ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐེབས་རྩའི་སྐོར་གྱི་བཅའ་ཁྲིམས།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2022-05-18 08:37ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐེབས་རྩའི་སྐོར་གྱི་བཅའ་ཁྲིམས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐེབས་རྩའི་སྐོར་གྱི་བཅའ་ཁྲིམས།
དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐེབས་རྩའི་བྱེད་སྒོ་ཚུལ་ལྡན་དུ་གཏོང་བ་དང་། མ་དངུལ་གཏོང་མཁན་དང་འབྲེལ་ཡོད་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐེབས་རྩ་དང་མ་རྩའི་ཚོང་ར་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国证券投资基金法
རིགས་དབྱེ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།
ཁྱབ་བསྒྲགས་དུས་ཚོད།
སྤྱི་ལོ2003ལོའི་ཟླ10བའི་ཚེས28ཉིན།
ལག་བསྟར་དུས་ཚོད།
སྤྱི་ལོ2004ལོའི་ཟླ6པའི་ཚེས1ཉིན།
དཀར་ཆག
1   ​ལེའུ་དང་པོ། སྤྱིའི་དོན་ཚན།
2   ལེའུ་གཉིས་པ། ཐེབས་རྩ་དོ་དམ་པའི་སྐོར།
3   ལེའུ་གསུམ་པ། ཐེབས་རྩ་ཚབ་གཉེར་པའི་སྐོར།
4   ལེའུ་བཞི་པ། ཐེབས་རྩ་འཁོར་སྐྱོད་བྱེད་སྟངས་དང་སྒྲིག་འཛུགས་བྱེད་པའི་སྐོར།
5   ལེའུ་ལྔ་པ། ཐེབས་རྩ་ཡོངས་གྲགས་བསྡུ་སློང་བྱེད་ཕྱོགས་སྐོར།
6   ལེའུ་དྲུག་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་བགོ་སྐལ་ཉོ་ཚོང་དང་ཉོ་སྒྲུབ་རེ་ཞུ་ཚུར་བླུ་སྟངས་སྐོར།
7   ལེའུ་བདུན་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་མ་དངུལ་གཏོང་བ་དང་ཆ་འཕྲིན་ཕྱིར་བསྒྲགས་སྐོར།
8   ལེའུ་བརྒྱད་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་གན་རྒྱ་འགྱུར་བ་དང་མཚམས་འཇོག་པ།ཐེབས་རྩའི་རྒྱུ་ནོར་གཙང་རྩིས་རྒྱག་སྟངས་བཅས་ཀྱི་སྐོར།
9   ལེའུ་དགུ་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཁེ་དབང་སྤྱོད་སྟངས་སྐོར།
10   ལེའུ་བཅུ་པ། ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩའི་སྐོར།
11   ལེའུ་བཅུ་གཅིག་པ། ཐེབས་རྩ་ཞབས་ཞུ་ལས་ཁུངས།
12   ལེའུ་བཅུ་གཉིས་པ། ཐེབས་རྩ་ལས་རིགས་མཐུན་ཚོགས།
13   ལེའུ་བཅུ་གསུམ་པ། ལྟ་སྐུལ་དང་དོ་དམ་བྱེད་ཕྱོགས་སྐོར།
14   ལེའུ་བཅུ་བཞི་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།
15   ལེའུ་བཅོ་ལྔ་པ། ཞར་བྱུང་དོན་ཚན།
1 ​ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐེབས་རྩའི་བྱེད་སྒོ་ཚུལ་ལྡན་དུ་གཏོང་བ་དང་། མ་དངུལ་གཏོང་མཁན་དང་འབྲེལ་ཡོད་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐེབས་རྩ་དང་མ་རྩའི་ཚོང་ར་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ། ཡོངས་གྲགས་སུ་བསྡུ་བའམ་ཡང་ན་ཡོངས་གྲགས་མ་བྱས་པར་བསྡུས་བའི་མ་དངུལ་ལས་དངུལ་རྩའི་མ་དངུལ་གཏོང་བའི་ཐེབས་རྩ(གཤམ་དུ་བསྡུས་མིང་ལ་ཐེབས་རྩ་ཟེར)བཙུགས་ཏེ། ཐེབས་རྩ་དོ་དམ་པས་བདག་སྐྱོང་བྱེད་པ་དང་། ཐེབས་རྩ་ཚབ་གཉེར་པས་ཚབ་གཉེར་བྱས་ནས། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཁེ་ཕན་གྱི་ཆེད་དུ་དངུལ་འཛིན་གྱི་མ་དངུལ་གཏོང་བའི་བྱེད་སྒོ་སྤེལ་བར་བཅའ་ཁྲིམས་འདི་སྤྱད་འཐུས། བཅའ་ཁྲིམས་འདིར་གཏན་འབེབས་བྱས་མེད་ན།《ཡིད་རྟོན་མངག་བཅོལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང་།《དངུལ་འཛིན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དེ་བཞིན་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞན་དག་བཅས་པའི་གཏན་འབེབས་སྤྱད་འཐུས།

དོན་ཚན་གསུམ་པ། ཐེབས་རྩ་དོ་དམ་པ་དང་། ཐེབས་རྩ་ཚབ་གཉེར་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་བཅས་ཀྱི་ཁེ་དབང་དང་འོས་འགན་ནི་བཅའ་ཁྲིམས་འདི་གཞིར་བཟུང་ནས་ཐེབས་རྩའི་གན་རྒྱར་ཁ་དན་འཇོག་རྒྱུ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པས་བཅའ་ཁྲིམས་འདི་དང་ཐེབས་རྩའི་གན་རྒྱར་ཁ་དན་བཞག་པ་ལྟར་གཉེར་སྐྱོང་བཅོལ་འགན་བསྒྲུབ་རྒྱུ། ཡོངས་གྲགས་བསྡུ་ཐབས་བརྒྱུད་ནས་བཙུགས་པའི་ཐེབས་རྩའི(གཤམ་དུ་བསྡུས་མིང་ལ་ཡོངས་གྲགས་བསྡུ་སློང་ཐེབས་རྩ་ཟེར།)བགོ་སྐལ་འཛིན་མཁན་གྱིས་གང་ལ་དབང་བའི་ཐེབས་རྩའི་བགོ་སྐལ་ལྟར་ཁེ་འབབ་ལེན་རྒྱུ་དང་ཉེན་འགན་འཁུར་རྒྱུ། ཡོངས་གྲགས་མིན་པའི་བསྡུ་ཐབས་བརྒྱུད་ནས་བཙུགས་པའི་ཐེབས་རྩའི(གཤམ་དུ་བསྡུས་མིང་ལ་ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩ་ཟེར།)ཁེ་འབབ་བགོ་བཤའ་དང་ཉེན་འགན་འཁུར་རྒྱུ་ནི་ཐེབས་རྩའི་གན་རྒྱར་ཁ་དན་འཇོག་རྒྱུ།

དོན་ཚན་བཞི་པ། དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐེབས་རྩའི་བྱེད་སྒོ་སྤེལ་བར། རང་མོས་དང་། དྲང་གཞག ཁ་བཤད་དོན་གནས་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་ལས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་པ་བཏང་མི་ཆོག

དོན་ཚན་ལྔ་པ། ཐེབས་རྩའི་རྒྱུ་ནོར་གྱི་བུ་ལོན་ནི་ཐེབས་རྩའི་རྒྱུ་ནོར་རང་ངོས་ནས་འགན་འཁུར་དགོས་ཤིང་། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱིས་མ་དངུལ་བཏོན་ཚད་ལྟར་ཐེབས་རྩའི་རྒྱུ་ནོར་གྱི་འགན་དབང་འཁུར་རྒྱུ། ཡིན་ནའང་། ཐེབས་རྩའི་གན་རྒྱས་ཁྲིམས་འདི་གཞིར་བཟུང་ནས་ཁ་དན་ལོགས་སུ་བྱས་ཡོད་ན་དེ་ལྟར་སྒྲུབ་རྒྱུ། ཐེབས་རྩའི་རྒྱུ་ནོར་ནི་ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པའི་སྔར་ཡོད་རྒྱུ་ནོར་ལས་ལོགས་སུ་དགར་ནས་ཡོད། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པས་ཐེབས་རྩའི་རྒྱུ་ནོར་དེ་གང་གི་སྔར་ཡོད་རྒྱུ་ནོར་ནང་བཅུག་མི་ཆོགཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པས་ཐེབས་རྩའི་རྒྱུ་ནོར་དོ་དམ་དང་། བེད་སྤྱོད་དམ་ཡང་ན་གནས་ཚུལ་གཞན་དག་བཅས་ཀྱི་རྐྱེན་གྱིས་ཐོབ་པའི་རྒྱུ་ནོར་དང་ཁེ་འབབ་དག་ཐེབས་རྩའི་རྒྱུ་ནོར་གྱི་ཁོངས་སུ་འཇུག་རྒྱུ།ཁྲིམས་ལྟར་ཁ་འཐོར་དུ་བཏང་བ་དང་ཁྲིམས་ལྟར་ཕྱིར་འཐེན་བྱེད་པའམ་ཁྲིམས་ལྟར་མ་རྩ་སྟོངས་པ་ཁྱབ་བསྒྲགས་བྱེད་དགོས་བྱུང་བ་སོགས་པའི་རྐྱེན་གྱིས་ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པར་གཙང་རྩིས་བརྒྱབ་པ་ཡིན་ན། ཐེབས་རྩའི་རྒྱུ་ནོར་ནི་དེའི་གཙང་རྩིས་རྒྱག་པའི་རྒྱུ་ནོར་ཁོངས་སུ་མི་གཏོགས།

དོན་ཚན་དྲུག་པ། ཐེབས་རྩའི་རྒྱུ་ནོར་གྱི་བུན་དབང་ནི་ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པའི་སྔར་ཡོད་རྒྱུ་ནོར་གྱི་བུ་ལོན་དང་ཕན་ཚུན་ཁ་འཐབ་བཏང་མི་ཆོག ཐེབས་རྩའི་རྒྱུ་ནོར་མི་འདྲ་བའི་བུན་དབང་དང་བུ་ལོན་ཀྱང་ཕན་ཚུན་ཁ་འཐབ་བཏང་མི་ཆོག

དོན་ཚན་བདུན་པ། ཐེབས་རྩའི་རྒྱུ་ནོར་རང་ངོས་ནས་འཁུར་བའི་བུ་ལོན་གྱི་རྐྱེན་མིན་ན། ཐེབས་རྩའི་རྒྱུ་ནོར་ལ་བཙན་ཤེད་ལག་བསྟར་བྱས་མི་ཆོག

དོན་ཚན་བརྒྱད་པ། ཐེབས་རྩའི་རྒྱུ་ནོར་མ་རྩར་བཏང་བའི་འབྲེལ་ཡོད་ཁྲལ་བསྡུ་ནི། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱིས་འགན་འཁུར་དགོས་ཤིང་། ཐེབས་རྩ་དོ་དམ་པའམ་དེ་མིན་འཐེན་འཇལ་འོས་འགན་འཁུར་མཁན་གྱིས་རྒྱལ་ཁབ་ཀྱི་ཁྲལ་འབབ་བསྡུ་ལེན་བྱེད་པའི་འབྲེལ་ཡོད་གཏན་འབེབས་ལྟར་ཚབ་འཐེན་དང་ཚབ་སྤྲོད་བྱེད་རྒྱུ།

དོན་ཚན་དགུ་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པས་ཐེབས་རྩའི་རྒྱུ་ནོར་ལ་དོ་དམ་དང་བེད་སྤྱོད་བྱེད་པ་དང་། ཐེབས་རྩ་ཞབས་ཞུ་ལས་ཁུངས་ནས་ཞབས་ཞུའི་བྱེད་སྒོ་སྤེལ་བ་བཅས་ཀྱི་སྐབས་སུ། རང་འགན་དང་དུ་བླངས་ནས་ཁ་བཤད་དོན་ལ་གནས་ཤིང་ཡིད་གཟབ་འབད་བརྩོན་བྱེད་པའི་འོས་འགན་སྒྲུབ་དགོས། ཐེབས་རྩ་དོ་དམ་པས་ཐེབས་རྩའི་རྒྱུ་ནོར་ནི་དངུལ་འཛིན་མ་རྩའི་ཐད་དུ་བེད་སྤྱོད་གཏོང་སྐབས། གཟབ་ནན་ཚོང་གཉེར་བྱེད་པའི་སྒྲིག་སྲོལ་བརྩི་སྲུང་བྱེད་པ་དང་། ཚན་རིག་དང་མཐུན་པའི་མ་དངུལ་གཏོང་བའི་འཐབ་ཇུས་དང་ཉེན་འགོག་དོ་དམ་ལམ་སྲོལ་གཏན་འབེབས་བྱས་ན། ནུས་ལྡན་གྱི་སྒོ་ནས་ཉེན་ཟོན་དང་ཚོད་འཛིན་བྱེད་དགོས།ཐེབས་རྩའི་ལས་སྒྲུབ་མི་སྣར་ཐེབས་རྩའི་ལས་ཞུགས་ཐོབ་ཐང་ལྡན་དགོས་ཤིང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། ལས་རིགས་ཀུན་སྤྱོད་དང་སྤྱོད་ཚུལ་གྱི་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་དགོས།

དོན་ཚན་བཅུ་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ། ཐེབས་རྩ་ཞབས་ཞུ་ལས་ཁུངས་བཅས་ཀྱིས་བཅའ་ཁྲིམས་འདི་ལྟར་དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐེབས་རྩ་ལས་རིགས་མཐུན་ཚོགས(གཤམ་དུ་བསྡུས་མིང་ལ་ཐེབས་རྩ་ལས་རིགས་མཐུན་ཚོགས་ཟེར།)བཙུགས་ནས། ལས་རིགས་རང་གཅུན་དང་ལས་རིགས་འབྲེལ་ལམ་མཐུན་སྦྱོར་དང་། ལས་རིགས་ཞབས་ཞུ་མཁོ་འདོན་དང་ལས་རིགས་གོང་སྤེལ་སྐུལ་འདེད་གཏོང་རྒྱུ།

དོན་ཚན་བཅུ་གཅིག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐེབས་རྩའི་བྱེད་སྒོར་ཁྲིམས་ལྟར་ལྟ་སྐུལ་དང་དོ་དམ་བྱེད་རྒྱུ། དེའི་མངགས་གཏོང་ལས་ཁུངས་ནས་དབང་སྤྲོད་ལྟར་རང་འབབ་འགན་འཁྲི་སྒྲུབ་རྒྱུ།

2 ལེའུ་གཉིས་པ། ཐེབས་རྩ་དོ་དམ་པའི་སྐོར།

དོན་ཚན་བཅུ་གཉིས་པ། ཐེབས་རྩ་དོ་དམ་པ་ནི་ཁྲིམས་ལྟར་བཙུགས་པའི་ཀུང་སིའམ་ཡང་ན་མཉམ་སྡེབ་ཁེ་ལས་ཀྱིས་འགན་འཁུར་རྒྱུ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་དོ་དམ་པ་ནི། ཐེབས་རྩ་དོ་དམ་ཀུང་སིའམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་གཏན་འབེབས་ལྟར་ཞིབ་མཆན་ཐོབ་པའི་ལས་ཁུངས་གཞན་དག་གིས་འགན་འཁུར་རྒྱུ།

དོན་ཚན་བཅུ་གསུམ་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩ་དོ་དམ་བྱེད་པའི་ཐེབས་རྩ་དོ་དམ་ཀུང་སི་འཛུགས་པར་གཤམ་གསལ་གྱི་ཆ་རྐྱེན་དག་འཛོམས་དགོས་ཁར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་ཆོག་མཆན་ཡང་ཐོབ་དགོས་ཏེ།

བཅའ་ཁྲིམས་འདི་དང་ཀུང་སིའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པའི་སྒྲིག་ཡིག་ཡོད་དགོས། ཐོ་འགོད་མ་རྩ་མི་དམངས་ཤོག་སྒོར་དུང་ཕྱུར་གཅིག་ལས་ཉུང་མི་ཆོག་པ་མ་ཟད། ངེས་པར་དུ་དངོས་སུ་སྤྲོད་པའི་དངུལ་ལོར་མ་རྩ་ཡིན་དགོས། མ་རྐང་འཇོག་མཁན་གཙོ་བོས་དངུལ་རྩའི་ལས་སྒོ་གཉེར་སྐྱོང་དང་ཡང་ན་དངུལ་རྩའི་ལས་ཁུངས་ལ་དོ་དམ་བྱེད་པའི་གྲུབ་འབྲས་བཟང་པོ་དང་། ནོར་སྲིད་གནས་ཚུལ་ལེགས་པོ། སྤྱི་ཚོགས་ཐོག་མཚན་སྙན་བཅས་ཡོད་ལ། མ་རྩའི་གཞི་ཁྱོན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ཚད་གཞི་ལོན་པ་དང་། ཉེ་བའི་ལོ་གསུམ་རིང་ཁྲིམས་འགལ་ཐོ་འགོད་མེད་པ། ཐེབས་རྩའི་ལས་ཞུགས་ཐོབ་ཐང་ཐོབ་པའི་མི་སྣ་ཁྲིམས་བཀོད་ཀྱི་གྲངས་ཚད་ཟིན་པ། ལས་འཛིན་པ་དང་། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ལ་ལས་གནས་འཛིན་པའི་ཆ་རྐྱེན་འོས་འཚམ་འཛོམས་པ། བླང་བྱ་དང་མཐུན་པའི་ལས་གཉེར་བྱེད་ཡུལ་དང་། བདེ་འཇགས་དོགས་ཟོན་སྒྲིག་བཀོད། ཐེབས་རྩའི་དོ་དམ་ལས་སྒོ་དང་འབྲེལ་ཡོད་ཀྱི་སྒྲིག་བཀོད་གཞན་དག་བཅས་ཡོད་པ། ནང་ཁུལ་བདག་སྐྱོང་སྒྲིག་ཚུལ་ལེགས་པོ་དང་། ནང་ཁུལ་རྩིས་བཤེར་ལྟ་སྐུལ་ཚོད་འཛིན་ལམ་ལུགས་དང་ཉེན་ཁ་ཚོད་འཛིན་ལམ་ལུགས་འཐུས་སྒོ་ཚང་བ་ཡོད་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་ལ་ཕབ་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་གཏན་ལ་ཕབ་པའི་ཆ་རྐྱེན་གཞན་དག་བཅས་ཡིན།

དོན་ཚན་བཅུ་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཐེབས་རྩ་དོ་དམ་ཀུང་སི་འཛུགས་རེ་ཞུ་ཡིག་བདག་སྤྲོད་བྱས་ཉིན་ནས་བཟུང་ཟླ་དྲུག་ནང་ཚུན་དུ། བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པར་གཏན་འབེབས་བྱས་པའི་ཆ་རྐྱེན་དང་གཟབ་ནན་གྱིས་ལྟ་སྐུལ་དོ་དམ་བྱེད་པའི་རྩ་དོན་ལྟར་ཞིབ་བཤེར་བྱས་ནས་ཆོག་མཆན་འགོད་མིན་ཐག་གཅོད་བྱེད་རྒྱུ་མ་ཟད། རེ་འདུན་ཞུ་མཁན་ལ་བརྡ་སྦྱོར་བྱེད་དགོས། ཆོག་མཆན་མི་འགོད་ན། དེའི་རྒྱུ་མཚན་གསལ་བཤད་བྱེད་དགོས།

ཐེབས་རྩ་དོ་དམ་ཀུང་སིའི་མ་རྐང་འཛིན་དབང་བརྒྱ་ཆ་ལྔ་ཡན་ཡོད་པའི་མ་རྐང་འཇོག་མཁན་བསྒྱུར་བཀོད་གཏོང་བ་དང་། ཀུང་སིའི་དངོས་གནས་ཚོད་འཛིན་མཁན་བསྒྱུར་བཀོད་གཏོང་བ། ཡང་ན་དོན་ཚན་འགངས་ཆེན་གཞན་དག་བསྒྱུར་བཀོད་གཏོང་བ་བཅས་བྱེད་སྐབས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཆོག་མཆན་རེ་ཞུ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་རེ་འདུན་ཞུ་ཡིག་བདག་སྤྲོད་བྱས་ཉིན་ནས་བཟུང་ཉིན་དྲུག་ཅུའི་ནང་ཚུན་ཆོག་མཆན་འགོད་མིན་ཐག་གཅོད་བྱེད་རྒྱུ་མ་ཟད། རེ་འདུན་ཞུ་མཁན་ལའང་བརྡ་སྦྱོར་བྱེད་རྒྱུ། ཆོག་མཆན་མི་འགོད་ན། དེའི་རྒྱུ་མཚན་གསལ་བཤད་བྱེད་དགོས།

དོན་ཚན་བཅོ་ལྔ་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་ལས་འཛིན་པ་དང་། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ། དེ་བཞིན་ལས་ཞུགས་མི་སྣ་གཞན་དག་བཅས་ལ་གཤམ་གསལ་གྱི་གནས་ཚུལ་དག་ལས་རིགས་གཅིག་ཡོད་ན་ལས་འགན་འཁུར་མི་ཆོག་སྟེ།

རྒྱུ་ནོར་ལྐོག་ཟ་དང་ལྐོག་རྔན་སྤྲོད་པ། འགན་འཛོལ་ཤོར་བ། རྒྱུ་ནོར་བཙན་གནོད་བཅས་ཀྱི་བྱས་ཉེས་བསགས་པའམ་ཡང་ན་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་ལམ་གཏོར་བཤིག་གཏོང་བའི་བྱས་ཉེས་བསགས་ནས་ཉེས་ཆད་བཅད་རིགས། ལས་ཀ་བྱེད་སའི་ཀུང་སི་དང་ཁེ་ལས་དེ་གཉེར་སྐྱོང་ཡག་པོ་མ་བྱུང་བའི་དབང་གིས་མ་རྩ་སྟོངས་པའི་གཙང་རྩིས་རྒྱག་པའམ་ཡང་ན་ཁྲིམས་དང་འགལ་བའི་དབང་གིས་ལས་གཉེར་ལག་ཁྱེར་ཕྱིར་བསྡུས་པར་སྒེར་གྱི་ཁག་འགན་འཁུར་དགོས་པའི་ལས་འཛིན་པ་དང་། ལྟ་ཞིབ་པ། བཟོ་གྲྭའི་འགོ་འཛིན། མཐོ་རིམ་དོ་དམ་མི་སྣ་བཅས་ཀྱི་ཀུང་སི་དང་ཁེ་ལས་གང་དེ་མ་རྩ་སྟོངས་པའི་གཙང་རྩིས་བརྒྱབ་སྟེ་མཇུག་འགྲིལ་བའམ་ལས་གཉེར་ལག་ཁྱེར་ཕྱིར་བསྡུས་ཉིན་ནས་བཟུང་ལོ་ལྔ་འགོར་མེད་པ། སྒེར་གྱི་བུ་ལོན་ཟུག་འབོར་ཅུང་ཆེ་བ་དང་། དུས་བཀག་ཟིན་ཡང་བུ་ལོན་གཙང་འཇལ་ཐུབ་མེད་པ། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་དབང་གིས་ཕྱིར་འབུད་བྱས་པའི་ཐེབས་རྩ་དོ་དམ་པ་དང་། ཐེབས་རྩ་ཚབ་གཉེར་པ། དངུལ་འཛིན་ཉོ་ཚོང་ཁང་། དངུལ་འཛིན་ཀུང་སི། དངུལ་འཛིན་ཐོ་འགོད་སྡོམ་རྩིས་ལས་ཁུངས། དུས་བཅད་ཚོང་ཟོག་ཉོ་ཚོང་ཁང་། དུས་བཅད་ཚོང་ཟོག་གཉེར་སྐྱོང་ཀུང་སི་བཅས་དང་དེ་བཞིན་ལས་ཁུངས་གཞན་དག་གི་ལས་ཞུགས་མི་སྣ་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་དབང་གིས་ལས་གཉེར་ལག་ཁྱེར་ཕྱིར་བསྡུས་པའམ་ཐོབ་ཐང་རྩིས་མེད་དུ་བཏང་བའི་ཁྲིམས་རྩོད་པ་དང་། ཐོ་འགོད་རྩིས་གཉེར་པ། རྒྱུ་ནོར་དཔྱད་དཔོག་ལས་ཁུངས་དང་ཚོད་ལྟས་ར་སྤྲོད་ལས་ཁུངས་ཀྱི་ལས་བྱེད་མི་སྣ། མ་དངུལ་གཏོང་བའི་བློ་འདྲིའི་ལས་བྱེད་མི་སྣ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཐེབས་རྩའི་ལས་སྒོ་གཉེར་མི་ཆོག་པའི་མི་སྣ་གཞན་དག་བཅས་ཡིན།

དོན་ཚན་བཅུ་དྲུག་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་ལས་འཛིན་པ་དང་། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ཀྱིས་དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐད་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གསལ་པོ་ཤེས་དགོས་པ་དང་། རང་འགན་འཁུར་བའི་འབྲེལ་ཡོད་ལས་ཀ་ལོ་གསུམ་ཡན་བྱེད་མྱོང་ཡོད་དགོས། མཐོ་རིམ་དོ་དམ་མི་སྣར་ད་དུང་ཐེབས་རྩའི་ལས་ཞུགས་ཐོབ་ཐང་ཡོད་དགོས།

