ་བཟོ་བའི་འཆར་གཞི་ལག་བསྟར་བྱས་ཏེ་རྒྱ་མཚོའི་ཐོག་ནས་ས་ཞིང་ལེན་དགོས་པའི་ངོས་འཛིན་བྱས། 

8 དུས་རིམ་གསུམ།
8_1 ནང་དོན།

ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་བྱེད་པ་དང་འབྲེལ་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་དུས་སྐབས་མི་འདྲ་བའི་ནང་འབྲུ་རིགས་བདེ་འཇགས་ཐད་བཞག་པའི་མཚན་ཉིད་མི་འདྲ་བར་གཞིགས་ནས་ཀྲུང་གོའི་འབྲུ་རིགས་བདེ་འཇགས་དེ་དུས་མཚམས་གསུམ་གྱི་སྒྲོམ་གཞི་བཟོ་ཆོག་པ་དང་འབྲེལ་སྒྲོམ་གཞིའི་ནང་དུས་མཚམས་གསུམ་གྱི་ཚད་འཇལ་ཚད་གཞི་བཏོན་ནས་དུས་མཚམས་གསུམ་གྱི་འབྲུ་རིགས་བདེ་འཇགས་གནད་དོན་གྱི་གཙོ་གནད་དུ་འཛིན་པ། 

དུས་རིམ་འདི་གསུམ་པོའི་རང་བྱུང་ཚད་གཞི་གཉིས་ཡོད་པ་སྟེ། གཅིག་ནི་འབྲུ་རིགས་ཚོང་ཟོག་གི་གྲངས་འབོར་གྱི་བསྡུར་ཚད་ཡིན་པ་དང་། གཞན་ཞིག་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་དང་གྲོང་གསེབ་ཀྱི་མི་འབོར་གྱི་བསྡུར་ཚད་དེ་རེད།

8_2 དུས་རིམ་དང་པོ།

རྒྱལ་དམངས་དཔལ་འབྱོར་གོང་དུ་འཕེལ་བའི་ཆུ་ཚད་ཅུང་དམའ་བའི་དུས་སྐབས་ཤིག་ཡིན་པ་དང་། བསྒྱུར་བཅོས་སྒོ་འབྱེད་མ་བྱས་གོང་ནི་ཅུང་དཔེ་མཚོན་གྱི་དུས་སྐབས་ཤིག་ཡིན། དུས་སྐབས་དེའི་ཁྱད་ཆོས་ནི་འབྲུ་རིགས་ཀྱིས་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་མེད་པས་སྤྱི་ཚོགས་ཧྲིལ་པོས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་སྐྱེད་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་ཀྱི་ཡོད། སྤྱིར་བཏང་དུས་སྐབས་འདིའི་ནང་འབྲུ་རིགས་ཚོང་ཟོག་གི་གྲངས་འབོར་གྱིས་ཐོན་འབོར་གྱི་བསྡུར་ཚད་ནི30%ཡས་མས་ཟིན་པ་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་གྱི་བསྡུར་ཚད་དེ་མི་འབོར་བསྡོམས་འབོར་གྱི50%ཟིན་མེད། དུས་རིམ་འདིའི་འབྲུ་རིགས་བདེ་འཇགས་ཀྱི་ཞིབ་ཕྲའི་ཞིབ་གླེང་ནི་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ལ་གཞི་རྩའི་བཟའ་བཅའ་འདང་ངེས་མཁོ་འདོན་བྱེད་ཀྱི་ཡོད་པ་སྟེ། མདོར་བསྡུས་ནས་བཤད་ན། མི་ཚང་མར་ལྟོ་ཆས་ཡོད་པ་དང་། སྤྱི་ཚོགས་ཧྲིལ་པོ་ལྟོ་གོས་གཉིས་འཛོམས་ཀྱི་དུས་སྐབས་སུ་སླེབས་མ་ཐག་པ་ཙམ་རེད། དུས་རིམ་འདིའི་འབྲུ་རིགས་བདེ་འཇགས་ཀྱི་གཙོ་གནད་ནི་སྤྱི་འབོར་འགན་སྲུང་ཡིན།