དོན་ཚན་བཅུ་བདུན་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་ལས་འཛིན་པ་དང་། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ། ལས་ཞུགས་མི་སྣ་གཞན་དག་བཅས་མི་རང་ཉིད་དང་བཟའ་ཟླ། ཁེ་གྱོང་གི་འབྲེལ་བ་ཡོད་མཁན་བཅས་དབར་དངུལ་འཛིན་མ་དངུལ་གཏོང་སྐབས། ཐོག་མར་ཐེབས་རྩ་དོ་དམ་པ་ལ་དོན་དེ་སྙན་ཞུ་བྱེད་དགོས་པ་ལས། ཐེབས་རྩའི་བགོ་སྐལ་འཛིན་མཁན་དབར་ཁེ་ཕན་གྱི་འགལ་ཟླ་བྱུང་མི་ཆོག ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པས་ནང་གསེས་དོན་ཚན་གོང་མའི་མི་སྣར་དངུལ་འཛིན་མ་དངུལ་གཏོང་སྐོར་གྱི་ཡིག་ཐོག་སྙན་ཞུ་དང་ཐོ་འགོད། ཞིབ་དཔྱད་དང་ཐག་གཅོད་སྐོར་གྱི་དོ་དམ་ལམ་ལུགས་བཟོ་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་བཅོ་བརྒྱད་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་ལས་འཛིན་པ་དང་། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ། ལས་ཞུགས་མི་སྣ་གཞན་དག་བཅས་ནས། ཐེབས་རྩ་ཚབ་གཉེར་པའམ་ཡང་ན་ཐེབས་རྩ་གཞན་དག་གི་དོ་དམ་པའི་ལས་འགན་གང་རུང་འཁུར་མི་ཆོག་པ་དང་། ཐེབས་རྩའི་རྒྱུ་ནོར་དང་ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཁེ་ཕན་ལ་གནོད་པའི་དངུལ་འཛིན་ཉོ་ཚོང་དང་དེ་བཞིན་བྱེད་སྒོ་གཞན་དག་སྤེལ་མི་ཆོག

དོན་ཚན་བཅུ་དགུ་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པས་གཤམ་གསལ་གྱི་འགན་འཁྲི་བསྒྲུབ་དགོས་པ་སྟེ།

ཁྲིམས་ལྟར་མ་དངུལ་བསྡུ་སློང་བྱས་ནས་ཐེབས་རྩའི་བགོ་སྐལ་འགྲེམས་ཚོང་དང་ཐོ་འགོད་ཀྱི་བྱ་བ་བསྒྲུབ་རྒྱུ་དང་། ཐེབས་རྩ་ཐོ་འགོད་འགྲོ་ལུགས་འགྲིམ་རྒྱུ། དོ་དམ་བྱེད་པའི་ཐེབས་རྩའི་རྒྱུ་ནོར་མི་འདྲ་བ་སོ་སོར་དོ་དམ་དང་ཐོ་འགོད་བྱས་ནས་དངུལ་འཛིན་གྱི་མ་དངུལ་གཏོང་རྒྱུ། ཐེབས་རྩའི་གན་རྒྱར་ཁ་དན་བཞག་པར་གཞིགས་ནས་ཐེབས་རྩའི་ཁེ་འབབ་བགོ་བཤའ་རྒྱག་རྒྱུའི་ཇུས་གཞི་གཏན་ཁེལ་བྱས་ནས་ཐེབས་རྩའི་བགོ་སྐལ་འཛིན་མཁན་ལ་དུས་ཐོག་ཏུ་ཁེ་འབབ་བགོ་བཤའ་རྒྱག་རྒྱུ། ཐེབས་རྩའི་རྩིས་བཤེར་ཞིབ་རྩིས་བྱས་ནས་ཐེབས་རྩའི་ནོར་དོན་རྩིས་གཉེར་སྙན་ཞུ་འབྲི་རྒྱུ། དུས་དཀྱིལ་དང་ལོ་འཁོར་མོའི་ཐེབས་རྩའི་སྐོར་གྱི་སྙན་ཞུ་འབྲི་རྒྱུ། ཐེབས་རྩའི་རྒྱུ་ནོར་གྱི་ལག་འབབ་རིན་ཐང་རྩིས་རྒྱག་དང་སྤྱི་བསྒྲགས་བྱས་ནས་ཐེབས་རྩའི་བགོ་སྐལ་ཉོ་སྒྲུབ་རེ་ཞུ་དང་། ཚུར་བླུའི་རིན་གོང་གཏན་འཁེལ་བྱེད་རྒྱུ། ཐེབས་རྩའི་རྒྱུ་ནོར་དོ་དམ་གྱི་ལས་སྒོའི་བྱེད་སྒོ་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་སྤེལ་བའི་དོན་ཚན་བསྒྲུབ་རྒྱུ། གཏན་འབེབས་ལྟར་ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཚོགས་ཆེན་སྐོང་འཚོག་བྱེད་རྒྱུ། ཐེབས་རྩའི་རྒྱུ་ནོར་དོ་དམ་ལས་སྒོ་སྒྲུབ་ཚུལ་ཐོ་འགོད་དང་། རྩིས་ཐོ། སྙན་ཐོའི་རེའུ་མིག འབྲེལ་ཡོད་ཀྱི་དཔྱད་ཡིག་གཞན་དག་བཅས་ཉར་ཚགས་བྱེད་རྒྱུ།ཐེབས་རྩ་དོ་དམ་པའི་མིང་ཐོག་ནས་ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཁེ་ཕན་གྱི་ཚབ་བྱས་ནས་གཏུག་བཤེར་ཁེ་དབང་སྤྱོད་པའམ་ཡང་ན་བཅའ་ཁྲིམས་ཀྱི་བྱ་སྤྱོད་གཞན་དག་སྤྱོད་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་ཡིན།

དོན་ཚན་ཉི་ཤུ་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་ལས་འཛིན་པ་དང་། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ། ལས་ཞུགས་མི་སྣ་གཞན་དག་བཅས་ཀྱིས་གཤམ་གསལ་བྱ་སྤྱོད་ཁག་སྤེལ་མི་ཆོག་སྟེ།

དེའི་སྔར་ཡོད་ཀྱི་རྒྱུ་ནོར་རམ་ཡང་ན་གཞན་གྱི་རྒྱུ་ནོར་དག་ཐེབས་རྩའི་རྒྱུ་ནོར་དང་མཉམ་དུ་བསྲེས་ནས་དངུལ་འཛིན་གྱི་མ་དངུལ་གཏོང་བ། རང་གིས་དོ་དམ་བྱེད་པའི་ཐེབས་རྩ་མི་འདྲ་བའི་རྒྱུ་ནོར་ལ་སྤྱོད་ཚུལ་དྲང་གཞག་མིན་པ་འཛིན་པ། ཐེབས་རྩའི་རྒྱུ་ནོར་བེད་སྤྱད་པའམ་ཡང་ན་ལས་འགན་ཀྱི་སྟབས་ལེགས་ལ་བརྟེན་ནས་ཐེབས་རྩའི་བགོ་སྐལ་འཛིན་མཁན་ཕུད་པའི་སྐྱེ་བོ་གཞན་པར་ཁེ་ཕན་གཉེར་བ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ལ་ཁྲིམས་འགལ་གྱིས་ཁེ་ཕན་ཐོབ་པ་ཁས་ལེན་པའམ་ཡང་ན་གྱོང་གུན་འཁུར་བ། ཐེབས་རྩའི་རྒྱུ་ནོར་ཧམ་བཟུང་དང་གཞན་སྤྱོད་བྱེད་པ། ལས་འགན་གྱི་སྟབས་ལེགས་ལ་བརྟེན་ནས་ཆ་འཕྲིན་སྤྱི་བསྒྲགས་མ་བྱས་པ་རྣམས་ཕྱིར་སྒྲོག་དང་། ཆ་འཕྲིན་དེར་བརྟེན་ནས་མི་གཞན་པར་འབྲེལ་ཡོད་ཉོ་ཚོང་བྱ་འགུལ་ནང་ཞུགས་པར་མངོན་ལྐོག་གང་རུང་ནས་བསྟན་པ། ལས་འགན་ལ་སྣང་ཆུང་བྱེད་ཅིང་། གཏན་འབེབས་ལྟར་འགན་འཁྲི་ལག་བསྟར་མི་བྱེད་པ།བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་བཅས་ནས་གཏན་ལ་ཕབ་པའི་གཏན་འགོག་གི་བྱ་སྤྱོད་གཞན་དག་བཅས་ཡིན།

དོན་ཚན་ཉེར་གཅིག་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པས་ནང་ཁུལ་བདག་སྐྱོང་སྒྲིག་ཚུལ་ལེགས་པོ་ཞིག་འཛུགས་དགོས་པ་དང་། མ་རྐང་འཇོག་མཁན་གྱི་གྲོས་ཚོགས་དང་ལས་འཛིན་ཚོགས་པ། ལྟ་ཞིབ་ཚོགས་པ། མཐོ་རིམ་དོ་དམ་མི་སྣ་བཅས་ཀྱི་འགན་འཁྲིའི་དབང་ཚད་བཅས་ཀྱི་སྐོར་གསལ་ཐག་ཆོད་བཟོས་ནས། ཐེབས་རྩ་དོ་དམ་པས་རང་ཚུགས་འགན་སྒྲུབ་བྱེད་པར་ཁག་ཐེག་ནན་ཏན་ཐོབ་དགོས། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པས་ཆེད་གཉེར་མི་སྣས་མ་རྐང་འཇོག་པའི་འཆར་གཞི་ལག་བསྟར་བྱས་ནས། སྐུལ་སློང་དང་གཅུན་སྡོམ་བྱེད་པར་ཕན་ནུས་ཡུན་རིང་ལྡན་པའི་ལམ་སྲོལ་འཛུགས་ཆོགཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་མ་རྐང་འཇོག་མཁན་དང་ལས་འཛིན་པ། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ཀྱིས་དབང་ཆ་སྤྱོད་པའམ་ཡང་ན་འགན་འཁྲི་དང་ལེན་བྱེད་སྐབས། ཐེབས་རྩའི་བགོ་སྐལ་འཛིན་མཁན་ལ་དམིགས་བསལ་ཁེ་ཕན་སྤྲོད་པའི་རྩ་དོན་བརྩི་སྲུང་བྱེད་དགོས།

དོན་ཚན་ཉེར་གཉིས་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པས་ཐེབས་རྩ་དོ་དམ་བྱེད་དངུལ་ལས་ཉེན་ཟོན་གྲ་སྒྲིག་མ་དངུལ་རྩིས་ལེན་བྱེད་དགོས། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པས་ཁྲིམས་འགལ་སྒྲིག་འགལ་དང་ཐེབས་རྩའི་གན་རྒྱ་ལས་འགལ་བ་སོགས་བྱ་སྤྱོད་སྤེལ་རྐྱེན། ཐེབས་རྩའི་རྒྱུ་ནོར་རམ་ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོས་ན། དེར་སྐྱིན་ཚབ་སྤྲོད་འགན་འཁུར་དགོས་ཤིང་། དམིགས་སུ་བཀར་ནས་ཉེན་ཟོན་གྲ་སྒྲིག་མ་དངུལ་བཏང་ནས་སྐྱིན་ཚབ་སྤྲོད་ཆོག

དོན་ཚན་ཉེར་གསུམ་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་མ་རྐང་འཇོག་མཁན་དང་དངོས་གནས་ཚོད་འཛིན་མཁན་རྣམས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་གཏན་འབེབས་གཞིར་བཟུང་ནས་དོན་ཚན་འགངས་ཆེན་དུས་བསྟུན་སྙན་སེང་ཞུ་བའི་འོས་འགན་ལག་བསྟར་བྱེད་དགོས་པ་ལས། གཤམ་གསལ་བྱ་སྤྱོད་ཁག་ཡོད་མི་ཆོག་སྟེ།

མ་དངུལ་གཏོང་བ་རྫུན་བཟོ་དང་མ་དངུལ་ལྐོག་འཐེན་བྱེད་པ། མ་རྐང་འཇོག་མཁན་གྱི་གྲོས་ཚོགས་དང་ལས་འཛིན་ཚོགས་པའི་གྲོས་ཆོད་མ་བརྒྱུད་པར་རང་འདོད་ཀྱིས་ཐེབས་རྩ་དོ་དམ་པའི་ཐེབས་རྩའི་གཉེར་སྐྱོང་བྱེད་སྒོར་ཐེ་གཏོག་བྱེད་པ། ཐེབས་རྩ་དོ་དམ་པར་ཐེབས་རྩའི་རྒྱུ་ནོར་བེད་སྤྱད་ནས་རང་ཉིད་དང་མི་གཞན་ལ་ཁེ་ཕན་ཐོབ་པའི་རེ་ཞུ་བྱས་པས། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཁེ་ཕན་ལ་གནོད་སྐྱེལ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་གཏན་ལ་ཕབ་པའི་གཏན་འགོག་གི་བྱ་སྤྱོད་གཞན་དག་བཅས་ཡིན། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་མ་རྐང་འཇོག་མཁན་དང་དངོས་གནས་ཚོད་འཛིན་མཁན་རྣམས་ལ་ནང་གསེས་དོན་ཚན་གོང་མའི་ནང་གི་བྱ་སྤྱོད་གནས་པའམ་ཡང་ན་མ་རྐང་འཇོག་མཁན་ལ་ཁྲིམས་བཀོད་ཆ་རྐྱེན་མི་ལྡན་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་དུས་བཅད་ཡོ་བསྲང་བྱེད་པའི་བཀའ་ཁྲོལ་རྒྱུ་མ་ཟད། གནས་ཚུལ་ལ་ལྟོས་ནས་ཐེབས་རྩའི་དབང་འཛིན་མཁན་ནམ་ཚོད་འཛིན་མཁན་གྱི་འགན་དབང་བསྒྱུར་བཅོས་བྱེད་པའི་བཀའ་ཁྲོལ་རྒྱུ།

ནང་གསེས་དོན་ཚན་གོང་མའི་ནང་གཏན་ལ་ཕབ་པའི་མ་རྐང་འཇོག་མཁན་དང་དངོས་གནས་ཚོད་འཛིན་མཁན་གྱིས་བླང་བྱ་ལྟར་ཁྲིམས་འགལ་བྱ་སྤྱོད་ཡོ་བསྲང་དང་། བདག་གིར་འཛིན་པ་དང་ཡང་ན་ཚོད་འཛིན་བྱེད་པའི་ཐེབས་རྩ་དོ་དམ་པའི་མ་རྐང་འཛིན་དབང་བཤུག་སྤྲོད་མ་བྱས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་འབྲེལ་ཡོད་ཀྱི་མ་རྐང་འཇོག་མཁན་གྱི་ཁེ་དབང་ཚོད་བཀག་བྱས་ཆོག

དོན་ཚན་ཉེར་བཞི་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པས་ཁྲིམས་འགལ་སྒྲིག་འགལ་བྱས་པ་དང་། ཡང་ན་དེའི་ནང་ཁུལ་བདག་སྐྱོང་སྒྲིག་ཚུལ་དང་རྩིས་བཤེར་ལྟ་སྐུལ་ཚོད་འཛིན། ཉེན་ཟོན་ཚོད་འཛིན་དོ་དམ་སྐོར་བཅས་གཏན་འབེབས་དང་མི་འཚམ་པ་ཡིན་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་དུས་བཅད་ཡོ་བསྲང་བྱེད་པའི་བཀའ་ཁྲོལ་རྒྱུ། དུས་ལྟར་ཡོ་བསྲང་མ་བྱས་པའམ་ཡང་ན་དེའི་བྱ་སྤྱོད་ཀྱིས་ཐེབས་རྩ་དོ་དམ་པའི་འཁོར་སྐྱོད་བརྟན་པོར་ཤུགས་རྐྱེན་ངན་པ་ཐེབས་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བ་བཅས་བྱུང་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་གནས་ཚུལ་ལ་ལྟོས་ནས་གཤམ་གསལ་བྱ་ཐབས་ཁག་སྤེལ་རྒྱུ་སྟེ།

ལས་སྒོའི་བྱེད་སྒོ་ཚད་བཀག་བྱས་ནས། ལས་སྒོ་ཆ་ཚང་ངམ་ཁག་ཅིག་མཚམས་འཇོག་དགོས་པའི་བཀའ་ཁྲོལ་རྒྱུ། ཁེ་འབབ་བགོ་བཤའ་རྒྱག་པ་ཚད་བཀག་བྱས་ནས། ལས་འཛིན་པ་དང་ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ལ་གླ་ཆ་སྤྲོད་པ་དང་འཚོ་ཕན་འདོན་རྒྱུར་ཚད་བཀག་བྱེད་རྒྱུ། སྔར་ཡོད་རྒྱུ་ནོར་བཤུག་སྤྲོད་དམ་ཡང་ན་སྔར་ཡོད་རྒྱུ་ནོར་ཐོག་ཏུ་དབང་ཆ་གཞན་དག་འགོད་པ་ཚད་བཀག་བྱེད་རྒྱུ། ལས་འཛིན་པ་དང་། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་བརྗེ་བསྒྱུར་བཀའ་འབེབས་པའམ་དེ་དག་གི་དབང་ཆ་ཚད་བཀག་བྱེད་རྒྱུ། འབྲེལ་ཡོད་མ་རྐང་འཇོག་མཁན་གྱིས་མ་རྐང་འཛིན་དབང་བཤུག་སྤྲོད་བྱེད་པའི་བཀའ་འབེབས་རྒྱུ་དང་། མ་རྐང་འཇོག་མཁན་དང་འབྲེལ་བའི་མ་རྐང་འཛིན་དབང་ཚད་བཀག་བྱེད་རྒྱུ་བཅས་ཡིན། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པ་དག་ཐེར་ཡོ་བསྲང་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཡིག་ཐོག་སྙན་ཞུ་འབུལ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་ཞིབ་བཤེར་རྩིས་ལེན་བྱས་རྗེས། འབྲེལ་ཡོད་བླང་བྱ་དང་འཚམ་པ་ཡིན་ན། ཞིབ་བཤེར་རྩིས་ལེན་མཇུག་འགྲིལ་ཉིན་ནས་བཟུང་ཉིན་གསུམ་ནང་དུ། དེར་འབྲེལ་ཡོད་བྱ་ཐབས་སྤེལ་རྒྱུ་མེད་པར་བཟོ་དགོས།

དོན་ཚན་ཉེར་ལྔ་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་ལས་འཛིན་པ་དང་། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ་བཅས་ཀྱིས་རང་འགན་འབད་སྒྲུབ་བྱས་མ་ཐུབ་པའི་རྐྱེན་ལས། ཐེབས་རྩ་དོ་དམ་པར་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དམ་ཡང་ན་ཉེན་ཁ་ཚབས་ཆེན་སློང་དུ་བཅུག་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་བརྗེ་བསྒྱུར་གཏོང་བའི་བཀའ་ཕབ་ཆོག

དོན་ཚན་ཉེར་དྲུག་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པས་ཁྲིམས་འགལ་གཉེར་སྐྱོང་དང་ཉེན་ཁ་ཚབས་ཆེན་བྱུང་བའམ། དངུལ་འཛིན་ཚོང་རའི་སྒྲིག་ལམ་ལ་གནོད་སྐྱོན་ཚབས་ཆེན་བཟོས་པ་དང་། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཁེ་ཕན་ལ་གནོད་སྐྱེལ་བ་བཅས་བྱས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་ཐེབས་རྩ་དོ་དམ་པ་དེར་ལས་མཚམས་བཞག་ནས་དག་ཐེར་བྱེད་པའི་བཀའ་འབེབས་རྒྱུ་དང་། ལས་ཁུངས་གཞན་དམིགས་འཛུགས་བྱས་ཏེ་ཚབ་གཉེར་དང་རྩིས་ལེན་བདག་སྤྲོད། ཐེབས་རྩ་དོ་དམ་བྱེད་པའི་ཐོབ་ཐང་མེད་པར་བཟོ་བའམ་འདོར་བ་སོགས་ལྟ་སྐུལ་དོ་དམ་གྱི་བྱ་ཐབས་སྤྱོད་ཆོག

དོན་ཚན་ཉེར་བདུན་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པར་ལས་མཚམས་བཞག་ནས་དག་ཐེར་བྱེད་པའི་བཀའ་ཕབ་པ་དང་། ཁྲིམས་ལྟར་དམིགས་འཛུགས་བྱས་ཏེ་ཚབ་གཉེར་དང་རྩིས་ལེན་བདག་སྤྲོད། གཙང་རྩིས་བཅས་བྱེད་རིང་ངམ། ཡང་ན་ཉེན་ཁ་ཚབས་ཆེན་བྱུང་སྐབས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ཆོག་བཀོད་ཐོབ་པ་བརྒྱུད། ཐེབས་རྩ་དོ་དམ་པ་དེས་ཐད་ཀར་འགན་འཁུར་བའི་ལས་འཛིན་པ་དང་། ལྟ་ཞིབ་པ། མཐོ་རིམ་དོ་དམ་མི་སྣ། ཐད་ཀར་འགན་འཁུར་མི་སྣ་གཞན་དག་བཅས་ལ་གཤམ་གསལ་བྱ་ཐབས་ཁག་སྤྱོད་རྒྱུ་སྟེ།

རྒྱལ་ཁོངས་ནས་ཐོན་པའི་དོ་དམ་ལས་ཁུངས་ལ་མི་དེ་བཅའ་ཁྲིམས་ལྟར་ཕྱིར་མི་གཏོང་བའི་བརྡ་སྦྱོར་གཏོང་རྒྱུ།ཁྲིམས་འཛིན་ལས་ཁུངས་ལ་མི་དེས་རྒྱུ་ནོར་སྤོ་བསྒྱུར་དང་བཤུག་སྤྲོད། ཡང་ན་བྱ་ཐབས་གཞན་སྤྱད་ནས་བགོ་འགྲེམས་གཏོང་བའམ། ཡང་ན་རྒྱུ་ནོར་ཐོག་ཏུ་དབང་ཆ་གཞན་འགོད་པ་སོགས་གཏན་འགོག་བྱེད་པའི་རེ་ཞུ་འབུལ་རྒྱུ།

དོན་ཚན་ཉེར་བརྒྱད་པ། གཤམ་གསལ་གནས་ཚུལ་གྱི་རིགས་གཅིག་ཡོད་ན། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་ལས་འགན་མཇུག་སྒྲིལ་རྒྱུ་སྟེ།

བཅའ་ཁྲིམས་ལྟར་ཐེབས་རྩ་དོ་དམ་བྱེད་པའི་ཐོབ་ཐང་མེད་པར་བཟོས་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་ནས་ལས་འགན་བླངས་པ། བཅའ་ཁྲིམས་ལྟར་ཁ་གཏོར་བ་དང་། བཅའ་ཁྲིམས་ལྟར་དོར་བའམ་ཡང་ན་ཁྲིམས་ལྟར་མ་རྩ་སྟོངས་བ་ཁྱབ་བསྒྲགས་བྱས་པ། ཐེབས་རྩའི་གན་རྒྱར་ཁ་དན་བཞག་པའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་ཉེར་དགུ་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་ལས་འགན་སྒྲུབ་མཚམས་བཞག་ན། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་ནས་ཟླ་དྲུག་གི་ནང་དུ་ཐེབས་རྩ་དོ་དམ་པ་གསར་པ་བདམས་དགོས་ཤིང་། དོ་དམ་པ་གསར་པ་མ་ཐོན་སྔོན་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་སྐབས་ཐོག་གི་ཐེབས་རྩ་དོ་དམ་པ་གཏན་འཁེལ་བྱེད་རྒྱུ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་ལས་འགན་སྒྲུབ་མཚམས་བཞག་ན། ཐེབས་རྩ་དོ་དམ་གྱི་ལས་སྒོའི་ཡིག་ཆ་རྣམས་ཉར་ཚགས་ལེགས་པོ་བྱེད་དགོས་ཤིང་། ཐེབས་རྩ་དོ་དམ་གྱི་ལས་སྒོ་རྩིས་སྤྲོད་པའི་འགྲོ་ལུགས་འཕྲལ་མར་བསྒྲུབ་རྒྱུ་དང་། ཐེབས་རྩ་དོ་དམ་པ་གསར་པའམ་སྐབས་ཐོག་གི་དོ་དམ་པས་འཕྲལ་མར་རྩིས་ལེན་བྱེད་དགོས།

དོན་ཚན་སུམ་ཅུ་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་ལས་འགན་སྒྲུབ་མཚམས་བཞག་ན། གཏན་འབེབས་ལྟར་རྩིས་གཉེར་ལས་སྒྲུབ་ཁང་གདན་ཞུ་བྱས་ནས་ཐེབས་རྩའི་རྒྱུ་ནོར་རྩིས་བཤེར་འགོད་རྒྱུ་དང་། རྩིས་བཤེར་མཇུག་འབྲས་སྤྱི་བསྒྲགས་བྱེད་པ་དང་ཆབས་ཅིག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཡིག་ཐོག་སྙན་ཞུ་འབུལ་རྒྱུ།

དོན་ཚན་སོ་གཅིག་པ། ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩའི་ཐེབས་རྩ་དོ་དམ་པ་ཚད་ལྡན་ཡོང་བར་སྤྱད་པའི་ཞིབ་ཕྲའི་བྱ་ཐབས་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩའི་ལས་རིགས་ལྟ་སྐུལ་དོ་དམ་ལས་ཁུངས་ནས་ལེའུ་འདིའི་རྩ་དོན་གཞིར་བཟུང་སྟེ་གཏན་འབེབས་བྱེད་རྒྱུ།

3 ལེའུ་གསུམ་པ། ཐེབས་རྩ་ཚབ་གཉེར་པའི་སྐོར།

དོན་ཚན་སོ་གཉིས་པ། ཐེབས་རྩ་ཚབ་གཉེར་པ་ནི་ཁྲིམས་ལྟར་བཙུགས་པའི་ཚོང་ལས་དངུལ་ཁང་ངམ་དངུལ་རྩའི་ལས་ཁུངས་གཞན་ནས་འགན་འཁུར་དགོས། ཚོང་ལས་དངུལ་ཁང་གིས་ཐེབས་རྩ་ཚབ་གཉེར་པའི་འགན་འཁུར་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ལས་ཁུངས་གཉིས་ཀྱིས་མཉམ་དུ་ཞིབ་མཆན་འགོད་དགོས། དངུལ་རྩའི་ལས་ཁུངས་གཞན་དག་གིས་ཐེབས་རྩ་ཚབ་གཉེར་པའི་འགན་འཁུར་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཞིབ་མཆན་འགོད་དགོས།

དོན་ཚན་སོ་གསུམ་པ། ཐེབས་རྩ་ཚབ་གཉེར་པའི་འགན་འཁུར་བར་གཤམ་གསལ་ཆ་རྐྱེན་ཁག་འཛོམ་དགོས་ཏེ།

དངོས་ཡོད་རྒྱུ་ནོར་དང་ཉེན་འཁུར་ཚོད་འཛིན་དམིགས་ཚད་ནི་འབྲེལ་ཡོད་གཏན་འབེབས་དང་འཚམ་པ་དང་། ཐེབས་རྩ་ཚབ་གཉེར་ཆེད་དམིགས་སྡེ་ཁག་བཙུགས་ཡོད་པ།ཐེབས་རྩའི་ལས་ཞུགས་ཐོབ་ཐང་ཐོབ་པའི་ཆེད་ལས་མི་སྣ་ཁྲིམས་བཀོད་ཀྱི་གྲངས་ཚད་ཟིན་པ། ཐེབས་རྩའི་རྒྱུ་ནོར་བདེ་འཇགས་ངང་ཉར་ཚགས་བྱེད་པའི་ཆ་རྐྱེན་འཛོམས་པ། འཕྱུགས་པ་མེད་ལ་ལས་ཆོད་ཆེ་བའི་གཙང་རྩིས་དང་རྩིས་སྤྲོད་རྩིས་ལེན་མ་ལག་ཡོད་པ། བླང་བྱ་དང་མཐུན་པའི་ལས་གཉེར་བྱེད་ཡུལ་དང་། བདེ་འཇགས་ཉེན་ཟོན་གྱི་སྒྲིག་བཀོད། ཐེབས་རྩ་ཚབ་གཉེར་ལས་སྒོ་དང་འབྲེལ་ཡོད་ཀྱི་སྒྲིག་བཀོད་གཞན་དག་བཅས་ཡོད་པ། ནང་ཁུལ་གྱི་རྩིས་བཤེར་ཚོད་འཛིན་ལམ་ལུགས་དང་ཉེན་འཁུར་ཚོད་འཛིན་ལམ་ལུགས་འཐུས་སྒོ་ཚང་བ་ཡོད་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ལས་ཁུངས་བཅས་ནས་གཏན་ལ་ཕབ་པའི་ཆ་རྐྱེན་གཞན་དག་བཅས་ཡིན།

དོན་ཚན་སོ་བཞི་པ། བཅའ་ཁྲིམས་འདིའི་དོན་ཚན་བཅོ་ལྔ་པ་དང་། དོན་ཚན་བཅུ་བདུན་པ། དོན་ཚན་བཅོ་བརྒྱད་པ་བཅས་ཀྱི་གཏན་འབེབས་ནི། ཐེབས་རྩ་ཚབ་གཉེར་པའི་ཐེབས་རྩ་ཚབ་གཉེར་ཆེད་དམིགས་སྡེ་ཁག་གི་མཐོ་རིམ་དོ་དམ་མི་སྣ་དང་ལས་མི་གཞན་དག་ལ་སྤྱད་འཐུས། བཅའ་ཁྲིམས་འདིའི་དོན་ཚན་བཅུ་དྲུག་པའི་གཏན་འབེབས་ནི། ཐེབས་རྩ་ཚབ་གཉེར་པའི་ཐེབས་རྩ་ཚབ་གཉེར་ཆེད་དམིགས་སྡེ་ཁག་གི་མཐོ་རིམ་དོ་དམ་མི་སྣར་སྤྱད་འཐུས།

དོན་ཚན་སོ་ལྔ་པ། ཐེབས་རྩ་ཚབ་གཉེར་པ་དང་ཐེབས་རྩ་དོ་དམ་པ་ནི་ལས་ཁུངས་གཅིག་ཡིན་མི་ཆོག་པ་དང་། ཕན་ཚུན་མ་དངུལ་གཏོང་རེས་སམ་ཡང་ན་མ་རྐང་འཛིན་རེས་བྱས་མི་ཆོག

དོན་ཚན་སོ་དྲུག་པ། ཐེབས་རྩ་ཚབ་གཉེར་པས་གཤམ་གསལ་གྱི་འགན་འཁྲི་བསྒྲུབ་དགོས་པ་སྟེ།

ཐེབས་རྩའི་རྒྱུ་ནོར་ཉེན་མེད་ངང་ཉར་ཚགས་བྱེད་རྒྱུ། གཏན་འབེབས་ལྟར་ཐེབས་རྩའི་རྒྱུ་ནོར་གྱི་མ་དངུལ་ཐོ་ཁོངས་དང་དངུལ་འཛིན་ཐོ་ཁོངས་བཟོ་བ། ཚབ་གཉེར་བྱས་པས་ཐེབས་རྩའི་རྒྱུ་ནོར་མི་འདྲ་བ་དག་སོ་སོར་ཐོ་ཁོངས་བཟོས་ཏེ། ཐེབས་རྩའི་རྒྱུ་ནོར་ཆ་ཚང་བ་དང་རང་ཚུགས་ཐུབ་པར་འགན་ལེན་ཏན་ཏིག་བྱེད་རྒྱུ། ཐེབས་རྩ་ཚབ་གཉེར་ལས་སྒོ་སྤེལ་བའི་ཟིན་ཐོ་དང་། རྩིས་ཐོ། སྙན་ཞུའི་རེའུ་མིག འབྲེལ་ཡོད་ཀྱི་དཔྱད་ཡིག་གཞན་དག་བཅས་ཉར་ཚགས་བྱེད་རྒྱུ། ཐེབས་རྩའི་གན་རྒྱར་ཁ་དན་བཞག་པ་ལྟར་ཐེབས་རྩ་དོ་དམ་པའི་མ་དངུལ་གཏོང་བའི་བཀའ་རྒྱར་གཞིགས་ཏེ་གཙང་རྩིས་དང་རྩིས་སྤྲོད་རྩིས་ལེན་གྱི་བྱ་བ་དུས་ཐོག་ཏུ་བསྒྲུབ་རྒྱུ། ཐེབས་རྩ་ཚབ་གཉེར་ལས་སྒོ་སྒྲུབ་ཚུལ་སྐོར་གྱི་ཆ་འཕྲིན་ཕྱིར་བསྒྲགས་དོན་ཚན་བསྒྲུབ་རྒྱུ། ཐེབས་རྩའི་ནོར་དོན་རྩིས་གཉེར་སྐོར་གྱི་སྙན་ཞུ་དང་། དུས་དཀྱིལ་དང་ལོ་འཁོར་མོའི་ཐེབས་རྩའི་སྐོར་གྱི་སྙན་ཞུར་བསམ་འཆར་འདོན་པ། ཐེབས་རྩ་དོ་དམ་པས་རྩིས་བརྒྱབ་པའི་ཐེབས་རྩའི་རྒྱུ་ནོར་གྱི་དངོས་འབབ་རིན་ཐང་དང་ཐེབས་རྩའི་བགོ་སྐལ་ཉོ་སྒྲུབ་རེ་ཞུ་དང་ཚུར་བླུའི་རིན་གོང་ལ་བསྐྱར་ཞིབ་དང་ཞིབ་དཔྱད་བྱེད་རྒྱུ།གཏན་འབེབས་ལྟར་ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཚོགས་ཆེན་སྐོང་འཚོག་བྱེད་རྒྱུ། གཏན་འབེབས་ལྟར་ཐེབས་རྩ་དོ་དམ་པའི་མ་དངུལ་གཏོང་ཚུལ་ལ་ལྟ་སྐུལ་བྱེད་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་གཏན་ལ་ཕབ་པའི་འགན་འཁྲི་གཞན་དག་བཅས་ཡིན།

དོན་ཚན་སོ་བདུན་པ། ཐེབས་རྩ་དོ་དམ་པའི་མ་དངུལ་གཏོང་བའི་བཀའ་རྒྱ་དེ་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། འབྲེལ་ཡོད་ཀྱི་གཏན་འབེབས་གཞན་དག་བཅས་དང་འགལ་བའམ་ཡང་ན་ཐེབས་རྩའི་གན་རྒྱའི་ཁ་དན་དང་འགལ་བ་ཡིན་པ་ཐེབས་རྩ་ཚབ་གཉེར་པས་ཤེས་ན། ལག་བསྟར་བྱེད་རྒྱུ་ངོ་ཟློག་པ་དང་འཕྲལ་མར་ཐེབས་རྩ་དོ་དམ་པར་བརྡ་སྦྱོར་གཏོང་དགོས་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། ཐེབས་རྩ་དོ་དམ་པས་ཉོ་ཚོང་གི་གོ་རིམ་གཞིར་བཟུང་ནས་ནུས་པ་ཐོན་ཟིན་པའི་མ་དངུལ་གཏོང་བའི་བཀའ་རྒྱ་དེ་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། འབྲེལ་ཡོད་ཀྱི་གཏན་འབེབས་གཞན་དག་བཅས་དང་འགལ་བའམ། ཡང་ན་ཐེབས་རྩའི་གན་རྒྱའི་ཁ་དན་དང་འགལ་བ་བཅས་ཡིན་པ་ཐེབས་རྩ་ཚབ་གཉེར་པས་ཤེས་ཚེ། འཕྲལ་མར་ཐེབས་རྩ་དོ་དམ་པར་བརྡ་སྦྱོར་གཏོང་དགོས་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།

དོན་ཚན་སོ་བརྒྱད་པ། བཅའ་ཁྲིམས་འདིའི་དོན་ཚན་ཉི་ཤུ་པ་དང་དོན་ཚན་ཉེར་གཉིས་པའི་གཏན་འབེབས་ནི་ཐེབས་རྩ་ཚབ་གཉེར་པར་སྤྱད་འཐུས།

དོན་ཚན་སོ་དགུ་པ། ཐེབས་རྩ་ཚབ་གཉེར་པར་བཅའ་ཁྲིམས་འདིའི་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་མི་ལྡན་པ་དང་། ཡང་ན་རང་འགན་འབད་སྒྲུབ་བྱེད་མ་ཐུབ་པ་ལས། བཅའ་ཁྲིམས་འདིར་གཏན་འབེབས་བྱས་པའི་ལས་འགན་ལག་བསྟར་བྱེད་སྐབས་ནོར་འཛོལ་ཆེན་པོ་བྱུང་བ་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ལས་ཁུངས་གཉིས་ནས་ཡོ་བསྲང་དགོས་པའི་བཀའ་འབེབས་རྒྱུ། དུས་ཐོག་ཡོ་བསྲང་མ་བྱས་པ་དང་། ཡང་ན་དེས་བྱ་སྤྱོད་ཀྱིས་ཚབ་གཉེར་ཐེབས་རྩ་འཁོར་སྐྱོད་བརྟན་པོ་ཡོང་བར་རྐྱེན་ངན་བཟོས་པའམ། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཁེ་ཕན་ལ་གནོད་སྐྱེལ་བ་བཅས་བྱུང་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ལས་ཁུངས་གཉིས་ཀྱིས་གནས་ཚུལ་ལ་གཞིགས་ནས་གཤམ་གསལ་བྱ་ཐབས་ཁག་སྤེལ་རྒྱུ་སྟེ།

ལས་སྒོའི་བྱ་འགུལ་ཚད་བཀག་བྱས་ནས། ཐེབས་རྩ་ཚབ་གཉེར་གྱི་ལས་སྒོ་གསར་པ་འཛུགས་རྒྱུ་མཚམས་འཇོག་དགོས་པའི་བཀའ་འབེབས་པ། ཐེབས་རྩ་ཚབ་གཉེར་ཆེད་དམིགས་སྡེ་ཁག་གི་འགན་ཡོད་མཐོ་རིམ་དོ་དམ་མི་སྣ་བརྗེ་བསྒྱུར་གཏོང་བའི་བཀའ་འབེབས་པ། ཐེབས་རྩ་ཚབ་གཉེར་པས་དག་ཐེར་ཡོ་བསྲང་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ལས་ཁུངས་གཉིས་ལ་ཡིག་ཐོག་སྙན་ཞུ་འབུལ་དགོས་ཤིང་། ཞིབ་བཤེར་རྩིས་ལེན་བྱས་རྗེས་བླང་བྱ་དང་འཚམ་ན། ཞིབ་བཤེར་རྩིས་ལེན་ཚར་ཉིན་ནས་བཟུང་ཉིན་གསུམ་ནང་དུ་དེར་འབྲེལ་ཡོད་བྱ་ཐབས་སྤྱོད་རྒྱུ་མེད་པར་བཟོ་དགོས།

དོན་ཚན་བཞི་བཅུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ལས་ཁུངས་གཉིས་ནས། ཐེབས་རྩ་ཚབ་གཉེར་པར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཐེབས་རྩ་ཚབ་གཉེར་བྱེད་པའི་ཐོབ་ཐང་མེད་པར་བཟོ་ཆོག་སྟེ།

བསྟུད་མར་ལོ་གསུམ་རིང་ཐེབས་རྩ་ཚབ་གཉེར་བྱེད་པའི་ལས་སྒོ་སྤེལ་མེད་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཞིང་གནས་ཚུལ་ཚབས་ཆེ་བ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག་བཅས།

དོན་ཚན་ཞེ་གཅིག་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཐེབས་རྩ་ཚབ་གཉེར་པའི་འགན་འཁྲི་སྒྲུབ་མཚམས་འཇོག་རྒྱུ་སྟེ།

ཁྲིམས་ལྟར་ཐེབས་རྩ་ཚབ་གཉེར་བྱེད་པའི་ཐོབ་ཐང་མེད་པར་བཟོས་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་ནས་ལས་འགན་བླངས་པ། བཅའ་ཁྲིམས་ལྟར་ཁ་གཏོར་བ་དང་། བཅའ་ཁྲིམས་ལྟར་དོར་བའམ་ཡང་ན་ཁྲིམས་ལྟར་མ་རྩ་སྟོངས་བ་ཁྱབ་བསྒྲགས་བྱས་པ། ཐེབས་རྩའི་གན་རྒྱར་ཁ་དན་བཞག་པའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་ཞེ་གཉིས་པ། ཐེབས་རྩ་ཚབ་གཉེར་པའི་འགན་འཁྲི་སྒྲུབ་མཚམས་བཞག་ན། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་གྱིས་ཟླ་བ་དྲུག་རིང་ཐེབས་རྩ་ཚབ་གཉེར་པ་གསར་པ་འདེམས་བསྐོ་བྱེད་རྒྱུ་དང་། ཐེབས་རྩ་ཚབ་གཉེར་པ་གསར་པ་མ་ཐོན་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་སྐབས་ཐོག་གི་ཐེབས་རྩ་ཚབ་གཉེར་པ་གཏན་འཁེལ་བྱེད་རྒྱུ། ཐེབས་རྩ་ཚབ་གཉེར་པའི་འགན་འཁྲི་སྒྲུབ་མཚམས་བཞག་ན། ཐེབས་རྩའི་རྒྱུ་ནོར་དང་ཐེབས་རྩ་ཚབ་གཉེར་ལས་སྒོའི་སྐོར་གྱི་དཔྱད་ཡིག་རྣམས་ཉར་ཚགས་གང་ལེགས་བྱས་ཐོག ཐེབས་རྩའི་རྒྱུ་ནོར་དང་ཐེབས་རྩ་ཚབ་གཉེར་ལས་སྒོའི་རྩིས་སྤྲོད་འགྲོ་ལུགས་འཕྲལ་མར་སྒྲུབ་རྒྱུ་དང་། ཐེབས་རྩ་ཚབ་གཉེར་པ་གསར་པའམ་ཡང་ན་སྐབས་ཐོག་གི་ཐེབས་རྩ་ཚབ་གཉེར་པ་རྣམས་ཀྱིས་དུས་ཐོག་རྩིས་ལེན་བྱེད་དགོས།

དོན་ཚན་ཞེ་གསུམ་པ། ཐེབས་རྩ་ཚབ་གཉེར་པའི་འགན་འཁྲི་སྒྲུབ་མཚམས་བཞག་ན། གཏན་འབེབས་ལྟར་རྩིས་གཉེར་ལས་སྒྲུབ་ཁང་གདན་འདྲེན་ཞུས་ནས་ཐེབས་རྩའི་རྒྱུ་ནོར་རྩིས་བཤེར་བྱེད་དུ་འཇུག་རྒྱུ་མ་ཟད། རྩིས་བཤེར་བྱས་འབྲས་ཁྱབ་སྒྲོག་བྱེད་པ་དང་ཆབས་ཅིག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཐོ་འགོད་སྙན་ཞུ་འབུལ་དགོས།

4 ལེའུ་བཞི་པ། ཐེབས་རྩ་འཁོར་སྐྱོད་བྱེད་སྟངས་དང་སྒྲིག་འཛུགས་བྱེད་པའི་སྐོར།

དོན་ཚན་ཞེ་བཞི་པ། ཐེབས་རྩའི་གན་རྒྱར་ཐེབས་རྩ་འཁོར་སྐྱོད་བྱེད་སྟངས་སྐོར་གྱི་ཁ་དན་འཇོག་དགོས།

དོན་ཚན་ཞེ་ལྔ་པ། ཐེབས་རྩ་འཁོར་སྐྱོད་བྱེད་སྟངས་ནི་བཀག་སྡོམ་ཅན་དང་སྒོ་དབྱེ་ཅན། ཡང་ན་བྱེད་སྟངས་གཞན་དག་སོགས་སྤྱད་ཆོགབཀག་སྡོམ་ཅན་གྱི་འཁོར་སྐྱོད་བྱེད་སྟངས་སྤྱོད་པའི་ཐེབས་རྩ(གཤམ་དུ་བཀག་སྡོམ་ཅན་གྱི་ཐེབས་རྩ་ཟེར།)ནི། ཐེབས་རྩའི་གན་རྒྱའི་དུས་ཆད་རིང་ཐེབས་རྩའི་བགོ་སྐལ་གྱི་སྡོམ་འབོར་འགྱུར་མེད་གཏན་འཇགས་གནས་ཤིང་། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱིས་ཐེབས་རྩ་ཚུར་བླུ་དགོས་པའི་རེ་འདུན་ཞུ་མི་ཆོག་པ་ཡིན། སྒོ་དབྱེ་ཅན་གྱི་འཁོར་སྐྱོད་བྱེད་སྟངས་སྤྱོད་པའི་ཐེབས་རྩ(གཤམ་དུ་སྒོ་དབྱེ་ཅན་གྱི་ཐེབས་རྩ་ཟེར།)ནི། ཐེབས་རྩའི་བགོ་སྐལ་གྱི་སྡོམ་འབོར་གཏན་འཇགས་མིན་པ་དང་། ཐེབས་རྩའི་གན་རྒྱར་ཁ་དན་བཞག་པའི་དུས་ཚོད་དང་གནས་ཡུལ་དུ་ཐེབས་རྩའི་བགོ་སྐལ་ནས་ཐེབས་རྩ་ཉོ་སྒྲུབ་རེ་ཞུའམ་ཚུར་བླུ་ཆོག་པ་ཡིན། འཁོར་སྐྱོད་བྱེད་སྟངས་གཞན་དག་སྤྱོད་པའི་ཐེབས་རྩའི་ཐེབས་དེའི་བགོ་སྐལ་འགྲེམས་ཚོང་དང་ཉོ་ཚོང་། ཉོ་སྒྲུབ་རེ་ཞུ། ཚུར་བླུ་བ་བཅས་བྱ་ཐབས་སྤེལ་སྐབས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་ལོགས་སུ་གཏན་འབེབས་བྱེད་རྒྱུ།

དོན་ཚན་ཞེ་དྲུག་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ལ་གཤམ་གསལ་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་སྟེ།

ཐེབས་རྩའི་རྒྱུ་ནོར་ལས་ཐོབ་པའི་ཁེ་འབབ་མཉམ་དུ་ལོངས་སུ་སྤྱོད་པ། ཞིབ་རྩིས་བརྒྱབ་རྗེས་ཀྱི་ཐེབས་རྩའི་རྒྱུ་ནོར་ལྷག་འཕྲོ་བགོ་བཤའ་རྒྱག་པར་ཞུགས་པ། དེས་འཛིན་པའི་ཐེབས་རྩའི་བགོ་སྐལ་ཁྲིམས་ལྟར་བཤུག་སྤྲོད་དམ་ཚུར་བླུ་ཡོང་རེ་ཞུ་བ། གཏན་འབེབས་ལྟར་ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་སྐོང་འཚོག་བྱེད་རེ་ཞུ་བའམ་ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་སྐོང་འཚོག་བྱེད་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་གྱིས་གྲོས་ཞིབ་བྱེད་པའི་དོན་དག་ལ་བརྡས་ཐག་གཅོད་དབང་སྤྱོད་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ། ཐེབས་རྩ་ཞབས་ཞུ་ལས་ཁུངས་བཅས་ནས་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་ཞུ་གཏུག་བྱེད་པ། ཐེབས་རྩའི་གན་རྒྱར་ཁ་དན་བཞག་པའི་ཁེ་དབང་གཞན་དག་བཅས་ཡིན། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་བགོ་སྐལ་འཛིན་མཁན་ལ་ཐེབས་རྩའི་ཆ་འཕྲིན་དཔྱད་ཡིག་ཕྱིར་བསྒྲགས་ཟིན་པ་དེར་ལྟ་ཞིབ་དང་བསྐྱར་དཔར་བྱེད་དབང་ཡོད། ཐེབས་རྩ་བསྡུ་བ་ཡོངས་གྲགས་མིན་པའི་ཐེབས་རྩའི་བགོ་སྐལ་འཛིན་མཁན་ལ་རང་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནས་ཚུལ་ལ། ཐེབས་རྩའི་ནོར་དོན་སྐོར་གྱི་རྩིས་པའི་རྩིས་ཁྲ་སོགས་ནོར་དོན་དཔྱད་ཡིག་ལྟ་ཞིབ་བྱེད་དབང་ཡོད།

དོན་ཚན་ཞེ་བདུན་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་ནི་ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱིས་གྲུབ་པ་དང་། གཤམ་གསལ་འགན་དབང་སྤྱོད་རྒྱུ་སྟེ།

ཐེབས་རྩ་རྒྱ་སྐྱེད་བསྡུ་བའམ་ཐེབས་རྩའི་གན་རྒྱའི་དུས་ཡུན་རིང་དུ་སྲིང་བ་ཐག་གཅོད་བྱེད་རྒྱུ། ཐེབས་རྩའི་གན་རྒྱའི་ནང་དོན་གལ་ཆེན་ལ་བཟོ་བཅོས་བྱེད་པའམ་ཐེབས་རྩའི་གན་རྒྱ་དུས་ཆད་མ་ཟིན་སྔོན་ལ་མཚམས་འཇོག་པ་ཐག་གཅོད་བྱེད་རྒྱུ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ་བརྗེ་བསྒྱུར་བྱེད་པ་ཐག་གཅོད་བྱེད་རྒྱུ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པའི་གླ་ཆའི་ཚད་གཞི་བཅོས་སྒྲིག་བྱེད་པ་ཐག་གཅོད་བྱེད་རྒྱུ། ཐེབས་རྩའི་གན་རྒྱར་ཁ་དན་བཞག་པའི་འགན་དབང་གཞན་དག་བཅས།

དོན་ཚན་ཞེ་བརྒྱད་པ། ཐེབས་རྩའི་གན་རྒྱར་ཁ་དན་བཞག་པ་ལྟར། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་གྱིས་འཆར་ཅན་ལས་ཁུངས་བཙུགས་ནས་གཤམ་གསལ་འགན་དབང་སྤྱོད་རྒྱུ་སྟེ།

ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཚོགས་ཆེན་སྐོང་འཚོགས་བྱེད་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ་བརྗེ་བསྒྱུར་བྱེད་པའི་རེ་ཞུ་ཕུལ་བ། ཐེབས་རྩ་དོ་དམ་པའི་མ་རྩ་གཏོང་ཕྱོགས་དང་ཐེབས་རྩ་ཚབ་གཉེར་པའི་ཚབ་གཉེར་བྱེད་སྟངས་ལ་ལྟ་སྐུལ་བྱེད་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པའི་གླ་ཆའི་ཚད་གཞི་བཅོས་སྒྲིག་བྱེད་པའི་སྐོར་རེ་ཞུ་ཕུལ་བ། ཐེབས་རྩའི་གན་རྒྱར་ཁ་དན་བཞག་པའི་འགན་དབང་གཞན་དག་བཅས། ནང་གསེས་དོན་ཚན་གོང་མའི་ནང་གཏན་ལ་ཕབ་པའི་འཆར་ཅན་ལས་ཁུངས་ནི། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཚོགས་ཆེན་སྐོང་འཚོགས་བྱས་ནས་འདེམས་བསྐོ་བྱས་པའི་ཚོགས་མིས་གྲུབ་པ་ཞིག་ཡིན། དེའི་གྲོས་དོན་སྒྲིག་སྲོལ་ནི་ཐེབས་རྩའི་གན་རྒྱའི་ཁ་དན་ལྟར་འཇོག་རྒྱུ།

དོན་ཚན་ཞེ་དགུ་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཚོགས་ཆེན་དང་དེའི་འཆར་ཅན་ལས་ཁུངས་ནི། ཐེབས་རྩའི་མ་དངུལ་གཏོང་བའི་དོ་དམ་བྱེད་སྒོར་ཐད་ཀར་ཞུགས་པའམ་ཐེ་གཏོགས་བྱས་མི་ཆོག

5 ལེའུ་ལྔ་པ། ཐེབས་རྩ་ཡོངས་གྲགས་བསྡུ་སློང་བྱེད་ཕྱོགས་སྐོར།

དོན་ཚན་ལྔ་བཅུ་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ཐོ་འགོད་བརྒྱུད་དགོས། ཐོ་འགོད་མ་བརྒྱུད་པར་ཡོངས་གྲགས་སམ་ཐབས་ཚུལ་སྒྱུར་བའི་སྒོས་ཐེབས་རྩ་བསྡུ་སློང་བྱེད་མི་ཆོག