8_3 དུས་རིམ་གཉིས་པ།

རྒྱལ་དམངས་དཔལ་འབྱོར་ཆུ་ཚད་འབྲིང་རིམ་དུ་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཤིག་ཡིན། དུས་སྐབས་དེའི་གཞི་རྩའི་ཁྱད་ཆོས་ནི་འབྲུ་རིགས་ཐོན་སྐྱེད་ཀྱིས་སྤྱི་འབོར་ཐོག་ནས་དགོས་མཁོ་སྐོང་ཐུབ་པ་དང་།སྤྱི་ཚོགས་ཀྱིས་འབྲུ་རིགས་དཀོན་པའི་དཀའ་ངལ་ལས་ཐར་ཐུབ་པ། ཟས་རིགས་གཞན་དག་དཔེར་ན་ཤིང་ཏོག་དང་། སྔོ་ཚལ། ཤ་བྱ། སྒོ་ང་ཉ་སོགས་ཕུན་སུམ་ཚོགས་སུ་ཕྱིན་པ། མི་རྣམས་ཀྱི་གདམ་གའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།འབྱོར་འབྲིང་སྤྱི་ཚོགས་ཀྱི་ཁྱད་ཆོས་སྣ་ཚོགས་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

དུས་སྐབས་དེའི་ནང་འབྲུ་རིགས་ཚོང་ཟོག་གི་གྲངས་འབོར་གྱིས་ཐོན་འབོར་གྱི་བསྡུར་ཚད་དེ50%ཡན་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་གྱི་བསྡུར་ཚད་དེ་མི་འབོར་བསྡོམས་འབོར་གྱི50%ལས་མཐོ་བ་ཡོད། འབྲུ་རིགས་བདེ་འཇགས་སྐོར་གྱི་ཞིབ་ཕྲའི་ཞིབ་གླེང་ནི། མི་ཚང་མས་དུས་ནམ་ཡིན་ཡང་འབྲུ་རིགས་ཉོ་ཐུབ་པ་མ་ཟད་ཉོ་ཐུབ་པ་དང་། སྤྱི་ཚོགས་ཧྲིལ་པོ་འབྱོར་འབྲིང་དུ་སླེབས་ཡོད། དུས་སྐབས་འདིའི་འབྲུ་རིགས་བདེ་འཇགས་ཀྱི་གཙོ་གནད་དེ་འཁོར་རྒྱུག་འགན་ལེན་དུ་བསྒྱུར།

8_4 དུས་རིམ་གསུམ་པ།

རྒྱལ་དམངས་དཔལ་འབྱོར་བཟོ་ལས་ཅན་དུ་འཕེལ་རྒྱས་འགྲོ་བའི་ཆུ་ཚད་དུ་སླེབས་པའི་དུས་སྐབས་ཡིན། རྒྱུ་གཉིས་དཔལ་འབྱོར་གྲུབ་ཚུལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ནས་འབྲུ་རིགས་ཐོན་སྐྱེད་གཞི་རྩའི་ཆ་ནས་འཕྲུལ་ཆས་ཅན་དང་། གློག་ཤུགས་ཅན། གཞི་ཁྱོན་ཅན་བཅས་མངོན་འགྱུར་བྱུང་ཡོད།དུས་སྐབས་དེའི་ཁྱད་ཆོས་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་དང་། མི་འབོར་བསྡོམས་འབོར་བརྟན་པོའམ་ཡང་ན་ཆག་ཡོད་པས་འབྲུ་རིགས་འཛད་སྤྱོད་བྱེད་ཚད་ཀྱང་བརྟན་པོའི་ངང་འཕར་ཡོད། འབྲུ་རིགས་འཛད་སྤྱོད་ཁྲོད་མི་རྣམས་ཀྱིས་དོ་ཁུར་དེ་བས་མང་བ་བྱེད་པ་ནི་སྤྱི་འབོར་དང་སྣ་ཁའི་གནད་དོན་མིན།  