ནང་གསེས་དོན་ཚན་གོང་མར་ཡོངས་གྲགས་བསྡུ་སློང་ཐེབས་རྩ་ཞེས་པ་ནི། ཁ་ཕྱོགས་ངེས་གཏན་མེད་པར་མ་རྩ་བསྡུ་སློང་དང་ཁ་ཕྱོགས་ངེས་གཏན་ཡིན་པར་མ་རྩ་བསྡུ་སློང་བྱས་པའི་བསྡོམས་འབོར་མི་གྲངས་ཉིས་བརྒྱ་ལས་བརྒལ་བ་དང་། དེ་བཞིན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནས་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས།ཡོངས་གྲགས་བསྡུ་སློང་ཐེབས་རྩ་ནི་ཐེབས་རྩ་དོ་དམ་པས་དོ་དམ་བྱེད་པ་དང་ཐེབས་རྩ་ཚབ་གཉེར་པས་ཚབ་གཉེར་བྱེད་དགོས།

དོན་ཚན་ང་གཅིག་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩ་ཐོ་འགོད་བྱེད་རྒྱུ་ནི། བསྐོ་གཞག་བྱེད་རྩིས་ཡོད་པའི་ཐེབས་རྩ་དོ་དམ་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་གཤམ་གསལ་ཡིག་ཆ་འབུལ་སྤྲོད་བྱེད་རྒྱུ་སྟེ།

རེ་འདུན་ཞུ་ཡིགཐེབས་རྩའི་གན་རྒྱའི་མ་ཟིན། ཐེབས་རྩ་ཚབ་གཉེར་བྱེད་རྒྱུའི་སྐོར་གྱི་གྲོས་མཐུན་མ་ཟིན། བསྡུ་སྐོང་གསལ་བཤད་ཡི་གེའི་མ་ཟིན། ཁྲིམས་རྩོད་པའི་ལས་སྒྲུབ་ཁང་གིས་བཏོན་པའི་བཅའ་ཁྲིམས་ཐད་ཀྱི་བསམ་འཆར་ཡི་གེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་གཏན་ལ་ཕབ་པའི་འབུལ་སྤྲོད་བྱེད་རྒྱུའི་ཡིག་ཆ་གཞན་དག་བཅས་ཡིན།

དོན་ཚན་ང་གཉིས་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་གན་རྒྱར་གཤམ་གསལ་ནང་དོན་ཚུད་དགོས་ཏེ།

ཐེབས་རྩ་བསྡུ་སློང་གི་དམིགས་ཡུལ་དང་ཐེབས་རྩའི་མིང་། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པའི་མིང་དང་སྡོད་གནས། ཐེབས་རྩ་འཁོར་སྐྱོད་བྱེད་སྟངས། བཀག་སྡོམ་ཅན་གྱི་ཐེབས་རྩའི་བགོ་སྐལ་བསྡོམས་འབོར་དང་ཐེབས་རྩའི་གན་རྒྱའི་དུས་བཀག་གམ་ཡང་ན་སྒོ་དབྱེ་ཅན་གྱི་ཐེབས་རྩའི་བསྡུ་སྐལ་བསྡོམས་འབོར་དམའ་ཤོས། ཐེབས་རྩའི་བགོ་སྐལ་འགྲེམས་ཚོང་དུས་ཚོད་དང་། རིན་གོང་། འགྲོ་གྲོན་བཅས་གཏན་འཁེལ་བྱེད་རྒྱུའི་རྩ་དོན། ཐེབས་རྩའི་བགོ་སྐལ་འཛིན་མཁན་དང་། ཐེབས་རྩ་དོ་དམ་པ། ཐེབས་རྩ་ཚབ་གཉེར་པ་བཅས་ཀྱི་ཁེ་དབང་དང་འོས་འགན། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཚོགས་ཆེན་སྐོང་འཚོགས་དང་། ལས་དོན་གྲོས་བསྡུར། བརྡས་ཐག་གཅོད་པ་བཅས་ཀྱི་གོ་རིམ་དང་སྒྲིག་སྲོལ། ཐེབས་རྩའི་བགོ་སྐལ་འགྲེམས་ཚོང་དང་། ཉོ་ཚོང་། ཉོ་སྒྲུབ་རེ་ཞུ། ཚུར་བླུ་བཅས་ཀྱི་གོ་རིམ་དང་། དུས་ཚོད། ས་ཆ། འགྲོ་གྲོན་རྩིས་སྟངས་བཅས་དང་། དེ་བཞིན་ཚུར་བླུའི་གྲོན་དངུལ་སྤྲོད་པའི་དུས་ཚོད་དང་སྤྲོད་སྟངས། ཐེབས་རྩའི་ཁེ་བཟང་བགོ་བཤའི་རྩ་དོན་དང་ལག་བསྟར་བྱེད་སྟངས། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པའི་གླ་ཆ་འཐེན་པ་དང་། སྤྲོད་ལེན་བྱེད་སྟངས། བསྡུར་ཚད་བཅས། ཐེབས་རྩའི་རྒྱུ་ནོར་དོ་དམ་དང་བཀོལ་སྤྱོད་དང་འབྲེལ་ཡོད་ཀྱི་འགྲོ་གྲོན་གཞན་དག་འཐེན་པ་དང་གཏོང་སྤྲོད་བྱེད་སྟངས། ཐེབས་རྩའི་རྒྱུ་ནོར་གྱི་མ་དངུལ་གཏོང་ཕྱོགས་དང་དངུལ་གཏོང་ཚད་བཀགཐེབས་རྩའི་རྒྱུ་ནོར་ལག་འབབ་རིན་ཐང་རྩིས་སྟངས་དང་སྤྱི་བསྒྲགས་བྱེད་སྟངས། ཐེབས་རྩ་བསྡུས་ཚུལ་ཁྲིམས་བཀོད་བླང་བྱ་དང་མ་མཐུན་པའི་རིགས་ཐག་གཅོད་བྱེད་སྟངས། ཐེབས་རྩའི་གན་རྒྱ་མེད་པར་བཟོ་བ་དང་། ལག་བསྟར་བྱེད་མཚམས་འཇོག་པའི་རྒྱུ་མཚན་དང་། གོ་རིམ་དེ་བཞིན་ཐེབས་རྩའི་རྒྱུ་ནོར་གཙང་རྩིས་རྒྱག་སྟངས། རྩོད་གཞི་ཐག་གཅོད་བྱེད་སྟངས། དོ་བདག་གིས་ཁ་དན་བཞག་པའི་དོན་ཚན་གཞན་དག་བཅས་ཡིན།

དོན་ཚན་ང་གསུམ་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཐེབས་རྩ་བསྡུ་སྐོང་གསལ་བཤད་ཡི་གེར་གཤམ་གསལ་ནང་དོན་ཚུད་དགོས་ཏེ།

ཐེབས་རྩ་བསྡུ་རེ་ཞུ་ཡིག་གི་ཆོག་བཀོད་ཡིག་ཆའི་མིང་དང་ཆོག་བཀོད་ཐོབ་པའི་ཚེས་གྲངས། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པའི་གཞི་རྩའི་གནས་ཚུལ།ཐེབས་རྩའི་གན་རྒྱ་དང་ཐེབས་རྩ་ཚབ་གཉེར་པའི་གྲོས་མཐུན་ནང་དོན་མདོར་བསྡུས། ཐེབས་རྩའི་བགོ་སྐལ་འགྲེམས་ཚོང་བྱེད་པའི་ཚེས་གྲངས་དང་། རིན་གོང་། འགྲོ་གྲོན། དུས་བཀག་བཅས། ཐེབས་རྩའི་བགོ་སྐལ་འགྲེམས་ཚོང་བྱེད་སྟངས་དང་། འགྲེམས་ཚོང་ལས་ཁུངས། ཐོ་འགོད་ལས་ཁུངས་ཀྱི་མིང་བཅས། བཅའ་ཁྲིམས་ཐད་ཀྱི་བསམ་འཆར་ཡི་གེ་འདོན་མཁན་ཁྲིམས་རྩོད་པའི་ལས་སྒྲུབ་ཁང་དང་ཐེབས་རྩའི་རྒྱུ་ནོར་རྩིས་བཤེར་བྱེད་མཁན་རྩིས་གཉེར་ལས་སྒྲུབ་ཁང་གི་མིང་དང་སྡོད་གནས། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པའི་གླ་ཆ་དང་། དེ་བཞིན་འབྲེལ་ཡོད་འགྲོ་གྲོན་གཞན་དག་སྤྲོད་ལེན་དང་གཏོང་སྤྲོད་བྱེད་སྟངས། བསྡུར་ཚད་བཅས། ཉེན་བརྡ་གཏོང་བའི་ནང་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་གཏན་ལ་ཕབ་པའི་ནང་དོན་གཞན་དག་བཅས་ཡིན།

དོན་ཚན་ང་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཐེབས་རྩ་ཡོངས་གྲགས་བསྡུ་རེ་ཞུ་ཡིག་བདག་སྤྲོད་བྱས་ཉིན་ནས་བཟུང་ཟླ་བ་དྲུག་ནང་ཚུན་དུ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་གཏན་འབེབས་བཅས་ལྟར་དུ་ཞིབ་བཤེར་བྱེད་རྒྱུ་མ་ཟད། ཆོག་བཀོད་ཐོབ་མིན་ཐག་གཅོད་པ་དང་། རེ་འདུན་ཞུ་མཁན་ལ་ཡང་བརྡ་སྦྱོར་གཏོང་རྒྱུ། ཆོག་བཀོད་མི་འགོད་ན། དེའི་རྒྱུ་མཚན་གསལ་བཤད་བྱེད་རྒྱུ།

དོན་ཚན་ང་ལྔ་པ། ཐེབས་རྩ་བསྡུ་རེ་ཞུ་ཡིག་ལ་ཆོག་བཀོད་ཐོབ་རྗེས། གཞི་ནས་ཐེབས་རྩའི་བགོ་སྐལ་འགྲེམས་ཚོང་བྱས་ཆོགཐེབས་རྩའི་བགོ་སྐལ་འགྲེམས་ཚོང་བྱེད་རྒྱུ་ནི་ཐེབས་རྩ་དོ་དམ་པའམ་དེས་མངག་བཅོལ་བྱས་པའི་ཐེབས་རྩ་ཕྱིར་འཚོང་ལས་ཁུངས་ནས་སྒྲུབ་རྒྱུ།

དོན་ང་དྲུག་པ། ཐེབས་རྩ་དོ་དམ་པས་ཐེབས་རྩའི་བགོ་སྐལ་འགྲེམས་ཚོང་མ་བྱས་པའི་ཉིན་གསུམ་གྱི་གོང་དུ་བསྡུ་སྐོང་གསལ་བཤད་ཡི་གེ་དང་། ཐེབས་རྩའི་གན་རྒྱ་དང་དེ་བཞིན་འབྲེལ་ཡོད་ཡིག་ཆ་གཞན་དག་བཅས་ཁྱབ་བསྒྲགས་བྱེད་དགོས།

ནང་གསེས་དོན་ཚན་གོང་མར་གཏན་འབེབས་བྱས་པའི་ཡིག་ཆ་དག་བདེན་པ་དང་། ཡང་དག་པ། ཆ་ཚང་བ་བཅས་ཡིན་དགོས། ཐེབས་རྩ་བསྡུ་ཆེད་དྲིལ་བསྒྲགས་ངོ་སྤྲོད་ཀྱི་བྱེད་སྒོ་སྤེལ་བ་ནི་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་དགོས་པ་ལས། བཅའ་ཁྲིམས་འདིའི་དོན་ཚན་དོན་བདུན་པར་གསལ་བའི་བྱ་སྤྱོད་ཡོད་མི་ཆོག

དོན་ཚན་ང་བདུན་པ། ཐེབས་རྩ་དོ་དམ་པས་ཆོག་བཀོད་ཐོབ་པའི་ཡིག་ཆ་ལག་སོན་བྱུང་ཉིན་ནས་བཟུང་ཟླ་བ་དྲུག་ནང་ཚུན་དུ་ཐེབས་རྩ་བསྡུ་དགོས། ཟླ་བ་དྲུག་ཡོལ་ནས་བསྡུ་འགོ་ཚུགས་ན། སྔར་ཆོག་བཀོད་ཐོབ་པའི་དོན་ཚན་རྣམས་ངོ་བོའི་རང་བཞིན་ལྡན་པའི་འགྱུར་བ་བྱུང་མེད་རིགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ་དང་། ངོ་བོའི་རང་བཞིན་ལྡན་པའི་འགྱུར་བ་བྱུང་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཆོག་བཀོད་རེ་ཞུ་བསྐྱར་དུ་འབུལ་དགོས། ཐེབས་རྩ་བསྡུ་སློང་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་ཆོག་བཀོད་ཐོབ་པའི་ཐེབས་རྩ་བསྡུ་སྐོང་དུས་ཡུན་ལས་བརྒལ་མི་ཆོག  ཐེབས་རྩ་བསྡུ་བའི་དུས་ཡུན་ནི་ཐེབས་རྩའི་བགོ་སྐལ་འགྲེམས་ཚོང་བྱེད་ཉིན་ནས་བརྩི་རྒྱུ།

དོན་ཚན་ང་བརྒྱད་པ། ཐེབས་རྩ་བསྡུ་ཡུན་ཐིམ་རྗེས། བཀག་སྡོམ་ཅན་གྱི་ཐེབས་རྩའི་བགོ་སྐལ་བསྡོམས་འབོར་ནི་ཆོག་བཀོད་ཐོབ་པའི་གཞི་གྲངས་ཀྱི་བརྒྱ་ཆ་བརྒྱད་ཅུ་ཡན་ཟིན་པ་དང་། སྒོ་དབྱེ་ཅན་གྱི་ཐེབས་རྩ་བསྡུས་པའི་ཐེབས་རྩའི་བགོ་སྐལ་བསྡོམས་འབོར་ནི་ཆོག་བཀོད་ཐོབ་པའི་བསྡུ་སྐལ་བསྡོམས་འབོར་དམའ་ཤོས་ལས་བརྒལ་ཁར། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་མི་གྲངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་གཏན་འབེབས་དང་མཐུན་པ་བཅས་ཡིན་ན། ཐེབས་རྩ་དོ་དམ་པས་ཐེབས་རྩ་བསྡུ་ཡུན་ཐིམ་ཉིན་ནས་བཟུང་ཉིན་བཅུའི་ནང་ཚུན་དུ། ཁྲིམས་བཀོད་ཀྱི་མ་དངུལ་ཞིབ་བཤེར་ལས་ཁུངས་གདན་དྲངས་ནས་མ་དངུལ་ཞིབ་བཤེར་བྱེད་རྒྱུ་དང་། མ་དངུལ་ཞིབ་བཤེར་བྱས་འབྲས་སྙན་ཞུ་ལག་སོན་བྱུང་ཉིན་ནས་བཟུང་ཉིན་བཅུའི་ནང་ཚུན་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་མ་དངུལ་ཞིབ་བཤེར་བྱས་འབྲས་སྙན་ཞུ་ཕུལ་རྒྱུ་དང་། ཐེབས་རྩ་ཐོ་འགོད་ཀྱི་འགྲོ་ལུགས་འགྲིམ་རྒྱུ་མ་ཟད། ཁྱབ་བསྒྲགས་ཀྱང་བྱེད་རྒྱུ།

དོན་ཚན་ང་དགུ་པ། ཐེབས་རྩ་བསྡུ་རིང་དུ་བསྡུས་པའི་མ་དངུལ་དག་ཆེད་སྤྱོད་ཐོ་ཁོངས་སུ་འཇུག་རྒྱུ་དང་། ཐེབས་རྩ་བསྡུ་སློང་བྱ་འགུལ་མཇུག་མ་སྒྲིལ་གོང་དུ་སུ་ཞིག་གིས་ཀྱང་གཞན་དུ་སྤྱད་མི་ཆོག

དོན་ཚན་དྲུག་ཅུ་པ། མ་དངུལ་འཇོག་མཁན་གྱིས་ཉོ་སྒྲུབ་བྱས་པའི་ཐེབས་རྩའི་བགོ་སྐལ་གྱི་མ་དངུལ་འཇལ་སྤྲོད་བྱེད་དུས། ཐེབས་རྩའི་གན་རྒྱ་གྲུབ་པ་ཡིན་ཞིང་། ཐེབས་རྩ་དོ་དམ་པས་བཅའ་ཁྲིམས་འདིའི་དོན་ཚན་ང་བརྒྱད་པའི་གཏན་འབེབས་ལ་གཞིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཐེབས་རྩ་ཐོ་འགོད་འགྲོ་ལུགས་འགྲིམས་ན་ཐེབས་རྩའི་གན་རྒྱ་སྤྱོད་གོ་ཆོད་པ་ཡིན། ཐེབས་རྩ་བསྡུ་ཡུན་ཐིམ་རྗེས་བཅའ་ཁྲིམས་འདིའི་དོན་ཚན་ང་བརྒྱད་པའི་ནང་གཏན་ལ་ཕབ་པའི་ཆ་རྐྱེན་མ་འཛོམས་ན། ཐེབས་རྩ་དོ་དམ་པས་གཤམ་གསལ་གྱི་འགན་འཁྲི་འཁུར་དགོས་པ་སྟེ།

གང་གི་སྔར་ཡོད་ཀྱི་རྒྱུ་ནོར་གྱིས་ཐེབས་རྩ་བསྡུ་སློང་བྱས་པ་ལས་བྱུང་བའི་བུ་ལོན་དང་འགྲོ་གྲོན་འཇལ་འགན་འཁུར་རྒྱུ། ཐེབས་རྩ་བསྡུ་ཡུན་ཐིམ་རྗེས་ཀྱི་ཉིན་སུམ་ཅུའི་ནང་མ་དངུལ་གཏོང་མཁན་གྱིས་སྤྲད་པའི་མ་དངུལ་ཕྱིར་སློག་རྒྱུ་མ་ཟད། དངུལ་ཁང་གི་དུས་མཉམ་པའི་བཅོལ་དངུལ་གྱི་སྐྱེད་ཀའང་སྣོན་རྩིས་བྱེད་རྒྱུ།

6 ལེའུ་དྲུག་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་བགོ་སྐལ་ཉོ་ཚོང་དང་ཉོ་སྒྲུབ་རེ་ཞུ་ཚུར་བླུ་སྟངས་སྐོར།

དོན་ཚན་རེ་གཅིག་པ། ཐེབས་རྩའི་བགོ་སྐལ་ཚོང་རར་བཏོན་ནས་ཉོ་ཚོང་བྱེད་པའི་རེ་ཞུ་བྱེད་རྒྱུ་ནི། ཐེབས་རྩ་དོ་དམ་པས་དངུལ་འཛིན་ཉོ་ཚོང་ཁང་ལ་རེ་ཞུ་བྱེད་དགོས་པ་དང་། དངུལ་འཛིན་ཉོ་ཚོང་ཁང་གིས་བཅའ་ཁྲིམས་ལྟར་ཞིབ་བཤེར་བྱས་ནས་མོས་མཐུན་བྱུང་ཚེ། ཕྱོགས་གཉིས་པོས་ཚོང་རར་འདོན་པའི་གྲོས་ཆོད་ཐོག་མིང་རྟགས་འགོད་རྒྱུ།

དོན་ཚན་རེ་གཉིས་པ། ཐེབས་རྩའི་བགོ་སྐལ་ཚོང་རར་བཏོན་ནས་ཉོ་ཚོང་བྱེད་པར་གཤམ་གསལ་གྱི་ཆ་རྐྱེན་དག་དང་བསྟུན་དགོས་ཏེ།

ཐེབས་རྩ་བསྡུ་རྒྱུ་ནི་བཅའ་ཁྲིམས་འདིའི་གཏན་འབེབས་དང་མཐུན་པ། ཐེབས་རྩའི་གན་རྒྱའི་དུས་ཡུན་ནི་ལོ་ལྔ་ཡན་ཡིན་པ། ཐེབས་རྩ་བསྡུ་དངུལ་ནི་དམངས་སྒོར་དུང་ཕྱུར་གཉིས་ལས་མི་ཉུང་བ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ནི་མི་ཆིག་སྟོང་ལས་མི་ཉུང་བ།ཐེབས་རྩའི་བགོ་སྐལ་ཚོང་རར་བཏོན་ནས་ཉོ་ཚོང་བྱེད་པའི་སྒྲིག་སྲོལ་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་བཅས་ཡིན།

དོན་ཚན་རེ་གསུམ་པ། ཐེབས་རྩའི་བགོ་སྐལ་ཚོང་རར་བཏོན་ནས་ཉོ་ཚོང་བྱེད་པའི་སྒྲིག་སྲོལ་ནི་དངུལ་འཛིན་ཉོ་ཚོང་ཁང་གིས་གཏན་ལ་འབེབས་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཆོག་མཆན་རེ་ཞུ་འབུལ་རྒྱུ།

དོན་ཚན་རེ་བཞི་པ། ཐེབས་རྩའི་བགོ་སྐལ་ཚོང་རར་བཏོན་ནས་ཉོ་ཚོང་བྱས་རྗེས། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། དངུལ་འཛིན་ཉོ་ཚོང་ཁང་གིས་དེ་ཉིད་ཚོང་རར་བཏོན་ནས་ཉོ་ཚོང་བྱེད་མཚམས་འཇོག་ཏུ་འཇུག་རྒྱུ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཐོ་འགོད་ཞུ་འབུལ་བྱེད་རྒྱུ་སྟེ།

བཅའ་ཁྲིམས་འདིའི་དོན་ཚན་རེ་གསུམ་པར་གཏན་འབེབས་བྱས་པའི་ཚོང་རར་བཏོན་ནས་ཉོ་ཚོང་བྱེད་པའི་ཆ་རྐྱེན་མི་འཛོམས་པ། ཐེབས་རྩའི་གན་རྒྱའི་དུས་ཡུན་ཐིམ་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་གྱིས་ཚོང་རར་བཏོན་ནས་ཉོ་ཚོང་བྱེད་མཚམས་འཇོག་རྒྱུ་སྔ་སྣུར་བྱེད་པ་ཐག་བཅད་པ། ཐེབས་རྩའི་གན་རྒྱར་ཁ་དན་བཞག་པ་དང་། ཡང་ན་ཐེབས་རྩའི་བགོ་སྐལ་ཚོང་རར་བཏོན་ནས་ཉོ་ཚོང་བྱེད་རྒྱུའི་སྐོར་གྱི་སྒྲིག་སྲོལ་ནང་གཏན་ལ་ཕབ་པའི་ཚོང་རར་བཏོན་ནས་ཉོ་ཚོང་བྱེད་མཚམས་འཇོག་རྒྱུའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་རེ་ལྔ་པ། སྒོ་དབྱེ་ཅན་གྱི་ཐེབས་རྩའི་ཐེབས་རྩའི་བགོ་སྐལ་ཉོ་སྒྲུབ་རེ་ཞུ་དང་། ཚུར་བླུས། ཐོ་འགོད་བཅས་བྱེད་རྒྱུ་ནི་ཐེབས་རྩ་དོ་དམ་པའམ་ཡང་ན་དེས་མངག་བཅོལ་བྱས་པའི་ཐེབས་རྩ་ཞབས་ཞུ་ལས་ཁུངས་ནས་བསྒྲུབ་རྒྱུ།

དོན་ཚན་རེ་དྲུག་པ། ཐེབས་རྩ་དོ་དམ་པས་ཉིན་རེའི་ལས་ཡུན་ནང་དུ་ཐེབས་རྩའི་བགོ་སྐལ་ཉོ་སྒྲུབ་རེ་ཞུ་དང་ཚུར་བླུ་ལས་སྒོ་སྐོར་བསྒྲུབ་དགོས་ཤིང་། ཐེབས་རྩའི་གན་རྒྱར་དུ་ལོགས་སུ་ཁ་དན་བཞག་ཡོད་ན་ཁ་དན་དེ་ལྟར་བསྒྲུབ་རྒྱུ། མ་དངུལ་གཏོང་མཁན་གྱིས་ཉོ་སྒྲུབ་རེ་ཞུའི་གྲོན་དངུལ་སྤྲད་པ་ན་ཉོ་སྒྲུབ་རེ་ཞུ་དངོས་སུ་གྲུབ་ཡོད་ཅིང་། ཐེབས་རྩའི་བགོ་སྐལ་ཐོ་འགོད་ལས་ཁུངས་ནས་ཐེབས་རྩའི་བགོ་སྐལ་གཏན་འཁེལ་བྱེད་སྐབས་ཉོ་སྒྲུབ་རེ་ཞུའི་ནུས་པ་ཐོན་ཡོད། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱིས་ཚུར་བླུ་རེ་ཞུ་བྱས་པ་ན་ཚུར་བླུ་དངོས་སུ་གྲུབ་ཡོད་ཅིང་། ཐེབས་རྩའི་བགོ་སྐལ་ཐོ་འགོད་ལས་ཁུངས་ནས་ཚུར་བླུ་གཏན་འཁེལ་བྱེད་སྐབས་ཚུར་བླུའི་ནུས་པ་ཐོན་ཡོད།

དོན་ཚན་རེ་བདུན་པ། ཐེབས་རྩ་དོ་དམ་པས་དུས་ཐོག་ཏུ་ཚུར་བླུ་བྱེད་པའི་གྲོན་དངུལ་གཏོང་དགོས་མོད། གཤམ་གསལ་གནས་ཚུལ་དག་དེའི་ཁོངས་སུ་མི་གཏོགས་ཏེ།

བཟློག་ཐབས་མེད་པའི་རྐྱེན་ལས་ཐེབས་རྩ་དོ་དམ་པས་ཚུར་བླུ་བྱེད་པའི་གྲོན་དངུལ་གཏོང་ཐབས་བྲལ་བ་དང་། དངུལ་འཛིན་ཉོ་ཚོང་ཁང་གིས་ཁྲིམས་ལྟར་གནས་སྐབས་ཚོང་མཚམས་འཇོག་རྒྱུའི་གྲོས་ཐག་བཅད་ཕྱིར། ཐེབས་རྩ་དོ་དམ་པས་ཉིན་དེའི་ཐེབས་རྩའི་རྒྱུ་ནོར་གྱི་དངོས་འབབ་རིན་ཐང་བརྩི་ཐབས་བྲལ་བ། ཐེབས་རྩའི་གན་རྒྱར་ཁ་དན་བཞག་པའི་དམིགས་བསལ་གནས་ཚུལ་གཞན་དག་བཅས་ཡིན།

གོང་འཁོད་གནས་ཚུལ་ལས་རིགས་གཅིག་བྱུང་ན། ཐེབས་རྩ་དོ་དམ་པས་ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་དགོས། དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོར་གཏན་འབེབས་བྱས་པའི་གནས་ཚུལ་མེད་པར་གྱུར་རྗེས། ཐེབས་རྩ་དོ་དམ་པས་དུས་ཐོག་ཏུ་ཚུར་བླུ་བྱེད་པའི་གྲོན་དངུལ་གཏོང་དགོས།

དོན་ཚན་རེ་བརྒྱད་པ། སྒོ་དབྱེ་ཅན་གྱི་ཐེབས་རྩས་ལག་དངུལ་ལམ་སྲིད་གཞུང་གི་བུན་འཛིན་འདང་ངེས་ཉར་འཛིན་བྱས་ནས། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཚུར་བླུ་བྱེད་པའི་གྲོན་དངུལ་གཏོང་རྒྱུའི་ཐད་གྲ་སྒྲིག་བྱེད་དགོས། ཐེབས་རྩའི་རྒྱུ་ནོར་ནང་གི་ལག་དངུལ་ལམ་སྲིད་གཞུང་གི་བུན་འཛིན་ཉར་བའི་སྐོར་གྱི་ཞིབ་ཕྲའི་བསྡུར་ཚད་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་གཏན་འབེབས་བྱེད་རྒྱུ།

དོན་ཚན་རེ་དགུ་པ། ཐེབས་རྩའི་བགོ་སྐལ་ཉོ་སྒྲུབ་རེ་ཞུ་དང་ཚུར་བླུ་བྱེད་པའི་རིན་གོང་ནི། ཉོ་སྒྲུབ་རེ་ཞུ་དང་ཚུར་བླུ་བྱེད་ཉིན་གྱི་ཐེབས་རྩའི་བགོ་སྐལ་གྱི་དངོས་འབབ་རིན་ཐང་ཐོག་གི་འབྲེལ་ཡོད་འགྲོ་གྲོན་སྣོན་འཕྲི་བྱས་ནས་རྩིས་རྒྱག་རྒྱུ།

དོན་ཚན་བདུན་ཅུ་པ། ཐེབས་རྩའི་བགོ་སྐལ་གྱི་དངོས་འབབ་རིན་ཐང་རྩིས་རྒྱག་པར་ནོར་འཛོལ་བྱུང་སྐབས། ཐེབས་རྩ་དོ་དམ་པས་འཕྲལ་མར་ཡོ་བསྲང་བྱེད་དགོས་མ་ཟད། བྱ་ཐབས་ལུགས་མཐུན་སྤྱད་ནས་གྱོང་གུན་ཇེ་ཆེར་མི་འགྲོ་བར་སྔོན་འགོག་བྱེད་དགོས། རྩིས་རྒྱག་ནོར་འཛོལ་བྱུང་གྲངས་ནི་ཐེབས་རྩའི་བགོ་སྐལ་གྱི་དངོས་འབབ་རིན་ཐང་གི་བརྒྱ་ཆའི་གྲངས་ཆུང་ལྔ་ཟིན་པའི་ཚེ། ཐེབས་རྩ་དོ་དམ་པས་སྤྱི་བསྒྲགས་བྱེད་དགོས་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་དགོས།ཐེབས་རྩའི་བགོ་སྐལ་གྱི་དངོས་འབབ་རིན་ཐང་རྩིས་རྒྱག་ནོར་ཤོར་རྐྱེན་ལས་ཐེབས་རྩའི་བགོ་སྐལ་འཛིན་མཁན་ལ་གྱོང་གུན་བཟོས་ན། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱིས་ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པར་སྐྱིན་ཚབ་སྤྲོད་རེ་འདོན་དབང་ཡོད།

7 ལེའུ་བདུན་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་མ་དངུལ་གཏོང་བ་དང་ཆ་འཕྲིན་ཕྱིར་བསྒྲགས་སྐོར།

དོན་ཚན་དོན་གཅིག་པ། ཐེབས་རྩ་དོ་དམ་པས་ཐེབས་རྩའི་རྒྱུ་ནོར་སྤྱད་ནས་དངུལ་འཛིན་ཐད་དུ་མ་དངུལ་གཏོང་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་ལོགས་སུ་གཏན་འབེབས་བྱས་པ་ཕུད། རྒྱུ་ནོར་སྡེབ་སྒྲིག་གི་བྱ་ཐབས་སྤྱོད་དགོས། རྒྱུ་ནོར་སྡེབ་སྒྲིག་བྱ་ཐབས་ཞིབ་ཕྲ་དང་མ་དངུལ་གཏོང་བའི་བསྡུར་ཚད་ནི་བཅའ་ཁྲིམས་འདི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་གཏན་འབེབས་ལྟར་ཐེབས་རྩའི་གན་རྒྱར་ཁ་དན་འཇོག་རྒྱུ།

དོན་ཚན་དོན་གཉིས་པ། ཐེབས་རྩའི་རྒྱུ་ནོར་ནི་གཤམ་གསལ་མ་དངུལ་གཏོང་པར་སྤྱོད་དགོས་ཏེ།

ཚོང་རར་བཏོན་ནས་ཉོ་ཚོང་བྱེད་པའི་མ་རྐང་འཛིན་ཤོག་དང་བུན་འཛིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་གཏན་འབེབས་བྱས་པའི་དངུལ་འཛིན་གཞན་དག་དང་དེ་ལས་མཆེད་པའི་དངུལ་འཛིན་རིགས་སྣ་བཅས།

དོན་ཚན་དོན་གསུམ་པ། གཤམ་གསལ་མ་དངུལ་གཏོང་རིགས་སམ་བྱེད་སྒོ་དག་ལ་ཐེབས་རྩའི་རྒྱུ་ནོར་སྤྱད་མི་ཆོག་སྟེ།

དངུལ་འཛིན་ཕྱིར་འཚོང་བྱེད་འགན་ལེན་པ། གཏན་འབེབས་ལས་འགལ་ནས་མི་གཞན་ལ་དངུལ་བུན་གཏོང་བའམ་ཁག་ཐེག་བྱེད་པ། འགན་འཁྲི་ཚད་མེད་འཁུར་བའི་མ་དངུལ་གཏོང་བར་ཞུགས་པ། ཐེབས་རྩའི་བགོ་སྐལ་གཞན་དག་ཉོ་ཚོང་བྱེད་པ་ཡིན་མོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་ལོགས་སུ་གཏན་འབེབས་བྱས་པ་ཕུད་ཡོད། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པར་མ་དངུལ་འདོན་པ། ནང་ལོགས་སུ་ཉོ་ཚོང་དང་དངུལ་འཛིན་ཉོ་ཚོང་གི་རིན་གོང་ཚོད་འཛིན་བྱེད་པ་དང་། ཚུལ་མིན་གྱི་དངུལ་འཛིན་ཉོ་ཚོང་གི་བྱེད་སྒོ་གཞན་དག་སྤེལ་བ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་བཅས་ནས་གཏན་འབེབས་བྱས་པའི་བཀག་སྡོམ་བྱ་བའི་བྱེད་སྒོ་གཞན་དག་སྤེལ་བ་བཅས་ཡིན། ཐེབས་རྩའི་རྒྱུ་ནོར་སྤྱད་ནས་ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ། དེ་བཞིན་དེའི་མ་རྐང་ཚོད་འཛིན་རྐང་བདག་དང་དངོས་གནས་ཚོད་འཛིན་མཁན། ཡང་ན་དེ་དང་ཁེ་གྱོང་གི་འབྲེལ་བ་གལ་ཆེན་གཞན་དག་ཡོད་པའི་ཀུང་སི་བཅས་ཀྱིས་འགྲེམ་སྤེལ་བྱས་པའི་དངུལ་འཛིན་ནམ། ཡང་ན་ཕྱིར་འཚོང་བྱེད་འགན་འཁུར་ཡུན་ནང་གི་ཕྱིར་འཚོང་བྱེད་འགན་འཁུར་བའི་དངུལ་འཛིན་ཉོ་ཚོང་བྱེད་པའམ། དེ་ལ་འབྲེལ་བ་ཆེན་པོ་ལྡན་པའི་ཉོ་ཚོང་གཞན་དག་བཅས་སྤེལ་སྐབས། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཁེ་ཕན་ལ་དམིགས་བསལ་ལྟ་རྟོག་བྱེད་པའི་རྩ་དོན་བརྩི་སྲུང་བྱེད་རྒྱུ་དང་། ཁེ་ཕན་དབར་འགལ་ཟླ་བྱུང་བ་སྔོན་འགོག་བྱེད་རྒྱུ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་གཏན་འབེབས་དང་འཚམ་པའི་སྒོ་ནས། ཆ་འཕྲིན་ཕྱིར་བསྒྲགས་ཀྱི་འོས་འགན་ལག་བསྟར་བྱེད་དགོས།

དོན་ཚན་དོན་བཞི་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ། ཐེབས་རྩའི་ཆ་འཕྲིན་ཕྱིར་བསྒྲགས་འོས་འགན་སྒྲུབ་མི་གཞན་དག་བཅས་ཀྱིས་ཁྲིམས་ལྟར་ཐེབས་རྩའི་ཆ་འཕྲིན་ཕྱིར་བསྒྲགས་དགོས་པ་མ་ཟད། ཕྱིར་བསྒྲགས་པའི་ཆ་འཕྲིན་གྱི་བདེན་པའི་རང་བཞིན་དང་། ཡང་དག་པའི་རང་བཞིན་། ཆ་ཚང་བའི་རང་བཞིན་བཅས་འགན་ལེན་བྱེད་དགོས།

དོན་ཚན་དོན་ལྔ་པ། ཐེབས་རྩའི་ཆ་འཕྲིན་ཕྱིར་བསྒྲགས་འོས་འགན་སྒྲུབ་མིས་ཕྱིར་བསྒྲགས་དགོས་པའི་ཐེབས་རྩའི་ཆ་འཕྲིན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་དུས་ཚོད་ནང་ཕྱིར་བསྒྲགས་རྒྱུར་འགན་ལེན་བྱེད་དགོས་པ་མ་ཟད། ཐེབས་རྩའི་གན་རྒྱར་དུ་ཁ་དན་བཞག་པའི་དུས་ཚོད་དང་བྱེད་སྟངས་ལྟར་མ་དངུལ་གཏོང་མཁན་གྱིས་ཡོངས་གྲགས་སུ་ཕྱིར་བསྒྲགས་པའི་ཆ་འཕྲིན་གྱི་དཔྱད་ཡིག་ཀློག་བཤེར་རམ་ཡང་ན་བསྐྱར་པར་བྱེད་ཐུབ་པ་ཡང་འགན་ལེན་བྱེད་དགོས།

དོན་ཚན་དོན་དྲུག་པ། ཡོངས་གྲགས་སུ་ཕྱིར་བསྒྲགས་པའི་ཐེབས་རྩའི་ཆ་འཕྲིན་ཁོངས་སུ་གཤམ་གསལ་གཏོགས་ཏེ།

ཐེབས་རྩ་བསྡུ་སྐོང་གསལ་བཤད་ཡི་གེ་དང་། ཐེབས་རྩའི་གན་རྒྱ། ཐེབས་རྩ་ཚབ་གཉེར་སྐོར་གྱི་གྲོས་མཐུན་བཅས། ཐེབས་རྩ་བསྡུ་སློང་བྱས་ཚུལ། ཐེབས་རྩའི་བགོ་སྐལ་ཚོང་རར་བཏོན་ནས་ཉོ་ཚོང་བྱེད་རྒྱུའི་སྤྱི་བསྒྲགས་ཡི་གེཐེབས་རྩའི་རྒྱུ་ནོར་གྱི་དངོས་འབབ་རིན་ཐང་དང་ཐེབས་རྩའི་བགོ་སྐལ་གྱི་དངོས་འབབ་རིན་ཐང་། ཐེབས་རྩའི་བགོ་སྐལ་ཉོ་སྒྲུབ་རེ་ཞུ་དང་ཚུར་བླུའི་རིན་གོང་། ཐེབས་རྩའི་རྒྱུ་ནོར་གྱི་མ་རྩ་སྡེབ་སྒྲིག་བྱས་ཚུལ་སྐོར་གྱི་དུས་ཚིགས་རེའི་སྙན་ཞུ་དང་ནོར་དོན་རྩིས་གཉེར་གྱི་སྙན་ཞུ་དེ་བཞིན་དུས་སྐེད་དང་ལོ་འཁོར་མོའི་ཐེབས་རྩའི་སྐོར་གྱི་སྙན་ཞུ། གནས་སྐབས་ཀྱི་སྙན་ཞུ། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཚོགས་ཆེན་གྱི་གྲོས་ཆོད། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པའི་ཆེད་དམིགས་ཀྱི་ཐེབས་རྩ་ཚབ་གཉེར་སྡེ་ཁག་གི་མི་དོན་འགྱུར་བ་གཙོ་ཆེ་བཏང་རིགས། ཐེབས་རྩའི་རྒྱུ་ནོར་དང་། ཐེབས་རྩའི་དོ་དམ་བྱེད་སྒོ། ཐེབས་རྩའི་ཚབ་གཉེར་བྱེད་སྒོ་བཅས་དང་འབྲེལ་བའི་ཞུ་གཏུག་གམ་ཡང་ན་འདུམ་གཅོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ཕྱིར་བསྒྲགས་དགོས་པའི་ཆ་འཕྲིན་གཞན་དག་བཅས་ཡིན།

དོན་ཚན་དོན་བདུན་པ། ཐེབས་རྩའི་ཆ་འཕྲིན་ཡོངས་གྲགས་སུ་ཕྱིར་བསྒྲགས་པར་གཤམ་གསལ་སྤྱོད་ཚུལ་སྤེལ་མི་ཆོག་སྟེ།

ཐོ་འགོད་རྫུན་མ་དང་། གོ་ནོར་གྱི་རང་བཞིན་ལྡན་པའི་གཏམ་བརྗོད་པའམ་ཡང་ན་ཆད་ལུས་ཚབས་ཆེན་བྱུང་བ་བཅས། དངུལ་འཛིན་གྱི་མ་རྩ་བཞག་པར་གྲུབ་འབྲས་ཐོབ་ཚུལ་ལ་སྔོན་དཔག་བྱེད་པ། སྒྲིག་སྲོལ་དང་འགལ་ནས་ཁེ་ཕན་ཐོབ་པ་ཁས་ལེན་པའམ་ཡང་ན་གྱོང་གུན་འཁུར་བ། ཐེབས་རྩ་དོ་དམ་པ་དང་། ཐེབས་རྩ་ཚབ་གཉེར་པའམ་ཡང་ན་ཐེབས་རྩའི་བགོ་སྐལ་འགྲེམ་འཚོང་བྱེད་མཁན་ལས་ཁུངས་གཞན་དག་བཅས་ལ་ངན་སྨྲས་བྱེད་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་གཏན་འབེབས་བྱས་པའི་བཀག་སྡོམ་བྱེད་རྒྱུའི་སྤྱོད་ཚུལ་གཞན་དག་བཅས།

8 ལེའུ་བརྒྱད་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་གན་རྒྱ་འགྱུར་བ་དང་མཚམས་འཇོག་པ།ཐེབས་རྩའི་རྒྱུ་ནོར་གཙང་རྩིས་རྒྱག་སྟངས་བཅས་ཀྱི་སྐོར།

དོན་ཚན་དོན་བརྒྱད་པ། ཐེབས་རྩའི་གན་རྒྱར་ཁ་དན་བཞག་དོན་ནམ་ཡང་ན་ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་གྱི་གྲོས་ཆོད་ལ་གཞིགས་ནས། ཐེབས་རྩ་འཁོར་སྐྱོད་བྱེད་སྟངས་བསྒྱུར་ཆོག་པ་དང་ཡང་ན་ཐེབས་རྩ་གཞན་དང་མཉམ་སྒྲིལ་བྱེད་ཆོག

དོན་ཚན་དོན་དགུ་པ། བཀག་སྡོམ་ཅན་གྱི་ཐེབས་རྩ་བསྡུ་རྒྱ་ཆེར་གཏོང་ངམ་ཐེབས་རྩའི་གན་རྒྱ་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་བར་གཤམ་གསལ་ཆ་རྐྱེན་དང་མཐུན་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཐོ་འགོད་སྙན་ཞུ་འབུལ་དགོས་ཏེ།

ཐེབས་རྩ་འཁོར་སྐྱོད་ཚོང་གཉེར་གྲུབ་འབྲས་ཡག་པོ་ཐོབ་པ། ཉེ་བའི་ལོ་གཉིས་ནང་ཐེབས་རྩ་དོ་དམ་པས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་སྤེལ་བའི་དབང་གིས་སྲིད་འཛིན་ཐད་ཀྱི་ཆད་པའམ་ཉེས་དོན་ཐད་ཀྱི་ཆད་པ་ཕོག་མེད་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་གྱི་གྲོས་ཆོད་གྲོས་འཆམ་བྱུང་བ། བཅའ་ཁྲིམས་འདིར་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་བཅས་ཡིན།

དོན་ཚན་བརྒྱད་ཅུ་པ། གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཐེབས་རྩའི་གན་རྒྱ་སྒྲུབ་མཚམས་འཇོག་རྒྱུ་སྟེ།

ཐེབས་རྩའི་གན་རྒྱ་སྒྲུབ་ཡུན་ཐིམ་ཡང་དུས་སྲིང་བྱས་མེད་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་ཐོག་སྒྲུབ་མཚམས་འཇོག་རྒྱུའི་གྲོས་ཐག་བཅད་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པའི་འགན་འཁྲི་སྒྲུབ་མཚམས་བཞག་ནས་ཟླ་དྲུག་གི་ནང་འགན་འཁྲི་འཁུར་མཁན་ཐེབས་རྩ་དོ་དམ་པ་གསར་པ་དང་ཐེབས་རྩ་ཚབ་གཉེར་པ་གསར་པ་མེད་པ། ཐེབས་རྩའི་གན་རྒྱར་ཁ་དན་བཞག་པའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་གྱ་གཅིག་པ། ཐེབས་རྩའི་གན་རྒྱ་སྒྲུབ་མཚམས་འཇོག་སྐབས་ཐེབས་རྩ་དོ་དམ་པས་གཙང་རྩིས་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་ཐེབས་རྩའི་རྒྱུ་ནོར་གཙང་རྩིས་རྒྱག་དགོས། གཙང་རྩིས་ཚོ་ཆུང་ནི་ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ། དེ་བཞིན་འབྲེལ་ཡོད་ཀྱི་མཚམས་སྦྱོར་ཞབས་ཞུ་ལས་ཁུངས་བཅས་ལས་གྲུབ་རྒྱུ། གཙང་རྩིས་ཚོ་ཆུང་གིས་བཏོན་པའི་གཙང་རྩིས་སྙན་ཞུ་དེར་རྩིས་གཉེར་ལས་སྒྲུབ་ཁང་གིས་རྩིས་བཤེར་བྱས་པ་དང་ཁྲིམས་རྩོད་པའི་ལས་སྒྲུབ་ཁང་གིས་བཅའ་ཁྲིམས་ཐད་ཀྱི་བསམ་འཆར་ཞུ་ཡིག་བཏོན་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ་མ་ཟད་སྤྱི་བསྒྲགས་ཀྱང་བྱ་དགོས།

དོན་ཚན་གྱ་གཉིས་པ། གཙང་རྩིས་བརྒྱབ་ཟིན་པའི་ཐེབས་རྩའི་རྒྱུ་ནོར་ལྷག་འཕྲོ་རྣམས་ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱིས་འཛིན་པའི་སྐལ་གྲངས་ཀྱི་བསྡུར་ཚད་ལ་གཞིགས་ཏེ་བགོ་བཤའ་རྒྱག་དགོས།

9 ལེའུ་དགུ་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཁེ་དབང་སྤྱོད་སྟངས་སྐོར།

དོན་ཚན་གྱ་གསུམ་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་ནི་ཐེབས་རྩ་དོ་དམ་པས་སྐོང་འཚོག་བྱེད་དགོས། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་གྱི་འཆར་ཅན་ལས་ཁུངས་ཚུགས་ཡོད་ན། འཆར་ཅན་ལས་ཁུངས་དེས་སྐོང་འཚོག་བྱེད་རྒྱུ་དང་། འཆར་ཅན་ལས་ཁུངས་དེས་སྐོང་འཚོག་མ་བྱས་ན། ཐེབས་རྩ་དོ་དམ་པས་སྐོང་འཚོག་བྱེད་དགོས། ཐེབས་རྩ་དོ་དམ་པས་གཏན་འབེབས་ལྟར་སྐོང་འཚོག་མ་བྱས་པའམ་སྐོང་འཚོག་བྱེད་མ་ཐུབ་ཚེ། ཐེབས་རྩ་ཚབ་གཉེར་པས་སྐོང་འཚོག་བྱེད་དགོས།

ཐེབས་རྩའི་བགོ་སྐལ་གྱི་བརྒྱ་ཆ་བཅུ་ཡན་གྱི་ཚབ་བྱེད་མཁན་ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱིས་དོན་དག་གཅིག་འདྲའི་སྐོར་ལ་ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་སྐོང་འཚོག་བྱེད་རེ་ཞུས་ཤིང་། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་གྱི་འཆར་ཅན་ལས་ཁུངས་དང་། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ་རྣམས་ཀྱིས་སྐོང་འཚོག་མི་བྱེད་པའི་སྐབས་སུ། ཐེབས་རྩའི་བགོ་སྐལ་གྱི་བརྒྱ་ཆ་བཅུ་ཡན་གྱི་ཚབ་བྱེད་མཁན་ཐེབས་རྩའི་བགོ་སྐལ་འཛིན་མཁན་ཉིད་ཀྱིས་སྐོང་འཚོག་བྱེད་པའི་དབང་ཆ་ཡོད་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་གྱ་བཞི་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་སྐོང་འཚོག་བྱེད་པར། སྐོང་འཚོག་བྱེད་མཁན་གྱིས་ཉུང་མཐར་ཡང་སྔོན་ཚུད་ཀྱི་ཉིན་སུམ་ཅུ་ནས་ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་སྐོང་འཚོག་བྱེད་རྒྱུའི་དུས་ཚོད་དང་། ཚོགས་འདུའི་རྣམ་པ། གྲོས་ཞིབ་བྱེད་རྒྱུའི་དོན་དག གྲོས་དོན་གྱི་གོ་རིམ། བརྡས་ཐག་གཅོད་སྟངས་སོགས་ཀྱི་དོན་དག་སྤྱི་བསྒྲགས་བྱེད་དགོས། སྤྱི་བསྒྲགས་བྱས་མེད་པའི་དོན་དག་རྣམས་ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་ནས་བརྡས་ཐག་བཅད་མི་ཆོག

དོན་ཚན་གྱ་ལྔ་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་ནི་ལས་ཡུལ་དངོས་ཀྱི་སྐོང་འཚོག་བྱ་ཐབས་སྤྱད་ཆོག་ལ། འཕྲིན་སྐྱེལ་སོགས་ཀྱི་བྱ་ཐབས་སྤྱད་ནས་སྐོང་འཚོག་བྱས་ཀྱང་ཆོག

ཐེབས་རྩའི་བགོ་སྐལ་རེ་རེར་འདེམས་ཤོག་གཅིག་གིས་བརྡས་ཐག་གཅོད་དབང་ཡོད་པ་དང་། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱིས་ལས་ཚབ་པ་མངག་བཅོལ་བྱས་ནས་ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་ལ་ཞུགས་ཆོག་པ་མ་ཟད། དེས་བརྡས་ཐག་གཅོད་དབང་སྤྱོད་ཆོག

དོན་ཚན་གྱ་དྲུག་པ། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཉིས་ཆ་གཅིག་ཡན་ཚོགས་འདུར་ཞུགས་ཡོད་ན། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་གཞི་ནས་འཚོགས་ཆོགཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་ནང་ཞུགས་མཁན་ཏེ་བགོ་སྐལ་འཛིན་མཁན་གྱི་ཐེབས་རྩའི་བགོ་སྐལ་ནི། ནང་གསེས་དོན་ཚན་གོང་མར་གཏན་འབེབས་བྱས་པའི་བསྡུར་ཚད་ལས་དམའ་བ་ཡིན་ན། ཚོགས་འདུ་སྐོང་འཚོག་བྱེད་མཁན་གྱིས་སྔར་སྤྱི་བསྒྲགས་ཟིན་པའི་ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་བསྡུ་པའི་དུས་ཚོད་ལས་ཟླ་གསུམ་གྱི་རྗེས་དང་ཟླ་དྲུག་གི་ནང་ཚུན་དུ། སྔར་གྱི་དོན་དག་ཞིབ་གྲོས་བྱེད་ཆེད་ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་ཡང་བསྐྱར་སྐོང་འཚོག་བྱས་ཆོག བསྐྱར་དུ་སྐོང་འཚོག་བྱས་པའི་ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་ནང་གི་ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱིས་སུམ་ཆ་གཅིག་ཡན་ཟིན་ན་གཞི་ནས་འཚོག་ཆོགཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཚོགས་ཆེན་ཐོག་དོན་དག་ཞིབ་གྲོས་བྱས་ནས་བརྡས་ཐག་གཅོད་སྐབས། ཐེབས་རྩའི་བགོ་སྐལ་འཛིན་དབང་ཡོད་པའི་ཚོགས་ཞུགས་མཁན་གྱི་བརྡས་ཐག་གཅོད་དབང་གི་ཉིས་ཆ་གཅིག་ཡན་གྱི་གྲོས་འཆམ་བརྒྱུད་དགོས། འོན་ཀྱང་། ཐེབས་རྩ་འཁོར་སྐྱོད་བྱེད་སྟངས་བསྒྱུར་བ་དང་། ཐེབས་རྩ་དོ་དམ་པའམ་ཐེབས་རྩ་ཚབ་གཉེར་པ་བརྗེ་བ། སྔོན་ཚུད་ནས་ཐེབས་རྩའི་གན་རྒྱ་སྒྲུབ་མཚམས་འཇོག་པ། ཐེབས་རྩ་གཞན་དང་མཉམ་སྒྲིལ་བཅས་བྱེད་པར། ཐེབས་རྩའི་བགོ་སྐལ་འཛིན་དབང་ཡོད་པའི་ཚོགས་ཞུགས་མཁན་གྱི་བརྡས་ཐག་གཅོད་དབང་གི་སུམ་ཆ་གཉིས་ཡན་གྱི་གྲོས་འཆམ་བརྒྱུད་དགོས། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཚོགས་ཆེན་ནས་ཐག་བཅད་པའི་དོན་དག་རྣམས་ཁྲིམས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ་མ་ཟད། སྤྱི་བསྒྲགས་བྱེད་དགོས།