དུས་སྐབས་དེའི་ནང་འབྲུ་རིགས་ཚོང་ཟོག་གི་གྲངས་འབོར་གྱིས་ཐོན་འབོར་གྱི་བསྡུར་ཚད་ཀྱི80%ཡན་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་བསྡུར་ཚད་དེ་མི་འབོར་བསྡོམས་འབོར་གྱི80%མཐོ་བ། འབྲུ་རིགས་བདེ་འཇགས་བཅས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ལས་མི་ཚང་མས་དུས་ནམ་ཡིན་ཡང་དངོས་པོ་དང་དཔལ་འབྱོར་ཐོག་འདང་ངེས་དང་། བདེ་འཇགས་ཡིན་པ། འཚོ་བཅུད་ལྡན་པ་བཅས་ཀྱི་ཟས་རིགས་ཐོབ་ནས་དེའི་ཧུར་བརྩོན་དང་བདེ་ཐང་གི་འཚོ་བའི་བཟའ་བཏུང་གི་དགོས་མཁོ་དང་ཟས་རིགས་ཀྱི་དགའ་ཕྱོགས་སྐོང་ཐུབ་པ་རེད། དུས་རིམ་དེར་འབྲུ་རིགས་འཛད་སྤྱོད་བྱེད་ཚད་མི་རྣམས་ཀྱི་ཉིན་རྒྱུན་ཟས་རིགས་འཛད་སྤྱོད་བྱེད་པའི་ཁྲོད་ཀྱི་བསྡུར་ཚད་མངོན་གསལ་གྱིས་མར་ཆག་པ་དང་། ཟས་རིགས་གཞན་དག་གི་གལ་ཆེའི་རང་བཞིན་རིམ་བཞིན་འབྲུ་རིགས་ཀྱི་གལ་ཆེའི་རང་བཞིན་ལས་ལྕི་བ། འབྲུ་རིགས་བདེ་འཇགས་དེ་རིམ་བཞིན་ཟས་རིགས་བདེ་འཇགས་སམ་ཟས་རིགས་བདེ་འཇགས་ཀྱི་གནས་སུ་འཇོག་སྲིད། འབྲུ་རིགས་བདེ་འཇགས་ཀྱི་གཙོ་གནད་དེ་བཟའ་བཅའི་འཚོ་བཅུད་དང་འཕྲོད་བསྟེན་འགན་ལེན་དང་དེ་བཞིན་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཐོན་པའི་བཟའ་བཅའ་ལེགས་ཙམ་ཡོད་པར་འགྱུར་བ་བྱེད་དགོས།

9 བདེ་འཇགས་སྟོན་གྲངས།

འབྲུ་རིགས་ཉེན་མེད་བཏགས་གྲངས་ཞེས་པ་ནི་དུས་མཇུག་མཛོད་ཀྱི་བསགས་འབོར་དང་ལོ་ཧྲིལ་པོའི་འཛད་སྤྱོད་བྱས་པའི་བསྡུར་ཚད་ལ་ཟེར།

མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་སྤྱི་ལོ2010ལོའི་ཟླ8པའི་ཚེས18ཉིན“སྤྱི་ལོ2010ལོའི་འབྲུ་རིགས་བདེ་འཇགས་ཉེན་ཁའི་སྟོན་གྲངས”ཁྱབ་བསྒྲགས་བྱས་པ་དང་གྲངས་གཞི་དེ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན163ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་ཞིག་རེད། ཨ་ཧྥུ་ཀ་ནི་སི་ཐན་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ9ལ་འབྲུ་རིགས་དཀོན་པའི་ཉེན་ཁ་ཆེ་ཤོས་ཐོན་པ་དང་། ཨ་མེ་རི་ཁ་བྱང་མ་དང་། ཡོ་རོབ། ལྷག་པར་དུ་སི་ཁན་གྱི་ན་ཝེ་ཡ་ཕྱེད་གླིང་ས་ཁུལ་དུ་འབྲུ་རིགས་མཁོ་སྤྲོད་འདང་ངེས་དང་བློས་འགེལ་ཆོག་པའི་འབྲུ་རིགས་མཁོ་སྤྲོད་འདང་ངེས།  

《སྤྱི་ལོ2010ལོའི་འབྲུ་རིགས་བདེ་འཇགས་ཉེན་ཁའི་སྟོན་གྲངས》འདི་ནི་དབྱིན་ཇིའི་ཉེན་ཁ་དབྱེ་ཞིབ་ཀུང་སིའིlecroftདང་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡིས་ཤུགས་རྐྱེན་གཙོ་བོའི་རྒྱུ་རྐྱེན་༡༢ལྟར་ཤན་འབྱེད་བྱས་པ་ཡིན། གཏན་འཁེལ་གྱི་ཚད་གཞི་དེའི་ནང་འབྲུ་རིགས་ཀྱི་ཐོན་འབོར་དང་། མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར། གནམ་གཤིས་ཧ་ཅང་ངན་པ་ཐོན་པའི་ཉེན་ཁ་དང་། ཞིང་ལས་སྐྱེ་དངོས་ཀྱི་སྤུས་ཚད། འབྲུ་རིགས་ཁག་བགོས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གདོང་གཏུག་དང་དེ་བཞིན་སྲིད་གཞུང་གི་ལས་ཕྱོད་སོགས་ཚུད་ཡོད་པ་རེད།  