10 ལེའུ་བཅུ་པ། ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩའི་སྐོར།

དོན་ཚན་གྱ་བདུན་པ། ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩས་ཚད་ལྡན་མ་དངུལ་གཏོང་མཁན་ལ་བསྡུ་སློང་བྱེད་དགོས་པ་དང་། ཚད་ལྡན་མ་དངུལ་གཏོང་མཁན་སྡེབ་རྩིས་བྱས་ན་མི་གྲངས་ཉིས་བརྒྱ་ལས་བརྒལ་མི་ཆོགནང་གསེས་དོན་ཚན་གོང་མར་ཚད་ལྡན་མ་དངུལ་གཏོང་མཁན་ཞེས་པ་ནི་མ་རྩའི་གཞི་རྒྱའམ་ཡོང་འབབ་ཆུ་ཚད་གཏན་འབེབས་ལྟར་ལོན་ཡོད་པ་མ་ཟད། དེ་དང་འཚམས་པའི་ཉེན་འཁུར་ཤེས་རྟོགས་ནུས་པ་དང་ཉེན་འགོག་འཁུར་འགན་ནུས་པ་ལྡན་པ་དང་། དེའི་ཐེབས་རྩའི་བགོ་སྐལ་ཉོ་རྒྱུ་ཁས་ལེན་བྱས་པའི་དངུལ་འབོར་ནི་གཏན་ལ་ཕབ་པའི་བཅད་གྲངས་ལས་མི་ཉུང་བའི་ལས་ཁུངས་དང་མི་སྒེར་ཡིན། ཚད་ལྡན་མ་དངུལ་གཏོང་མཁན་གྱི་ཞིབ་ཕྲའི་ཚད་གཞི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་གཏན་འབེབས་བྱེད་རྒྱུ།

དོན་ཚན་གྱ་བརྒྱད་པ། ཐེབས་རྩའི་གན་རྒྱར་ལོགས་སུ་ཁ་དན་བཞག་ཡོད་པ་ཕུད། ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩ་ནི་ཐེབས་རྩ་ཚབ་གཉེར་པས་ཚབ་གཉེར་བྱེད་རྒྱུ།

དོན་ཚན་གྱ་དགུ་པ། ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩའི་ཐེབས་རྩ་དོ་དམ་པའི་འགན་འཁུར་ན། གཏན་འབེབས་ལྟར་ཐེབས་རྩ་ལས་རིགས་མཐུན་ཚོགས་ཀྱི་ཐོ་འགོད་འགྲོ་ལུགས་འགྲིམ་དགོས་མ་ཟད། གཞི་རྩའི་གནས་ཚུལ་གྱི་ཞུ་ཡིག་འབུལ་དགོས།

དོན་ཚན་དགུ་བཅུ་པ། ཐོ་འགོད་བྱས་མེད་ན། ལས་ཁུངས་སམ་མི་སྒེར་གང་རུང་གིས“ཐེབས་རྩ”དང་ཡང་ན“ཐེབས་རྩ་དོ་དམ”ཞེས་པའི་མིང་ཚིག་གམ་མཚན་བྱང་འདྲ་མཚུངས་སྤྱད་ནས་དངུལ་འཛིན་གྱི་མ་དངུལ་གཏོང་བའི་བྱེད་སྒོ་སྤེལ་མི་ཆོག་མོད། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནས་ལོགས་སུ་གཏན་འབེབས་བྱས་པ་ཕུད་ཡོད།

དོན་ཚན་གོ་གཅིག་པ། ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩ་ནས་ཚད་ལྡན་མ་དངུལ་གཏོང་མཁན་ཕུད་ལས་ཁུངས་དང་མི་སྒེར་ལ་མ་དངུལ་བསྡུ་སློང་བྱེད་མི་ཆོག་ཅིང་། ཚགས་པར་དང་བརྙན་འཕྲིན། རླུང་འཕྲིན། དྲ་སྦྲེལ་སོགས་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་ལ་ཁྱབ་བསྒྲགས་བྱེད་པའམ་ཡང་ན། འཆད་ཁྲིད་དང་སྙན་ཞུའི་ཚོགས་འདུ། དབྱེ་ཞིབ་ཚོགས་འདུ་སོགས་བརྒྱུད་ནས་ཁ་ཕྱོགས་ངེས་མེད་ཀྱི་བྱ་ཡུལ་ལ་དྲིལ་བསྒྲགས་ངོ་སྤྲོད་བྱེད་མི་ཆོག

དོན་ཚན་གོ་གཉིས་པ། ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩ་ནས་ཐེབས་རྩའི་གན་རྒྱ་བཟོ་བ་དང་མིང་རྟགས་འགོད་དགོས། ཐེབས་རྩའི་གན་རྒྱར་གཤམ་གསལ་ནང་དོན་ཁག་ཚུད་དགོས་ཏེ།

ཐེབས་རྩའི་བགོ་སྐལ་འཛིན་མཁན་དང་ཐེབས་རྩ་དོ་དམ་པ། ཐེབས་རྩ་ཚབ་གཉེར་པ་བཅས་ཀྱི་ཁེ་དབང་དང་འོས་འགན་དང་། ཐེབས་རྩ་འཁོར་སྐྱོད་བྱེད་སྟངས། ཐེབས་རྩའི་མ་དངུལ་གཏོང་སྟངས་དང་། གྲངས་འབོར། ཉོ་བ་དང་འཇལ་སྤྲོད་ཁས་བླངས་དུས་ཡུན་སྐོར། ཐེབས་རྩའི་མ་དངུལ་གཏོང་བའི་ཁྱབ་ཁོངས་དང་མ་དངུལ་གཏོང་བའི་ཐབས་ཇུས། མ་དངུལ་གཏོང་བའི་ཚད་བཀག ཐེབས་རྩའི་ཁེ་བཟང་བགོ་བཤའ་རྒྱག་པའི་རྩ་དོན་དང་ལག་བསྟར་བྱེད་སྟངས། ཐེབས་རྩས་དང་དུ་བླངས་པའི་འབྲེལ་ཡོད་འགྲོ་སོང་། ཐེབས་རྩའི་ཆ་འཕྲིན་ནས་མཁོ་འདོན་བྱས་པའི་ནང་དོན་དང་བྱེད་ཐབས། ཐེབས་རྩའི་བགོ་སྐལ་ཉོ་རྒྱུ་ཁས་ལེན་པ་དང་ཚུར་བླུ་བའམ་བཤུག་པའི་སྐོར་གྱི་གོ་རིམ་དང་བྱེད་ཐབས། ཐེབས་རྩའི་གན་རྒྱ་བརྗེ་བསྒྱུར་དང་། མེད་པར་བཟོ་བ། མཚམས་འཇོག་པ་བཅས་ཀྱི་རྐྱེན་རྩ་དང་གོ་རིམ། ཐེབས་རྩའི་རྒྱུ་ནོར་གཙང་རྩིས་རྒྱག་སྟངས། དོ་བདག་གིས་ཁ་དན་བཞག་པའི་དོན་ཚན་གཞན་དག་བཅས་ཡིན། ཐེབས་རྩའི་བགོ་སྐལ་འཛིན་མཁན་ནས་ཐེབས་རྩའི་བགོ་སྐལ་བཤུག་སྤྲོད་བྱེད་སྐབས། བཅའ་ཁྲིམས་འདིའི་དོན་ཚན་གྱ་བདུན་པ་དང་དོན་ཚན་གོ་གཅིག་པའི་གཏན་འབེབས་དང་འཚམ་དགོས།

དོན་ཚན་གོ་གསུམ་པ། ཐེབས་རྩའི་གན་རྒྱར་ཁ་དན་བཞག་པ་ལྟར། ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩ་དེར་ཐེབས་རྩའི་བགོ་སྐལ་འཛིན་མཁན་ཁག་ཅིག་གིས་ཐེབས་རྩ་དོ་དམ་པ་བྱས་ནས་ཐེབས་རྩའི་མ་དངུལ་གཏོང་བའི་དོ་དམ་བྱེད་སྒོར་འགན་ཁུར་ཆོག་པ་མ་ཟད། ཐེབས་རྩའི་རྒྱུ་ནོར་ལས་བུ་ལོན་གཙང་སེལ་བྱེད་པར་མ་འདང་བའི་སྐབས་ཀྱི་ཐེབས་རྩའི་བུ་ལོན་ལ་ཚད་མེད་རྗེས་འབྲེལ་གྱི་འགན་འཁྲི་འཁུར་རྒྱུ།

ནང་གསེས་དོན་ཚན་གོང་མའི་ནང་གཏན་འབེབས་བྱས་པའི་ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩ་དེའི་གན་རྒྱར་གསལ་པོ་འཁོད་དགོས་རྒྱུར།

ཚད་མེད་རྗེས་འབྲེལ་གྱི་འགན་འཁྲི་འཁུར་མཁན་གྱི་ཐེབས་རྩའི་བགོ་སྐལ་འཛིན་མཁན་དང་ཐེབས་རྩའི་བགོ་སྐལ་འཛིན་མཁན་གཞན་དག་གི་རུས་མིང་དང་སྡོད་གནས་དང་། ཚད་མེད་རྗེས་འབྲེལ་གྱི་འགན་འཁྲི་འཁུར་མཁན་གྱི་ཐེབས་རྩའི་བགོ་སྐལ་འཛིན་མཁན་གོ་ས་ལས་ཕུད་པའི་རྒྱུ་མཚན་དང་བརྗེ་བསྒྱུར་གོ་རིམ། ཐེབས་རྩའི་བགོ་སྐལ་འཛིན་མཁན་ཁ་སྣོན་དང་ཕྱིར་འབུད་པའི་ཆ་རྐྱེན་དང་གོ་རིམ། དེ་བཞིན་འབྲེལ་ཡོད་འགན་འཁྲི།ཚད་མེད་རྗེས་འབྲེལ་གྱི་འགན་འཁྲི་འཁུར་མཁན་གྱི་ཐེབས་རྩའི་བགོ་སྐལ་འཛིན་མཁན་དང་ཐེབས་རྩའི་བགོ་སྐལ་འཛིན་མཁན་གཞན་དག་བརྗེ་སྤོར་བྱེད་པའི་གོ་རིམ་བཅས།

དོན་ཚན་གོ་བཞི་པ། ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩ་བསྡུ་སློང་བྱས་ཚར་རྗེས། ཐེབས་རྩ་དོ་དམ་པས་ཐེབས་རྩ་ལས་རིགས་མཐུན་ཚོགས་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་། བསྡུ་སློང་བྱས་པའི་མ་དངུལ་བསྡོམས་འབོར་དང་ཡང་ན་ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་མི་གྲངས་དེ་གཏན་འབེབས་བྱས་པའི་ཚད་གཞིར་ལོན་པའི་ཐེབས་རྩ་ནི། ཐེབས་རྩ་ལས་རིགས་མཐུན་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་སྙན་སེང་ཞུ་དགོས། ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩའི་རྒྱུ་ནོར་ལས་དངུལ་འཛིན་གྱི་མ་དངུལ་གཏོང་བའི་ནང་དུ། ཡོངས་གྲགས་འགྲེམས་སྤེལ་བྱས་པའི་རྐང་འཛིན་ཚད་ཡོད་ཀུང་སིའི་རྐང་འཛིན་ཤོག་དངུལ་དང་། བུན་འཛིན་ཤོག་དངུལ། ཐེབས་རྩའི་བགོ་སྐལ་བཅས་དང་། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་གཏན་འབེབས་བྱས་པའི་དངུལ་འཛིན་གཞན་དག་དང་དེ་ལས་མཆེད་པའི་དངུལ་འཛིན་རིགས་སྣ་བཅས་ཉོ་ཚོང་བྱས་པ་ཚུད་ཡོད།

དོན་ཚན་གོ་ལྔ་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པས་ཐེབས་རྩའི་གན་རྒྱར་ཁ་དན་བཞག་པ་ལྟར། ཐེབས་རྩའི་བགོ་སྐལ་འཛིན་མཁན་ལ་ཐེབས་རྩའི་ཆ་འཕྲིན་མཁོ་འདོན་བྱེད་དགོས།

དོན་ཚན་གོ་དྲུག་པ། ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩའི་དོ་དམ་ལས་སྒོ་ཆེད་གཉེར་བྱེད་མཁན་གྱི་ཐེབས་རྩ་དོ་དམ་པ་དང་། ཐེབས་རྩའི་རྐང་བདག མཐོ་རིམ་དོ་དམ་མི་སྣ། གཉེར་སྐྱོང་དུས་ཡུན། དོ་དམ་བྱས་པའི་ཐེབས་རྩའི་མ་རྩའི་གཞི་ཁྱོན་བཅས་ནི་གཏན་འབེབས་བྱས་པའི་ཆ་རྐྱེན་དང་བསྟུན་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ཆོག་བཀོད་ཐོབ་པར་བརྒྱུད། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་དོ་དམ་ལས་སྒོ་གཉེར་ཆོག

11 ལེའུ་བཅུ་གཅིག་པ། ཐེབས་རྩ་ཞབས་ཞུ་ལས་ཁུངས།

དོན་ཚན་གོ་བདུན་པ། ཡོངས་གྲགས་བསྡུ་སློང་ཐེབས་རྩ་ཕྱིར་འཚོང་དང་ཕྱིར་འཚོང་གཏོང་སྤྲོད། བགོ་སྐལ་ཐོ་འགོད། རིན་ཐང་དཔག་རྩི། མ་དངུལ་གཏོང་བའི་བློ་འདྲི་བ། དཔྱད་འཇོག ཆ་འཕྲིན་ལག་རྩལ་མ་ལག་གི་ཞབས་ཞུ་བྱེད་པ་སོགས་ཐེབས་རྩའི་ཞབས་ཞུ་ལས་སྒོ་གཉེར་བའི་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་གཏན་འབེབས་ལྟར་ཆོག་བཀོད་ཞུ་བའམ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་གོ་བརྒྱད་པ། ཐེབས་རྩ་ཕྱིར་འཚོང་ལས་ཁུངས་ཀྱིས་མ་དངུལ་གཏོང་མཁན་ལ་མ་དངུལ་གཏོང་བའི་ཉེན་ཁ་གསལ་སྟོན་གང་ལེགས་བྱེད་དགོས་མ་ཟད། མ་དངུལ་གཏོང་མཁན་གྱི་ཉེན་འགན་འཁུར་ནུས་ལ་གཞིགས་ནས་ཉེན་རིམ་མི་འདྲ་བའི་ཐེབས་རྩའི་ཐོན་རྫས་ཕྱིར་འཚོང་བྱེད་རྒྱུ།

དོན་ཚན་གོ་དགུ་པ། ཐེབས་རྩ་ཕྱིར་འཚོང་གཏོང་སྤྲོད་ལས་ཁུངས་ཀྱིས་གཏན་འབེབས་ལྟར་ཐེབས་རྩ་ཕྱིར་འཚོང་སྡོམ་རྩིས་མ་དངུལ་གཏོང་སྤྲོད་བྱས་ནས། ཐེབས་རྩ་ཕྱིར་འཚོང་སྡོམ་རྩིས་མ་དངུལ་བདེ་འཇགས་དང་དུས་ཐོག་གཏོང་སྤྲོད་ཁག་ཐེག་བྱེད་དགོས།

དོན་ཚན་བརྒྱ་ཐམ་པ། ཐེབས་རྩ་ཕྱིར་འཚོང་སྡོམ་རྩིས་མ་དངུལ་དང་ཐེབས་རྩའི་བགོ་སྐལ་ནི་ཐེབས་རྩ་ཕྱིར་འཚོང་ལས་ཁུངས་དང་། ཐེབས་རྩ་ཕྱིར་འཚོང་གཏོང་སྤྲོད་ལས་ཁུངས་སམ་ཡང་ན་ཐེབས་རྩའི་བགོ་སྐལ་ཐོ་འགོད་ལས་ཁུངས་བཅས་ཀྱི་རང་ཡོད་རྒྱུ་ནོར་ལས་རང་ཚུགས་སུ་གནས་རྒྱུ། ཐེབས་རྩ་ཕྱིར་འཚོང་ལས་ཁུངས་དང་ཐེབས་རྩ་ཕྱིར་འཚོང་གཏོང་སྤྲོད་ལས་ཁུངས་སམ་ཐེབས་རྩའི་བགོ་སྐལ་ཐོ་འགོད་ལས་ཁུངས་སོགས་མ་རྩ་སྟོངས་པའམ་གཙང་རྩིས་རྒྱག་པའི་སྐབས་སུ། ཐེབས་རྩ་ཕྱིར་འཚོང་སྡོམ་རྩིས་མ་དངུལ་དང་ཐེབས་རྩའི་བགོ་སྐལ་ནི་དེའི་མ་རྩ་སྟོངས་བའི་རྒྱུ་ནོར་རམ་གཙང་རྩིས་བརྒྱབ་པའི་རྒྱུ་ནོར་ཁོངས་སུ་མི་གཏོགས། མ་དངུལ་གཏོང་མཁན་རང་ངོས་ཀྱི་བུ་ལོན་དང་ཡང་ན་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་གི་རྐྱེན་གྱིས་མིན་ན། ཐེབས་རྩ་ཕྱིར་འཚོང་སྡོམ་རྩིས་མ་དངུལ་དང་ཐེབས་རྩའི་བགོ་སྐལ་ནི་དམ་བཅད་དང་། བཀག་འཇོག འཐེན་འཕྲི། བཙན་སྐུལ་ལག་བསྟར་སོགས་བྱེད་མི་ཆོགཐེབས་རྩ་ཕྱིར་འཚོང་ལས་ཁུངས་དང་། ཐེབས་རྩ་ཕྱིར་འཚོང་གཏོང་སྤྲོད་ལས་ཁུངས། ཐེབས་རྩའི་བགོ་སྐལ་ཐོ་འགོད་ལས་ཁུངས་བཅས་ནས། ཐེབས་རྩ་ཕྱིར་འཚོང་སྡོམ་རྩིས་མ་དངུལ་དང་ཐེབས་རྩའི་བགོ་སྐལ་ནི་བདེ་འཇགས་དང་རང་ཚུགས་ཡིན་པར་ཁག་ཐེག་བྱེད་དགོས་པ་དང་། ལས་ཁུངས་དང་མི་སྒེར་གང་རུང་གིས་བྱ་ཐབས་གང་རུང་སྤྱད་ནས་ཐེབས་རྩ་ཕྱིར་འཚོང་སྡོམ་རྩིས་མ་དངུལ་དང་ཐེབས་རྩའི་བགོ་སྐལ་སྒེར་སྤྱོད་བྱེད་པ་གཏན་འགོག་བྱེད་དགོས།

དོན་ཚན་བརྒྱ་དང་གཅིག་པ། ཐེབས་རྩ་དོ་དམ་པས་ཐེབས་རྩ་ཞབས་ཞུ་ལས་ཁུངས་མངག་བཅོལ་བྱས་ནས་ཐེབས་རྩའི་བགོ་སྐལ་ཐོ་འགོད་དང་། རྩིས་བཤེར། རིན་ཐང་དཔག་རྩི། མ་དངུལ་གཏོང་བའི་བློ་འདྲི་བ་སོགས་ཀྱི་དོན་དག་བསྒྲུབ་ཆོག་པ་དང་། ཐེབས་རྩ་ཚབ་གཉེར་པས་ཐེབས་རྩ་ཞབས་ཞུ་ལས་ཁུངས་མངག་བཅོལ་བྱས་ནས་ཐེབས་རྩ་རྩིས་བཤེར་དང་རིན་ཐང་དཔག་རྩི། བསྐྱར་ཞིབ་སོགས་ཀྱི་དོན་དག་བསྒྲུབ་ཆོག་མོད། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པས་བཅའ་ཁྲིམས་ལྟར་འཁུར་དགོས་པའི་འགན་འཁྲི་ནི་མངག་བཅོལ་བྱས་པའི་རྐྱེན་གྱིས་རྩ་ཆག་བཏང་མི་ཆོག

དོན་ཚན་བརྒྱ་དང་གཉིས་པ། ཐེབས་རྩའི་བགོ་སྐལ་ཐོ་འགོད་ལས་ཁུངས་ཀྱིས་གློག་རྡུལ་སྨྱན་རྫས་སྤྱད་ནས་ཐོ་འགོད་བྱས་པའི་གཞི་འཛིན་གྲངས་ནི། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཁེ་དབང་ཁོངས་གཏོགས་ཀྱི་གཞི་འཛིན་ས་ཡིན། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱིས་ཐེབས་རྩའི་བགོ་སྐལ་བུན་ཚབ་ཏུ་བཞག་ན། བུན་ཚབ་འཇོག་དབང་ནི་ཐེབས་རྩའི་བགོ་སྐལ་ཐོ་འགོད་ལས་ཁུངས་ཀྱིས་བུན་ཚབ་ཏུ་འཇོག་པའི་ཐོ་འགོད་བསྒྲུབ་དུས་ནས་ཚུགས་ཡོད། ཐེབས་རྩའི་བགོ་སྐལ་ཐོ་འགོད་ལས་ཁུངས་ཀྱིས་ཐོ་བཀོད་གཞི་འཛིན་གྲངས་ཉར་ཚགས་འོས་འཚམ་བྱེད་དགོས་པ་མ་ཟད། ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་མིང་དང་ཐོབ་ཐང་གི་ཆ་འཕྲིན། དེ་བཞིན་ཐེབས་རྩའི་བགོ་སྐལ་གྲངས་ཐོ་གསལ་བ་སོགས་ཀྱི་གཞི་འཛིན་གྲངས་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་ངོས་འཛིན་བྱས་པའི་ལས་ཁུངས་སུ་གྲབས་ཉར་བྱེད་དགོས། དེ་ཉར་ཚགས་བྱེད་ཡུན་ནི་ཐེབས་རྩའི་ཐོ་ཁུངས་མེད་པར་བཟོས་ནས་ལོ་ཉི་ཤུ་ལས་ཉུང་མི་རུང་། ཐེབས་རྩའི་བགོ་སྐལ་ཐོ་འགོད་ལས་ཁུངས་ཀྱིས་ཐོ་བཀོད་གཞི་འཛིན་གྲངས་ནི་བདེན་པ་དང་། ཡང་དག་པ། ཆ་ཚང་བ་བཅས་ཡིན་པར་ཁག་ཐེག་བྱེད་དགོས་པ་ལས། དེ་ཉིད་སྦེད་པ་དང་རྫུན་བཟོ། ངོ་རྫུན་བརྗེ་བའམ་གཏོར་བརླག་གཏོང་བ་སོགས་བྱེད་མི་ཆོག

དོན་ཚན་བརྒྱ་དང་གསུམ་པ། ཐེབས་རྩའི་མ་དངུལ་གཏོང་བའི་བློ་འདྲི་ལས་ཁུངས་དང་དེའི་ལས་ཞུགས་མི་སྣ་ནས་ཐེབས་རྩའི་མ་དངུལ་གཏོང་བའི་ཞབས་ཞུ་མཁོ་འདོན་བྱེད་པར་གཞི་འཛིན་ས་འོས་འཚམ་ཞིག་དགོས་པ་དང་། ལས་ཁུངས་དེའི་ཞབས་ཞུ་ནུས་པ་དང་གཉེར་སྐྱོང་གྲུབ་འབྲས་ནི་དོན་དངོས་ལྟར་གསལ་པོ་བཤད་རྒྱུ་ལས། བྱ་ཐབས་གང་རུང་སྤྱད་ནས་མ་དངུལ་གཏོང་བའི་ཁེ་བཟང་ཁས་ལེན་ནམ་ཁག་ཐེག་བྱེད་མི་ཆོག་ཅིང་། ཞབས་ཞུ་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་བཟོ་མི་ཆོག

དོན་ཚན་བརྒྱ་དང་བཞི་པ། ཐེབས་རྩ་དཔྱད་འཇོག་ལས་ཁུངས་དང་དེའི་ལས་ཞུགས་མི་སྣ་ནི་དོན་དངོས་དང་མཐུན་ཞིང་དྲང་བདེན་ཡིན་དགོས་ཏེ། བཅའ་ཁྲིམས་ལྟར་གཏན་འབེབས་བྱས་པའི་ལས་སྒོའི་སྒྲིག་སྲོལ་ནང་བཞིན་ཐེབས་རྩ་དཔྱད་འཇོག་གི་ལས་སྒོ་སྤེལ་རྒྱུ། མ་དངུལ་གཏོང་མཁན་ལོག་ལམ་དུ་ཁྲིད་པ་གཏན་འགོག་བྱེད་རྒྱུ་དང་། ཁེ་ཕན་གྱི་འགལ་བ་འབྱུང་ངེས་ཡིན་པ་རྣམས་སྔོན་འགོག་བྱེད་དགོས།

དོན་ཚན་བརྒྱ་དང་ལྔ་པ། ཐེབས་རྩ་དོ་དམ་པ་དང་། ཐེབས་རྩ་ཚབ་གཉེར་པ། ཐེབས་རྩ་ཞབས་ཞུ་ལས་ཁུངས་བཅས་ཀྱི་ཆ་འཕྲིན་ལག་རྩལ་མ་ལག་ནི་གཏན་འབེབས་བྱས་པའི་བླང་བྱ་དང་མཐུན་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ནས་ཆ་འཕྲིན་ལག་རྩལ་མ་ལག་གི་ཞབས་ཞུ་ལས་ཁུངས་དེར། ཆ་འཕྲིན་ལག་རྩལ་མ་ལག་དེའི་འབྲེལ་ཡོད་དཔྱད་ཡིག་མཁོ་འདོན་དགོས་པའི་བླང་བྱ་བཏོན་ཆོག

དོན་ཚན་བརྒྱ་དང་དྲུག་པ། ཁྲིམས་རྩོད་པའི་ལས་སྒྲུབ་ཁང་དང་རྩིས་གཉེར་ལས་སྒྲུབ་ཁང་གིས་ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པའི་མངག་བཅོལ་དང་ལེན་བྱས་ནས། འབྲེལ་ཡོད་ཐེབས་རྩའི་ལས་སྒོ་བྱེད་སྒོར་བཅའ་ཁྲིམས་གྱི་བསམ་འཆར་ཡི་གེ་དང་། རྩིས་བཤེར་སྙན་ཞུ། ནང་ཁུལ་ཚོད་འཛིན་གྱི་དཔྱད་འཇོག་སྙན་ཞུ་སོགས་ཡིག་ཆ་མཁོ་འདོན་བྱེད་ན། འགན་འཁྲི་ཧུར་བརྩོན་བསྒྲུབ་རྒྱུ་དང་། ཡིག་ཆ་དེ་དག་གི་ནང་དོན་ནི་བདེན་པ་དང་ཡང་དག་པ། ཆ་ཚང་བ་བཅས་ཡིན་མིན་ཞིབ་བཤེར་དཔྱད་བསྡུར་བྱེད་རྒྱུ། དེས་བཟོ་བའམ་བཏོན་པའི་ཡིག་ཆའི་ནང་དོན་ལ་རྫུན་བཟོ་ཐོ་འགོད་དང་གོ་ནོར་གྱི་རང་བཞིན་ལྡན་པའི་གཏམ་བརྗོད། ཆད་ལུས་ཆེན་པོ་སོགས་ཡོད་པ་ལས་མི་གཞན་པའི་རྒྱུ་ནོར་ལ་གནོད་སྐྱོན་བཟོས་ཡོད་ན། མངག་བཅོལ་མཁན་དང་ལྷན་དུ་རྗེས་འབྲེལ་གྱི་སྐྱིན་ཚབ་སྤྲོད་པའི་འགན་འཁྲི་འཁུར་དགོས།

དོན་ཚན་བརྒྱ་དང་བདུན་པ། ཐེབས་རྩ་ཞབས་ཞུ་ལས་ཁུངས་ནས་རང་འགན་འབད་སྒྲུབ་དང་ནན་སྒྲུབ་བྱས་ནས། ཉེན་ཟོན་དོ་དམ་ལམ་ལུགས་དང་གོད་ཆག་གྲབས་ཉར་མ་ལག་སོགས་འཕྲལ་བསྟུན་བྱ་ཐབས་འཛུགས་རྒྱུ་དང་། ཐེབས་རྩའི་བགོ་སྐལ་འཛིན་མཁན་དང་ཐེབས་རྩའི་མ་དངུལ་གཏོང་བའི་འཁོར་སྐྱོད་སྐོར་གྱི་ཡོངས་གྲགས་ཆ་འཕྲིན་མིན་པ་ཕྱིར་སྒྲོག་མི་ཆོག

12 ལེའུ་བཅུ་གཉིས་པ། ཐེབས་རྩ་ལས་རིགས་མཐུན་ཚོགས།

དོན་ཚན་བརྒྱ་དང་བརྒྱད་པ། ཐེབས་རྩ་ལས་རིགས་མཐུན་ཚོགས་ནི་དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐེབས་རྩ་ལས་རིགས་ཀྱི་རང་གཅུན་རང་བཞིན་ལྡན་པའི་རྩ་འཛུགས་ཡིན་པ་དང་། སྤྱི་ཚོགས་ཚོགས་པའི་ཁྲིམས་མི་ཡིན། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ་ནི་ཐེབས་རྩ་ལས་རིགས་མཐུན་ཚོགས་ནང་དུ་ཞུགས་དགོས་པ་དང་། ཐེབས་རྩ་ཞབས་ཞུ་ལས་ཁུངས་ནི་ཐེབས་རྩ་ལས་རིགས་མཐུན་ཚོགས་ནང་དུ་ཞུགས་ཀྱང་ཆོག

དོན་ཚན་བརྒྱ་དང་དགུ་པ། ཐེབས་རྩ་ལས་རིགས་མཐུན་ཚོགས་ཀྱི་དབང་ཆའི་ལས་ཁུངས་ནི་ཚོགས་མི་ཡོངས་ཀྱིས་གྲུབ་པའི་ཚོགས་མིའི་ཚོགས་ཆེན་ཡིན། ཐེབས་རྩ་ལས་རིགས་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་འཛུགས་རྒྱུ། ལས་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ནི་སྒྲིག་ཡིག་གི་གཏན་འབེབས་ལྟར་འདེམས་བསྐོ་བྱས་ནས་ཐོན་རྒྱུ།

དོན་ཚན་བརྒྱ་དང་བཅུ་པ། ཐེབས་རྩ་ལས་རིགས་མཐུན་ཚོགས་ཀྱི་སྒྲིག་ཡིག་ནི་ཚོགས་མིའི་ཚོགས་ཆེན་ཐོག་གཏན་ལ་འབེབས་རྒྱུ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ།

དོན་ཚན་བརྒྱ་དང་བཅུ་གཅིག་པ། ཐེབས་རྩ་ལས་རིགས་མཐུན་ཚོགས་ཀྱིས་གཤམ་གསལ་འགན་འཁྲི་ལག་བསྟར་བྱེད་རྒྱུ་སྟེ།

ཚོགས་མིས་དངུལ་འཛིན་གྱི་མ་དངུལ་གཏོང་བའི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པར་སློབ་གསོ་གཏོང་བ་དང་། མ་དངུལ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། ཚོགས་མིའི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ལྟར་སྲུང་སྐྱོང་བྱེད་རྒྱུ་དང་། ཚོགས་མིའི་བསམ་འཆར་དང་དགོས་འདུན་མཚོན་པར་བྱེད་རྒྱུ། ལས་རིགས་རང་གཅུན་གྱི་སྒྲིག་སྲོལ་གཏན་འབེབས་དང་ལག་ལེན་བསྟར་རྒྱུ་དང་། ཚོགས་མི་དང་དེའི་ལས་ཞུགས་མི་སྣ་གཞན་དག་གི་ལས་གཉེར་བྱ་སྤྱོད་ཐད་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། རང་གཅུན་སྒྲིག་སྲོལ་དང་མཐུན་ཚོགས་སྒྲིག་ཡིག་ལས་འགལ་བའི་བྱ་སྤྱོད་ཡོད་ན། གཏན་འབེབས་ལྟར་སྒྲིག་འགལ་ཆད་པ་གཅོད་རྒྱུ། ལས་རིགས་ལས་གཉེར་བྱེད་པའི་ཚད་གཞི་དང་ལས་སྒོའི་ཚད་གཞི་གཏན་འབེབས་བྱེད་རྒྱུ་དང་། ཐེབས་རྩའི་ལས་ཞུགས་མི་སྣའི་ལས་ཞུགས་རྒྱུགས་ལེན་དང་། བབ་ཐོབ་དོ་དམ། ལས་སྒོའི་ཟབ་སྦྱོང་བཅས་རྩ་འཛུགས་བྱེད་རྒྱུ། ཚོགས་མིར་ཞབས་ཞུ་མཁོ་འདོན་བྱེད་པ་དང་། ལས་རིགས་ཀྱི་བསམ་བློ་སྤེལ་རེས་རྩ་འཛུགས་བྱེད་པ། ལས་རིགས་ཀྱི་གསར་བཏོད་རྣམ་པ་སྐུལ་འདེད་གཏོང་བ་དང་། ལས་རིགས་ཁྱབ་སྒྲོག་དང་མ་དངུལ་གཏོང་མཁན་གྱི་སློབ་གསོའི་ལས་སྒོ་སྤེལ་རྒྱུ། ཚོགས་མི་ཕན་ཚུན་དབར་རམ་ཚོགས་མི་དང་ཚོང་འགྲུལ་དབར་བྱུང་བའི་ཐེབས་རྩ་ལས་སྒོའི་རྩོད་གཞི་འདུམ་འགྲིག་བྱེད་རྒྱུ། བཅའ་ཁྲིམས་ལྟར་ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩ་ཐོ་འགོད་དང་སྙན་སེང་ཞུ་རྒྱུ། མཐུན་ཚོགས་ཀྱི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས།

13 ལེའུ་བཅུ་གསུམ་པ། ལྟ་སྐུལ་དང་དོ་དམ་བྱེད་ཕྱོགས་སྐོར།

དོན་ཚན་བརྒྱ་དང་བཅུ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་གཤམ་གསལ་འགན་འཁྲི་བསྒྲུབ་རྒྱུ་སྟེ།

དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐེབས་རྩའི་བྱེད་སྒོ་སྤེལ་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྐོར་གྱི་སྒྲིག་སྲོལ་དང་སྒྲིག་ལམ་གཏན་འབེབས་བྱེད་རྒྱུ་མ་ཟད། ཁྲིམས་ལྟར་ཞིབ་མཆན་འགོད་པ་དང་ཞིབ་དཔྱད་ཆོག་འཐུས་གནང་བའམ་ཐོ་འགོད་བཅས་ཀྱི་དབང་ཆ་སྤྱོད་རྒྱུ། ཐེབས་རྩ་ཐོ་འགོད་སྙན་སེང་ཞུ་དོན་བསྒྲུབ་རྒྱུ། ཐེབས་རྩ་དོ་དམ་པ་དང་། ཐེབས་རྩ་ཚབ་གཉེར་པ། དེ་བཞིན་ལས་ཁུངས་གཞན་དག་བཅས་ཀྱིས་དངུལ་འཛིན་གྱི་མ་དངུལ་གཏོང་བའི་ཐེབས་རྩའི་བྱེད་སྒོ་སྤེལ་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བ་ཞིབ་གཅོད་བྱེད་རྒྱུ་མ་ཟད་སྤྱི་བསྒྲགས་ཀྱང་བྱེད་རྒྱུ། ཐེབས་རྩའི་ལས་ཞུགས་མི་སྣའི་ཐོབ་ཐང་གི་ཚད་གཞི་དང་བྱ་སྤྱོད་ཀྱི་ཚད་གཞི་གཏན་འབེབས་བྱེད་རྒྱུ་མ་ཟད། ལག་ལེན་བསྟར་ཚུལ་ལའང་ལྟ་སྐུལ་བྱེད་རྒྱུ། ཐེབས་རྩའི་ཆ་འཕྲིན་ཕྱིར་བསྒྲགས་བྱེད་ཚུལ་ལ་ལྟ་སྐུལ་དང་ཞིབ་དཔྱད་བྱེད་རྒྱུ། ཐེབས་རྩའི་ལས་རིགས་མཐུན་ཚོགས་ཀྱི་བྱེད་སྒོར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་རྒྱུ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལས་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་ཡིན།

དོན་ཚན་བརྒྱ་དང་བཅུ་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་གཤམ་གསལ་བྱ་ཐབས་སྤྱོད་དབང་ཡོད་པ་སྟེ།

ཐེབས་རྩ་དོ་དམ་པ་དང་། ཐེབས་རྩ་ཚབ་གཉེར་པ། ཐེབས་རྩ་ཞབས་ཞུ་ལས་ཁུངས་བཅས་ཀྱི་ལས་ཡུལ་དངོས་སུ་ཞིབ་བཤེར་བྱེད་རྒྱུ་མ་ཟད། དེ་དག་གིས་འབྲེལ་ཡོད་ལས་སྒོའི་དཔྱད་ཡིག་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཆོགཁྲིམས་འགལ་གྱི་དོགས་ཡོད་བྱ་སྤྱོད་སྤེལ་ཡུལ་དུ་བརྟག་དཔྱད་བྱས་ཏེ་དཔང་རྟགས་ལེན་པ། དོ་བདག་དང་བརྟག་དཔྱད་བྱ་བའི་དོན་རྐྱེན་དང་འབྲེལ་ཡོད་ཀྱི་ལས་ཁུངས་དང་མི་སྒེར་ལ་འདྲི་རྩད་དང་། དེ་ཚོར་བརྟག་དཔྱད་བྱ་བའི་དོན་རྐྱེན་དང་འབྲེལ་ཡོད་ཀྱི་དོན་དག་ཐད་གསལ་བཤད་བྱེད་རེ་འདོན་པ།བརྟག་དཔྱད་བྱ་བའི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་དབང་ཆ་ཐོ་འགོད་དང་འཕྲིན་གཏོང་ཟིན་ཐོ་སྐོར་གྱི་དཔྱད་ཡིག་རྣམས་ཀློག་བཤེར་དང་བསྐྱར་པར་བྱེད་པ། དོ་བདག་དང་བརྟག་དཔྱད་བྱ་བའི་དོན་རྐྱེན་དང་འབྲེལ་ཡོད་ཀྱི་ལས་ཁུངས་དང་མི་སྒེར་བཅས་ཀྱི་དངུལ་འཛིན་ཉོ་ཚོང་བྱས་པའི་ཟིན་ཐོ་དང་། རྒྱུ་བདག་བརྗེ་བའི་ཐོ་བཀོད་ཟིན་ཐོ། ནོར་དོན་རྩིས་གཉེར་དཔྱད་ཡིག་དེ་བཞིན་འབྲེལ་ཡོད་ཀྱི་ཡིག་ཆ་དང་དཔྱད་ཡིག་གཞན་དག་བཅས་ཀློག་བཤེར་དང་བསྐྱར་པར་བྱེད་ཅིང་། གནས་སྤོས་སམ་སྦས་སྐུང་བྱེད་པའམ་ཡང་ན་གཏོར་བརླག་བཅས་བྱེད་སྲིད་པའི་ཡིག་ཆ་དང་དཔྱད་ཡིག་རྣམས་བཀག་སྡོམ་ཉར་ཚགས་བྱེད་ཆོགདོ་བདག་དང་བརྟག་དཔྱད་བྱ་བའི་དོན་རྐྱེན་དང་འབྲེལ་ཡོད་ཀྱི་ལས་ཁུངས་དང་མི་སྒེར་གྱི་མ་དངུལ་ཐོ་ཁོངས་དང་དངུལ་འཛིན་ཐོ་ཁོངས། དངུལ་ཁང་གི་ཐོ་ཁོངས་བཅས་འདྲི་རྩད་བྱེད་པ་དང་། ཁྲིམས་འགལ་ཡིན་པའི་མ་དངུལ་དང་དངུལ་འཛིན་ཏེ་གྱོད་དོན་དང་འབྲེལ་བའི་རྒྱུ་ནོར་གནས་སྤོས་སམ་སྦས་སྐུང་བྱེད་ཚུལ་ཐད་ཀྱི་དཔང་རྟགས་ཡོད་པ་དང་། དཔང་རྟགས་གལ་ཆེན་སྦས་སྐུང་དང་རྫུན་བཟོ་བྱེད་པའམ་གཏོར་བརླག་བཏང་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་འགན་འཁུར་མི་སྣ་གཙོ་བོས་ཞིབ་མཆན་གནང་བ་བརྒྱུད། བཀག་འཇོག་དང་ཡང་ན་དམ་བཅད་བྱེད་ཆོགདངུལ་འཛིན་ཚོང་ར་ཁ་ལོ་བསྒྱུར་བ་དང་ནང་ཁུལ་ཉོ་ཚོང་བྱེད་པ་སོགས་དངུལ་འཛིན་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་བརྟག་དཔྱད་བྱེད་པ་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་འགན་འཁུར་མི་སྣ་གཙོ་བོས་ཞིབ་མཆན་གནང་བ་བརྒྱུད། བརྟག་དཔྱད་བྱ་ཡུལ་དོ་བདག་གི་དངུལ་འཛིན་ཉོ་ཚོང་གི་བྱ་སྤྱོད་ཚོད་འཛིན་བྱེད་ཆོག་ན་ཡང་། ཚོད་འཛིན་བྱེད་ཡུན་ནི་ཉོ་ཚོང་བྱེད་པའི་ཉི་མ་བཅོ་ལྔ་ལས་བརྒལ་མི་ཆོག གནས་ཚུལ་ཉོག་དྲ་ཆེ་ན་ཉོ་ཚོང་བྱེད་པའི་ཉི་མ་བཅོ་ལྔ་བསྲིང་ཆོག

དོན་ཚན་བརྒྱ་དང་བཅུ་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱས་ནས་བརྟག་དཔྱད་དམ་ཞིབ་བཤེར་བྱེད་སྐབས། མི་གཉིས་ལས་ཉུང་མི་རུང་ཁར་ཁྲིམས་མཐུན་དཔང་ཡིག་ཕྱིར་འདོན་དགོས། བརྟག་དཔྱད་དང་ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་ཚོང་ལས་སྐོར་གྱི་གསང་བ་དམ་སྲུང་བྱེད་པའི་འོས་འགན་ཡོད།

དོན་ཚན་བརྒྱ་དང་བཅོ་ལྔ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་རང་འཁྲིའི་བྱ་བར་བློ་དཀར་ཞིང་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་། གཞུང་དྲང་སྤྱོད་གཙང་དང་ལྟ་སྐུལ་དང་ལེན་བྱེད་དགོས་པ་ལས། གོ་གནས་བེད་སྤྱད་ནས་སྒེར་དོན་ཧམ་གཉེར་བྱེད་མི་ཆོག

དོན་ཚན་བརྒྱ་དང་བཅུ་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་སྐབས། བརྟག་དཔྱད་དང་ཞིབ་བཤེར་བྱ་ཡུལ་གྱི་ལས་ཁུངས་དང་མི་སྒེར་ནས་མཐུན་སྦྱོར་བྱེད་དགོས་ཏེ། འབྲེལ་ཡོད་ཀྱི་ཡིག་ཆ་དང་དཔྱད་ཡིག་རྣམས་དོན་དངོས་ལྟར་མཁོ་འདོན་བྱེད་དགོས་པ་ལས། ངོ་ཟློག་པ་དང་བཀག་འགོག་དང་སྦས་གསང་བཅས་བྱེད་མི་ཆོག

དོན་ཚན་བརྒྱ་དང་བཅུ་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་པར། ཁྲིམས་འགལ་བྱ་སྤྱོད་སྤེལ་ནས་ནག་ཉེས་བཟོས་ཡོད་པ་མཐོང་ཚེ། གྱོད་གཞི་འདི་ཁྲིམས་འཛིན་ལས་ཁུངས་སུ་ཐག་གཅོད་བྱེད་པར་སྐྱེལ་སྤྲོད་བྱེད་དགོས།

དོན་ཚན་བརྒྱ་དང་བཅོ་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་རང་འགན་ལག་བསྟར་བྱེད་ཡུན་དང་། ཡང་ན་འགན་བྲལ་རྗེས་ཏེ་གཞུང་ཞབས་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་དུས་ཡུན་ནང་། ལྟ་སྐུལ་བྱ་ཡུལ་ལས་ཁུངས་སུ་ལས་འགན་འཁུར་མི་ཆོག

14 ལེའུ་བཅུ་བཞི་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་བརྒྱ་དང་བཅུ་དགུ་པ། བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་དང་འགལ་ཏེ་ཆོག་མཆན་མ་ཐོབ་པར་ཐེབས་རྩ་དོ་དམ་ཀུང་སི་རང་དགར་བཙུགས་པའམ་ཞིབ་མཆན་མ་ཐོབ་པར་ཡོངས་གྲགས་བསྡུ་སློང་ཐེབས་རྩའི་དོ་དམ་ལས་སྒོ་སྒྲུབ་རིགས་ལ། དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་མེད་པར་བཟོ་རྒྱུའམ་བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་དུ་འཇུག་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ས་ཡ་གཅིག་ལོན་མེད་རིགས་ལ་སྒོར་འབུམ་གཅིག་ཡན་ནས་ས་ཡ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་རྒྱུ་མ་ཟད་། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐེབས་རྩ་དོ་དམ་ཀུང་སིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་མ་རྐང་འཛིན་དབང་བརྒྱ་ཆའི་ལྔ་ཡན་ཟིན་པའི་རྐང་བདག་དང་དངོས་གནས་ཚོད་འཛིན་མཁན་དང་། དོན་དག་འགངས་ཆེན་གཞན་དག་བཅས་རང་དགར་བསྒྱུར་བཀོད་བཏང་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་འབུམ་ལྔ་ལོན་མེད་རིགས་ལ། སྒོར་ཁྲི་ལྔ་ཡན་ནས་འབུམ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣར་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཉི་ཤུ་པ། ཐེབས་རྩ་དོ་དམ་པའི་ལས་འཛིན་པ་དང་ལྟ་ཞིབ་པ་དང་མཐོ་རིམ་དོ་དམ་མི་སྣ་དང་ལས་ཞུགས་མི་སྣ་གཞན་དག་བཅས་དང་། ཐེབས་རྩ་ཚབ་གཉེར་མཁན་གྱི་ཐེབས་རྩ་ཚབ་གཉེར་ཆེད་གཉེར་སྡེ་ཁག་གི་མཐོ་རིམ་དོ་དམ་མི་སྣ་དང་ལས་ཞུགས་མི་སྣ་གཞན་དག་བཅས་ཀྱིས་བཅའ་ཁྲིམས་འདིའི་དོན་ཚན་བཅུ་བདུན་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་གཞིར་བཟུང་ནས་ཡིག་ཐོག་སྙན་ཞུ་ཕུལ་མེད་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པས་བཅའ་ཁྲིམས་འདིའི་དོན་ཚན་བཅུ་བདུན་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལས་འགལ་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་མ་ཟད། སྒོར་འབུམ་གཅིག་ཡན་ནས་ས་ཡ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་བའི་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་པ་དང་། ཐེབས་རྩའི་ལས་ཞུགས་ཐོབ་ཐང་གནས་སྐབས་སྤྱོད་མཚམས་འཇོག་པའམ་ཕྱིར་འཐེན་བྱེད་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཉེར་གཅིག་པ། ཐེབས་རྩ་དོ་དམ་པའི་ལས་འཛིན་པ་དང་ལྟ་ཞིབ་པ་དང་མཐོ་རིམ་དོ་དམ་མི་སྣ་དང་ལས་ཞུགས་མི་སྣ་གཞན་དག་བཅས་དང་། ཐེབས་རྩ་ཚབ་གཉེར་མཁན་གྱི་ཐེབས་རྩ་ཚབ་གཉེར་ཆེད་གཉེར་སྡེ་ཁག་གི་མཐོ་རིམ་དོ་དམ་མི་སྣ་དང་ལས་ཞུགས་མི་སྣ་གཞན་དག་བཅས། བཅའ་ཁྲིམས་འདིའི་དོན་ཚན་བཅོ་བརྒྱད་པའི་གཏན་འབེབས་ལས་འགལ་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ས་ཡ་གཅིག་ལོན་མེད་རིགས་ལ། སྒོར་འབུམ་གཅིག་ཡན་ནས་ས་ཡ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། གནས་ཚུལ་ཚབས་ཆེན་ཡིན་རིགས་ལ་ཐེབས་རྩའི་ལས་ཞུགས་ཐོབ་ཐང་ཕྱིར་འཐེན་བྱེད་རྒྱུ།

དོན་ཚན་བརྒྱ་དང་ཉེར་གཉིས་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ་ནི་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས། ཐེབས་རྩའི་རྒྱུ་ནོར་བྱེ་བྲག་དོ་དམ་བྱེད་པའམ་ཐོ་ཁོངས་ལོགས་འབྱེད་བདག་ཉར་བྱས་མེད་རིགས་ལ། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་། སྒོར་ཁྲི་ལྔ་ཡན་ནས་འབུམ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་པ་དང་། ཐེབས་རྩའི་ལས་ཞུགས་ཐོབ་ཐང་གནས་སྐབས་སྤྱོད་མཚམས་འཇོག་པའམ་ཕྱིར་འཐེན་བྱེད་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཉེར་གསུམ་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ། ཐེབས་རྩའི་ལས་འཛིན་པ་དང་ལྟ་ཞིབ་པ་དང་། མཐོ་རིམ་དོ་དམ་མི་སྣ་དང་ལས་ཞུགས་མི་སྣ་གཞན་དག་བཅས་ལ། བཅའ་ཁྲིམས་འདིའི་དོན་ཚན་ཉི་ཤུ་པའི་ནང་འཁོད་པའི་སྤྱོད་ཚུལ་གྱི་རིགས་གཅིག་ཡོད་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ས་ཡ་གཅིག་ལོན་མེད་རིགས་ལ། སྒོར་འབུམ་གཅིག་ཡན་ནས་ས་ཡ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པར་གོང་གསལ་སྤྱོད་ཚུལ་ཡོད་ན། དེའི་ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་པ་དང་། ཐེབས་རྩའི་ལས་ཞུགས་ཐོབ་ཐང་གནས་སྐབས་སྤྱོད་མཚམས་འཇོག་པའམ་ཕྱིར་འཐེན་བྱེད་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་དགོས། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ། དེ་བཞིན་དེའི་ལས་འཛིན་པ་དང་ལྟ་ཞིབ་པ་དང་མཐོ་རིམ་དོ་དམ་མི་སྣ་དང་ལས་ཞུགས་མི་སྣ་གཞན་དག་བཅས་ཀྱིས་ཐེབས་རྩའི་རྒྱུ་ནོར་ཧམ་བཟུང་དང་སྒེར་སྤྱོད་བྱས་ནས་ཐོབ་པའི་རྒྱུ་ནོར་དང་ཁེ་བཟང་ནི་ཐེབས་རྩའི་རྒྱུ་ནོར་ནང་དུ་བསྡུ་དགོས། ཡིན་ནའང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་ལོགས་སུ་གཏན་འབེབས་ཡོད་ན། གཏན་འབེབས་དེ་ལྟར་བསྒྲུབ་རྒྱུ།