“ཉེན་ཁ་ཧ་ཅང་ཆེ་བའི”རྒྱལ་ཁབ་ལ་བདམས་པའི་གྲས་སུ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཨང་དང་པོར་སླེབས་པ་དང་ད་ཐེངས་ཁོང་ཀོ(ཅིན)དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དང་། པུ་རུན་ཏི། ཨེ་ལི་ཐེ་ལི་ཡ། སུའུ་ཏན། ཨེ་ཙེ་ཨོ་ཕི་ཡ། ཨན་ཀོ་ལ། ལི་པེ་རི་ཡ། ཆ་ཏེ། ཙམ་པབ་ཝེ་བཅས་ཡིན་པ་རེད།    

“ཉེན་ཁ་ཆེ་བའི”རྒྱལ་ཁབ་ལ་བདམས་པའི་བྷང་ག་ལའི(ཨང་རིམ23)དང་། ཕ་ཁི་སི་ཐན(ཨང་རིམ30)རྒྱ་གར(ཨང་རིམ31)ཧྥེ་ལི་ཕི(ཨང་རིམ52)བཅས་ཡོད་པ་དང་།“ཉེན་ཁ་འབྲིང་ཙམ”གྱི་གྲས་སུ་ཚུད་པའི་རྒྱལ་ཁབ་ནང་ཨང96པའི་ཀྲུང་གོ་ཚུད་ཡོད་པ་རེད།   

འབྲུ་རིགས་འདང་ངེས་ཡོད་པའི་རྒྱལ་ཁབ་མང་ཆེ་བ་ནི་ཨ་མེ་རི་ཁ་བྱང་མ་དང་ཡོ་རོབ་ནུབ་མའི་དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་ཡིན་པ་དང་དེའི་ནང་ཧྥིན་ལན་གྱི་འདང་ངེས་ཡོད་པ་དང་དེ་རྗེས་སུའེ་ཏེན་དང་། ཏེན་མགདེ་བཞིན་ནོར་ཝེ་བཅས་ཡིན་པ་རེད། 

འབྲུ་རིགས་ཀྱི་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ50ཡི་ཁྲོད36ནི་ས་ཧ་ལའི་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁའི་ས་ཁུལ་ཡིན་པ་རེད།

Aplecroftསྒྲིག་གཞིས་གནས་ཚུལ་དེ་དག་གནམ་གཤིས་འགྱུར་ལྡོག་ལས་གྲོའི་རིན་གོང་འཕར་བའི་ཁག་དཀྲི་བ་དང་འབྲེལ་དེས་ཉམས་ཞན་རྒྱལ་ཁབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅེས་ཐ་ཚིག་བསྒྲགས་པ་རེད། ཉེ་བའི་ལོ་ཤས་རིང་ཕ་ཁི་སི་ཐན་དང་ཨུ་རུ་སུར་གནམ་གཤིས་ཧ་ཅང་ངན་པ་འཕྲད་པ་དང་སྔོན་དཔག་བྱས་ན་རྒྱལ་ཁབ་དེ་གཉིས་ཀྱི་འབྲུ་རིགས་བདེ་འཇགས་ཉེན་ཁའི་སྟོན་གྲངས་ཆེ་རུ་འགྲོ་བ་རེད།

སྤྱི་ལོ2009ལོའི་འབྲུ་རིགས་བདེ་འཇགས་ཉེན་ཁའི་སྟོན་གྲངས་ཨང་དང་པོ་ནི་ཨན་ཀོ་ལ་ཡིན་པ་དང་དེ་རྗེས་ཧའེ་ཏི་དང་། མོ་ཙམ་པི་ཁེ། པུ་རུན་ཏི། ཁོང་ཀོ(ཅིན)དམངས་གཙོ་སྤྱི་མཐུན་རྒྱལ་ཁབ། ཨེ་ལི་ཐེ་ལི་ཡ། ཙན་པི་ཡ། ཡེ་མེན། ཙམ་པབ་ཝེ། རུ་ཝང་ཏ་བཅས་ཡིན་པ་རེད།    


དཔྱད་གཞིའི་ཡིག་ཆ།