དོན་ཚན་བརྒྱ་དང་ཉེར་བཞི་པ། ཐེབས་རྩ་དོ་དམ་པའི་རྐང་བདག་དང་དངོས་གནས་ཚོད་འཛིན་མཁན་ནི་བཅའ་ཁྲིམས་འདིའི་དོན་ཚན་ཉེར་གསུམ་པའི་གཏན་འབེབས་ལས་འགལ་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ས་ཡ་གཅིག་ལོན་མེད་རིགས་ལ། སྒོར་འབུམ་གཅིག་ཡན་ནས་ས་ཡ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་པ་དང་། ཐེབས་རྩའི་ལས་ཞུགས་ཐོབ་ཐང་གནས་སྐབས་སྤྱོད་མཚམས་འཇོག་པའམ་ཕྱིར་འཐེན་བྱེད་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཉེར་ལྔ་པ། ཞིབ་མཆན་བཀོད་མེད་རུང་ཐེབས་རྩ་ཚབ་གཉེར་གྱི་ལས་སྒོ་རང་དགར་སྒྲུབ་ན། བཀའ་རྒྱ་བཏང་ནས་མཚམས་འཇོག་པར་འཇུག་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ས་ཡ་གཅིག་ལོན་མེད་རིགས་ལ། སྒོར་འབུམ་གཅིག་ཡན་ནས་ས་ཡ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཉེར་དྲུག་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ་ནི་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས། ཕན་ཚུན་མ་དངུལ་འཇོག་པའམ་མ་རྐང་བདག་དབང་བྱས་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་། སྒོར་འབུམ་གཅིག་མན་གྱི་དངུལ་ཆད་གཅོད་ཆོག

དོན་ཚན་བརྒྱ་དང་ཉེར་བདུན་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས། རང་དགར་དུ་ཡོངས་གྲགས་སམ་ཐབས་ཚུལ་སྒྱུར་བའི་སྒོས་ཐེབས་རྩ་བསྡུ་སློང་བྱས་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་། བསྡུ་སློང་བྱས་པའི་ཐེབས་རྩ་དང་དངུལ་ཁང་གི་དུས་མཉམ་བཅོལ་དངུལ་སྐྱེད་ཀ་ཁ་སྣོན་བྱས་ནས་ཕྱིར་སྤྲོད་དུ་འཇུག་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། བསྡུ་སློང་བྱས་པའི་ཐེབས་རྩའི་མ་དངུལ་ལས་བརྒྱ་ཆ་གཅིག་ཡན་ནས་བརྒྱ་ཆ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཁྲི་ལྔ་ཡན་ནས་འབུམ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཉེར་བརྒྱད་པ། བཅའ་ཁྲིམས་འདིའི་དོན་ཚན་ང་དགུ་པའི་གཏན་འབེབས་དང་འགལ་ནས། བསྡུ་སློང་བྱས་པའི་མ་དངུལ་གཞན་དུ་སྤྱོད་ཚེ། ཕྱིར་སྤྲོད་དགོས་པའི་བཀའ་རྒྱ་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་འབུམ་ལྔ་ལོན་མེད་རིགས་ལ། སྒོར་ཁྲི་ལྔ་ཡན་ནས་འབུམ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཉེར་དགུ་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པར་བཅའ་ཁྲིམས་འདིའི་དོན་ཚན་དོན་གསུམ་པའི་ནང་གསེས་དོན་ཚན་དང་པོའི་ཚན་ཆུང་དང་པོ་ནས་ཚན་ཆུང་ལྔ་པའི་བར་དང་། ཚན་ཆུང་བདུན་པ་བཅས་ཀྱི་ནང་འཁོད་སྤྱོད་ཚུལ་གྱི་རིགས་གཅིག་ཡོད་པའམ་ཡང་ན། དོན་ཚན་དོན་གསུམ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལས་འགལ་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་། སྒོར་འབུམ་གཅིག་ཡན་ནས་ས་ཡ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་པ་དང་། ཐེབས་རྩའི་ལས་ཞུགས་ཐོབ་ཐང་གནས་སྐབས་སྤྱོད་མཚམས་འཇོག་པའམ་ཕྱིར་འཐེན་བྱེད་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པར་ནང་གསེས་དོན་ཚན་གོང་མའི་ནང་གི་སྤྱོད་ཚུལ་གནས་ཚེ། ཐེབས་རྩའི་རྒྱུ་ནོར་བེད་སྤྱད་ནས་ཐོབ་པའི་རྒྱུ་ནོར་དང་ཁེ་བཟང་རྣམས་ཐེབས་རྩའི་རྒྱུ་ནོར་ནང་དུ་བསྡུ་དགོས། ཡིན་ནའང་། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལ་ལོགས་སུ་གཏན་འབེབས་ཡོད་ན། གཏན་འབེབས་དེ་ལྟར་བསྒྲུབ་རྒྱུ།

དོན་ཚན་བརྒྱ་དང་སུམ་ཅུ་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པར་བཅའ་ཁྲིམས་འདི་ཉིད་ཀྱི་དོན་ཚན་དོན་གསུམ་པའི་ནང་གསེས་དོན་ཚན་དང་པོའི་ཚན་ཆུང་དྲུག་པའི་ནང་གཏན་འབེབས་བྱས་པའི་བྱ་སྤྱོད་ཡོད་རིགས་ལ།དངུལ་འཛིན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་འཁོད་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་ཕུད། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་གི་ཐེབས་རྩའི་ལས་ཞུགས་ཐོབ་ཐང་གནས་སྐབས་སྤྱོད་མཚམས་འཇོག་རྒྱུའམ་ཕྱིར་འཐེན་བྱེད་རྒྱུ།

དོན་ཚན་བརྒྱ་དང་སོ་གཅིག་པ། ཐེབས་རྩའི་ཆ་འཕྲིན་ཕྱིར་སྒྲོག་འོས་འགན་སྒྲུབ་མིས་ཁྲིམས་ལྟར་ཐེབས་རྩའི་ཆ་འཕྲིན་ཕྱིར་བསྒྲགས་མེད་པའམ་ཡང་ན་ཕྱིར་བསྒྲགས་པའི་ཆ་འཕྲིན་ལ་ཐོ་བཀོད་རྫུན་མ་དང་གོ་ནོར་གྱི་རང་བཞིན་ལྡན་པའི་གཏམ་བརྗོད། ཆད་ལུས་ཚབས་ཆེན་བཅས་ཡོད་རིགས་ལ། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། སྒོར་འབུམ་གཅིག་ཡན་ནས་ས་ཡ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་པ་དང་། ཐེབས་རྩའི་ལས་ཞུགས་ཐོབ་ཐང་གནས་སྐབས་སྤྱོད་མཚམས་འཇོག་པའམ་ཕྱིར་འཐེན་བྱེད་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་སོ་གཉིས་པ། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པས་ཐེབས་རྩའི་བགོ་སྐལ་འཛིན་མཁན་གྱི་ཚོགས་ཆེན་གཏན་འབེབས་ལྟར་སྐོང་འཚོགས་མ་བྱས་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་གཅོད་ཆོག ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་པ་དང་། ཐེབས་རྩའི་ལས་ཞུགས་ཐོབ་ཐང་གནས་སྐབས་སྤྱོད་མཚམས་འཇོག་པའམ་ཕྱིར་འཐེན་བྱེད་རྒྱུ།

དོན་ཚན་བརྒྱ་དང་སོ་གསུམ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་ཐོ་བཀོད་མེད་བཞིན་དུ། “ཐེབས་རྩ”དང་ཡང་ན“ཐེབས་རྩ་དོ་དམ”ཞེས་པའི་མིང་ཚིག་བཀོལ་བའམ་ཡང་ན་མིང་ཚིག་འདྲ་མཚུངས་སྤྱད་ནས་དངུལ་འཛིན་གྱི་མ་དངུལ་གཏོང་བའི་བྱེད་སྒོ་སྤེལ་རིགས་ལ། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ས་ཡ་གཅིག་ལོན་མེད་རིགས་ལ། སྒོར་འབུམ་གཅིག་ཡན་ནས་ས་ཡ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་སོ་བཞི་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས། ཡོངས་གྲགས་བསྡུ་སློང་མིན་པའི་ཐེབས་རྩ་བསྡུ་སློང་ཚར་རྗེས། ཐེབས་རྩ་དོ་དམ་པས་ཐོ་འགོད་བྱས་མེད་རིགས་ལ། སྒོར་འབུམ་གཅིག་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་སོ་ལྔ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས། ཚད་ལྡན་མ་དངུལ་གཏོང་མཁན་ཕུད་ལས་ཁུངས་སམ་མི་སྒེར་ལ་ཡོངས་གྲགས་མ་བྱས་པར་མ་དངུལ་བསྡུ་སློང་དང་ཐེབས་རྩའི་བགོ་སྐལ་བཤུག་སྤྲོད་བཅས་བྱས་ན། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ས་ཡ་གཅིག་ལོན་མེད་རིགས་ལ། སྒོར་འབུམ་གཅིག་ཡན་ནས་ས་ཡ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་སོ་དྲུག་པ།བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས། ཡོངས་གྲགས་བསྡུ་སློང་ཐེབས་རྩའི་ཞབས་ཞུ་ལས་སྒོ་རང་དགར་ལས་སྒྲུབ་བྱས་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་འབུམ་གསུམ་ལོན་མེད་རིགས་ལ། སྒོར་འབུམ་གཅིག་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་སོ་བདུན་པ། ཐེབས་རྩ་ཕྱིར་འཚོང་ལས་ཁུངས་ཀྱིས་མ་དངུལ་གཏོང་མཁན་ལ་དངུལ་གཏོང་ཉེན་ཁའི་སྐོར་གསལ་བཤད་ཁ་གསལ་མ་བྱས་ཅིང་། དེའི་ཉེན་འཁུར་ནུས་པ་དང་མི་འཚམ་པའི་ཐེབས་རྩའི་ཐོན་རྫས་ཉོ་བར་ལོག་ལམ་དུ་ཁྲིད་རིགས་ལ། སྒོར་འབུམ་གཅིག་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། བྱས་ཉེས་ཚབས་ཆེན་ཡིན་རིགས། དེའི་ཐེབས་རྩའི་ཞབས་ཞུ་ལས་སྒོ་སྒྲུབ་མཚམས་འཇོག་དགོས་པའི་བཀའ་གཏོང་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་པ་དང་། ཐེབས་རྩའི་ལས་ཞུགས་ཐོབ་ཐང་ཕྱིར་འཐེན་བྱེད་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་སོ་བརྒྱད་པ། ཐེབས་རྩ་ཕྱིར་འཚོང་ལས་ཁུངས་ཀྱིས་ཐེབས་རྩ་ཕྱིར་འཚོང་སྡོམ་རྩིས་མ་དངུལ་གཏན་འབེབས་ལྟར་རྩིས་བརྒྱབ་མེད་ན། སྒོར་འབུམ་གཅིག་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། བྱས་ཉེས་ཚབས་ཆེན་ཡིན་རིགས། དེའི་ཐེབས་རྩའི་ཞབས་ཞུ་ལས་སྒོ་སྒྲུབ་མཚམས་འཇོག་དགོས་པའི་བཀའ་གཏོང་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་པ་དང་། ཐེབས་རྩའི་ལས་ཞུགས་ཐོབ་ཐང་ཕྱིར་འཐེན་བྱེད་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་སོ་དགུ་པ། ཐེབས་རྩ་ཕྱིར་འཚོང་སྡོམ་རྩིས་མ་དངུལ་དང་ཐེབས་རྩའི་བགོ་སྐལ་སྒེར་སྤྱོད་བྱས་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ས་ཡ་གཅིག་ལོན་མེད་རིགས་ལ། སྒོར་འབུམ་གཅིག་ཡན་ནས་ས་ཡ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་བཞི་བཅུ་པ། ཐེབས་རྩའི་བགོ་སྐལ་ཐོ་འགོད་ལས་ཁུངས་ཀྱིས་ཐེབས་རྩའི་བགོ་སྐལ་ཐོ་འགོད་བྱས་པའི་གཞི་འཛིན་གྲངས་བདག་ཉར་དང་གྲབས་ཉར་ལེགས་པོ་བྱས་མེད་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་འབུམ་གཅིག་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། བྱས་ཉེས་ཚབས་ཆེན་ཡིན་རིགས། དེའི་ཐེབས་རྩའི་ཞབས་ཞུ་ལས་སྒོ་སྒྲུབ་མཚམས་འཇོག་དགོས་པའི་བཀའ་གཏོང་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་པ་དང་། ཐེབས་རྩའི་ལས་ཞུགས་ཐོབ་ཐང་ཕྱིར་འཐེན་བྱེད་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐེབས་རྩའི་བགོ་སྐལ་ཐོ་འགོད་ལས་ཁུངས་ཀྱིས་ཐེབས་རྩའི་བགོ་སྐལ་ཐོ་འགོད་བྱས་པའི་གཞི་འཛིན་གྲངས་སྦས་གསང་དང་རྫུན་བཟོ། ངོ་རྫུན་བརྗེ་བ། གཏོར་བརླག་བཅས་བྱས་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་། སྒོར་འབུམ་གཅིག་ཡན་ནས་ས་ཡ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ་མ་ཟད། དེའི་ཐེབས་རྩའི་ཞབས་ཞུ་ལས་སྒོ་སྒྲུབ་མཚམས་འཇོག་དགོས་པའི་བཀའ་གཏོང་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་པ་དང་། ཐེབས་རྩའི་ལས་ཞུགས་ཐོབ་ཐང་ཕྱིར་འཐེན་བྱེད་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཞེ་གཅིག་པ། ཐེབས་རྩའི་མ་དངུལ་གཏོང་བའི་བློ་འདྲི་ལས་ཁུངས་དང་ཐེབས་རྩའི་དཔྱད་འཇོག་ལས་ཁུངས། དེ་དག་གི་ལས་ཞུགས་མི་སྣ་བཅས་ཀྱིས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་བའི་སྒོ་ནས། མ་དངུལ་གཏོང་འཇོག་བློ་འདྲི་དང་ཐེབས་རྩའི་དཔྱད་འཇོག་ཞབས་ཞུ་སོགས་བྱེད་སྒོ་སྤེལ་རིགས་ལ། སྒོར་འབུམ་གཅིག་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། བྱས་ཉེས་ཚབས་ཆེན་ཡིན་རིགས། དེའི་ཐེབས་རྩའི་ཞབས་ཞུ་ལས་སྒོ་སྒྲུབ་མཚམས་འཇོག་དགོས་པའི་བཀའ་གཏོང་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་པ་དང་། ཐེབས་རྩའི་ལས་ཞུགས་ཐོབ་ཐང་ཕྱིར་འཐེན་བྱེད་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཞེ་གཉིས་པ། ཆ་འཕྲིན་ལག་རྩལ་མ་ལག་གི་ཞབས་ཞུ་ལས་ཁུངས་ཀྱིས་གཏན་འབེབས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ལ་ཆ་འཕྲིན་ལག་རྩལ་མ་ལག་སྐོར་གྱི་དཔྱད་ཡིག་མཁོ་འདོན་མ་བྱས་པའམ། ཡང་ན་མཁོ་འདོན་བྱས་པའི་ཆ་འཕྲིན་ལག་རྩལ་མ་ལག་གི་དཔྱད་ཡིག་ནི་རྫུན་མ་དང་ནང་དོན་ཐད་ཆད་ལུས་ཆེན་པོ་ཡོད་པ་བཅས་ཡིན་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་། སྒོར་ཁྲི་གསུམ་ཡན་ནས་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཁྲི་གཅིག་ཡན་ནས་ཁྲི་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཞེ་གསུམ་པ། རྩིས་གཉེར་ལས་སྒྲུབ་ཁང་དང་ཁྲིམས་རྩོད་པའི་ལས་སྒྲུབ་ཁང་གིས་ལས་འགན་ཧུར་བརྩོན་མ་བསྒྲུབ་རྐྱེན། དཔྱད་གཞིར་བཏོན་པའི་ཡིག་ཆ་ནི་ཐོ་འགོད་རྫུན་བཟོ་དང་གོ་ནོར་གྱི་རང་བཞིན་ལྡན་པའི་གཏམ་བརྗོད། ནང་དོན་ཐད་ཆད་ལུས་ཆེན་པོ་ཡོད་པ་བཅས་ཡིན་ན། བཀའ་རྒྱ་བཏང་ནས་ཡོ་བསྲང་བྱེད་རྒྱུ་དང་། ལས་སྒོའི་ཡོང་འབབ་གཞུང་བཞེས་གཏོང་རྒྱུ། འབྲེལ་ཡོད་ལས་སྒོའི་ཆོག་འཐུས་སྤྱོད་རྒྱུ་མཚམས་འཇོག་པའམ་ཕྱིར་འཐེན་བྱེད་རྒྱུ་མ་ཟད། ལས་སྒོའི་ཡོང་འབབ་ཀྱི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཞེ་བཞི་པ། ཐེབས་རྩ་ཞབས་ཞུ་ལས་ཁུངས་ཀྱིས་ཉེན་འགོག་དོ་དམ་ལམ་ལུགས་དང་གོད་ཆག་གྲབས་ཉར་མ་ལག་སོགས་འཕྲལ་བསྟུན་བྱ་ཐབས་བཙུགས་མེད་པའམ། ཐེབས་རྩའི་བགོ་སྐལ་འཛིན་མཁན་དང་ཐེབས་རྩའི་དངུལ་འཇོག་འཁོར་སྐྱོད་དང་འབྲེལ་བའི་ཆ་འཕྲིན་ཡོངས་གྲགས་བྱས་མེད་པ་རྣམས་གསང་བ་ཤོར་ན། སྒོར་འབུམ་གཅིག་ཡན་ནས་འབུམ་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། བྱས་ཉེས་ཚབས་ཆེན་ཡིན་རིགས། དེའི་ཐེབས་རྩའི་ཞབས་ཞུ་ལས་སྒོ་སྒྲུབ་མཚམས་འཇོག་དགོས་པའི་བཀའ་རྒྱ་གཏོང་རྒྱུ། ཐད་ཀར་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་འགན་འཁུར་མི་སྣ་གཞན་དག་ལ་ཐ་ཚིག་སྒྲོག་པ་དང་། ཐེབས་རྩའི་ལས་ཞུགས་ཐོབ་ཐང་ཕྱིར་འཐེན་བྱེད་རྒྱུ་མ་ཟད། སྒོར་ཁྲི་གསུམ་ཡན་ནས་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཞེ་ལྔ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས། ཐེབས་རྩའི་རྒྱུ་ནོར་དང་ཐེབས་རྩའི་བགོ་སྐལ་འཛིན་མཁན་ནམ་ཡང་ན་མ་དངུལ་གཏོང་མཁན་བཅས་ལ་གནོད་སྐྱོན་བཟོས་ན། ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁྲི་འཁུར་དགོས། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པས་རང་འཁྲིའི་ལས་འགན་ལག་བསྟར་བྱེད་རིམ་ཁྲོད། བཅའ་ཁྲིམས་འདིའི་གཏན་འབེབས་དང་ཐེབས་རྩའི་གན་རྒྱར་བཞག་པའི་ཁ་དན་ལས་འགལ་ནས། ཐེབས་རྩའི་རྒྱུ་ནོར་དང་ཐེབས་རྩའི་བགོ་སྐལ་འཛིན་མཁན་ལ་གནོད་སྐྱོན་བཟོས་ཡོད་ན། སྤྱོད་ཚུལ་དག་སོ་སོ་བྱས་ནས་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁྲི་འཁུར་དགོས་ཤིང་། ཐུན་མོང་སྤྱོད་ཚུལ་ལས་ཐེབས་རྩའི་རྒྱུ་ནོར་དང་ཐེབས་རྩའི་བགོ་སྐལ་འཛིན་མཁན་ལ་གནོད་སྐྱོན་བཟོས་ན། རྗེས་འབྲེལ་གྱི་སྐྱིན་ཚབ་འཇལ་བའི་འགན་འཁྲི་འཁུར་དགོས།

དོན་ཚན་བརྒྱ་དང་ཞེ་དྲུག་པ། དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣས་འཁུར་འཁྲིའི་ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ་དང་། འགན་བབ་དབང་ཆ་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པའམ་གོ་གནས་ཀྱི་སྟབས་བདེ་དང་བསྟུན་ནས་མི་གཞན་གྱི་རྒྱུ་དངོས་སློང་བའམ་ལེན་པ་བཅས་བྱས་པར་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཞེ་བདུན་པ། དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་དང་དེའི་ལས་སྒྲུབ་མི་སྣས་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་དང་བརྟག་དཔྱད་འགན་དབང་ལག་བསྟར་བྱེད་པར་བཀག་འགོག་དང་ངོ་ཟློག་པ་ལས། དྲག་སྤྱོད་དང་འཇིགས་སྐུལ་བྱ་ཐབས་སོགས་སྤེལ་མེད་ན། ཁྲིམས་ལྟར་བདེ་འཇགས་དོ་དམ་སྐོར་གྱི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཞེ་བརྒྱད་པ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་ལས་འགལ་བ་དང་། བྱས་ཉེས་ཚབས་ཆེན་ཡིན་རིགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་འབྲེལ་ཡོད་འགན་འཁུར་མི་སྣ་ནི་དངུལ་འཛིན་ཚོང་རར་ཞུགས་རྒྱུ་གཏན་འགོག་གི་བྱ་ཐབས་སྤྱད་ཆོག

དོན་ཚན་བརྒྱ་དང་ཞེ་དགུ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་བྱས་ཉེས་གྲུབ་ཡོད་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་རྒྱུ།

དོན་ཚན་བརྒྱ་དང་ལྔ་བཅུ་པ། བཅའ་ཁྲིམས་འདི་ཉིད་ཀྱི་གཏན་འབེབས་དང་འགལ་ནས་དམངས་དོན་གྱི་སྐྱིན་ཚབ་འཇལ་འགན་འཁུར་དགོས་པ་དང་དངུལ་ཆད་བཅད་རིགས་ལ་དངུལ་ཆད་འཇལ་སྤྲོད་བྱེད་དགོས་ཤིང་། དེའི་རྒྱུ་ནོར་གྱིས་དུས་གཅིག་ཏུ་འཇལ་སྤྲོད་བྱེད་པ་མི་འདང་བའི་སྐབས་སུ་སྔོན་ལ་དམངས་དོན་གྱི་སྐྱིན་ཚབ་འཇལ་འགན་འཁུར་རྒྱུ།

དོན་ཚན་བརྒྱ་དང་ང་གཅིག་པ། བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ། ཐེབས་རྩ་ཞབས་ཞུ་ལས་ཁུངས་བཅས་ཀྱིས་དམངས་དོན་གྱི་སྐྱིན་ཚབ་འཇལ་འགན་འཁུར་དགོས་པ་དང་དངུལ་ཆད་བཅད་རིགས་དང་དངུལ་ཆད་འཇལ་སྤྲོད་བྱེད་དགོས་རིགས་རྣམས། ཐེབས་རྩ་དོ་དམ་པ་དང་ཐེབས་རྩ་ཚབ་གཉེར་པ། ཐེབས་རྩ་ཞབས་ཞུ་ལས་ཁུངས་བཅས་ནས་རང་གི་སྔར་ཡོད་རྒྱུ་ནོར་ལས་འཇལ་འགན་འཁུར་རྒྱུ། ཁྲིམས་ལྟར་རྩིས་ལེན་བྱས་པའི་དངུལ་ཆད་བཅད་རིགས་དང་དངུལ་ཆད་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་རིགས་བཅས་ཚང་མ་རྒྱལ་མཛོད་དུ་རྩིས་འབུལ་བྱེད་དགོས།

15 ལེའུ་བཅོ་ལྔ་པ། ཞར་བྱུང་དོན་ཚན།

དོན་ཚན་བརྒྱ་དང་ང་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ནང་ཁུལ་དུ་རྒྱལ་ཁོངས་ཕྱི་རོལ་གྱི་དངུལ་འཛིན་ཐད་མ་དངུལ་གཏོང་བའི་ཐེབས་རྩ་བསྡུ་སློང་བྱེད་པ་དང་། དེ་བཞིན་ཚད་ལྡན་གྱི་རྒྱལ་ཁོངས་ཕྱི་རོལ་གྱི་མ་དངུལ་གཏོང་མཁན་གྱིས་རྒྱལ་ཁོངས་ནང་ཁུལ་དུ་དངུལ་འཛིན་མ་དངུལ་གཏོང་བ་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ཆོག་བཀོད་ཐོབ་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་འཛིན་ལྟ་སྐུལ་དོ་དམ་ལས་ཁུངས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ཞིབ་ཕྲའི་བྱ་ཐབས་གཏན་འབེབས་བྱེད་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་བཀོད་སྙན་སེང་ཞུ་རྒྱུ།

དོན་ཚན་བརྒྱ་དང་ང་གསུམ་པ། ཡོངས་གྲགས་དང་ཡོངས་གྲགས་མིན་པའི་སྒོས་ཐེབས་རྩ་བསྡུ་སློང་བྱེད་སྐབས། དངུལ་འཛིན་གྱི་མ་དངུལ་གཏོང་བའི་བྱེད་སྒོ་དམིགས་ཡུལ་དུ་བཟུང་ནས་ཀུང་སི་དང་ཡང་ན་མཉམ་སྡེབ་ཁེ་ལས་འཛུགས་པ་དང་། མ་རྩ་ནི་ཐེབས་རྩ་དོ་དམ་པའམ་སྤྱིར་བཏང་མཉམ་སྡེབ་མཁན་གྱིས་དོ་དམ་བྱེད་པ་ཡིན་ན། དེའི་དངུལ་འཛིན་གྱི་མ་དངུལ་གཏོང་བའི་བྱེད་སྒོར་བཅའ་ཁྲིམས་འདི་སྤྱོད་འཐུས།

དོན་ཚན་བརྒྱ་དང་ང་བཞི་པ། བཅའ་ཁྲིམས་འདི་སྤྱི་ལོ2013ལོའི་ཟླ6པའི་ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ།

དཔྱད་གཞིའི་ཡིག་ཆ།