ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་པ་དཀའ་བཅུ་པའི་སྐོར་གྱི་བཅའ་ཁྲིམས།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2022-05-18 08:36ལ་འགྲུབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་པ་དཀའ་བཅུ་པའི་སྐོར་གྱི་བཅའ་ཁྲིམས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་པ་དཀའ་བཅུ་པའི་སྐོར་གྱི་བཅའ་ཁྲིམས།
སྨན་པ་དཀའ་བཅུ་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་། སྨན་པ་དཀའ་བཅུ་པའི་ལས་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྨན་པ་དཀའ་བཅུ་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་། བདེ་ཐང་གི་ཀྲུང་གོ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中华人民共和国医师法
རིགས་དབྱེ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།
གྲོས་འཆམ་བྱུང་བའི་དུས་ཚོད།
སྤྱི་ལོ2021ལོའི་ཟླ8པའི་ཚེས20ཉིན།
ལག་བསྟར་དུས་ཚོད།
སྤྱི་ལོ2022ལོའི་ཟླ3པའི་ཚེས1ཉིན།
1 ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། སྨན་པ་དཀའ་བཅུ་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་། སྨན་པ་དཀའ་བཅུ་པའི་ལས་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྨན་པ་དཀའ་བཅུ་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་། བདེ་ཐང་གི་ཀྲུང་གོ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་བཅའ་ཁྲིམས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། བཅའ་ཁྲིམས་འདིར་འཁོད་སྨན་པ་དཀའ་བཅུ་པ་ཞེས་པ་ནི་ཁྲིམས་ལྟར་སྨན་པ་དཀའ་བཅུ་པའི་ཐོབ་ཐང་ཐོབ་པ་དང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱས་ནས་ལས་གཉེར་བྱེད་པའི་ཆེད་ལས་སྨན་བཅོས་མི་སྣར་ཟེར། དེའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་སྨན་པ་དཀའ་བཅུ་རམ་འདེགས་པ་ཚུད་ཡོད།

དོན་ཚན་གསུམ་པ། སྨན་པ་དཀའ་བཅུ་པས་མི་དམངས་བླ་ན་མེད་པ་དང་། ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་དང་། མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ། ཚེ་སྲོག་ལ་བཀུར་བ་དང་། སྲོག་སྐྱོབ་རྨས་སྐྱོར། ལེགས་སྐྱེས་འབུལ་བར་སྤྲོ་བ། གཅེས་སེམས་ཆེན་པོ་བཅས་ཀྱི་བླ་ན་མེད་པའི་ལས་རིགས་ཀྱི་སྙིང་སྟོབས་དར་སྤེལ། ལས་རིགས་ཀྱི་ཀུན་སྤྱོད་དམ་སྲུང་། ལས་གཉེར་གྱི་ཚད་གཞི་བརྩི་སྲུང་། ལས་གཉེར་ཆུ་ཚད་མཐོ་རུ་གཏོང་བ། ནད་འགོག་ནད་བཅོས་དང་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བཅས་བྱེད་པའི་བླ་ན་མེད་པའི་འགན་འཁྲི་བསྒྲུབ་དགོས།

སྨན་པ་དཀའ་བཅུ་པས་ཁྲིམས་ལྟར་ལས་གཉེར་བྱེད་པར་བཅའ་ཁྲིམས་ནས་སྲུང་སྐྱོང་བྱ་རྒྱུ། སྨན་པ་དཀའ་བཅུ་པའི་མིའི་ཐོབ་ཐང་དང་ལ་རྒྱ་དང་མི་ལུས་བདེ་འཇགས་ལ་བཙན་གནོད་བྱས་མི་ཆོག །

དོན་ཚན་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་སྨན་པ་དཀའ་བཅུ་པའི་དོ་དམ་ལས་ཀར་འགན་འཁུར་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ཀྲུང་ལུགས་གསོ་རིག་སྨན་རྫས་སོགས་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་འབྲེལ་ཡོད་སྨན་པ་དཀའ་བཅུ་པའི་དོ་དམ་ལས་ཀ་སྒྲུབ་འགན་འཁུར་རྒྱུ།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་སྨན་པ་དཀའ་བཅུ་པའི་དོ་དམ་ལས་ཀའི་འགན་འཁུར་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སློབ་གསོ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ཀྲུང་ལུགས་གསོ་རིག་སྨན་རྫས་སོགས་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་འགན་འཁྲི་སྒྲུབ་ཁོངས་སུ་འབྲེལ་ཡོད་སྨན་པ་དཀའ་བཅུ་པའི་དོ་དམ་ལས་ཀ་སྒྲུབ་འགན་འཁུར་རྒྱུ།

དོན་ཚན་ལྔ་པ། ལོ་རེའི་ཟླ8ཚེས19ཉིན་ནི་ཀྲུང་གོའི་སྨན་པའི་དགེ་རྒན་དུས་ཆེན་ཡིན།

སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ལས་ཀའི་ནང་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་སྨན་པ་དཀའ་བཅུ་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

སྤྱི་ཚོགས་ཡོངས་ནས་སྨན་པ་དཀའ་བཅུ་པར་བརྩི་འཇོག་བྱ་དགོས། མི་དམངས་སྲིད་གཞུང་རིམ་པ་ཁག་གིས་སྨན་པ་དཀའ་བཅུ་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། སྔོན་ཐོན་བྱས་རྗེས་དར་སྤེལ་གཏོང་བ། ལས་སྒོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གསར་གཏོད་སྲོལ་འབྱེད་བྱེད་པར་རྒྱབ་སྐྱོར། དཀའ་ངལ་ཐག་གཅོད་བྱེད་རོགས་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་སྨན་པར་བརྩི་བཀུར་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་རྒྱ་ཁྱབ་ཏུ་ཆགས་པར་སྐུལ་འདེད་གཏོང་དགོས།

དོན་ཚན་དྲུག་པ། རྒྱལ་ཁབ་ཀྱིས་སྨན་པ་དཀའ་བཅུ་པའི་གསོ་རིག་ཆེད་ལས་ལག་རྩལ་གྱི་གོ་མིང་བཀོད་སྒྲིག་དང་། དཔྱད་བསྡུར་གཏན་འབེབས། ལས་གནས་གདན་ཞུའི་ལམ་ལུགས་བཅས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ལས་རིགས་ཀྱི་ཀུན་སྤྱོད་དང་། ཆེད་ལས་ཀྱི་ལག་ལེན་ནུས་པ། ལས་ཀའི་གྲུབ་འབྲས་བཅས་ཆ་རྐྱེན་གལ་ཆེན་དུ་བརྩིས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་འབྲེལ་ཡོད་དཔྱད་བསྡུར་གཏན་འབེབས་དང་གདན་ཞུའི་ཚད་གཞི་འཛུགས་དགོས།

དོན་ཚན་བདུན་པ། སྨན་པ་དཀའ་བཅུ་པས་ཁྲིམས་ལྟར་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་སོགས་འབྲེལ་ཡོད་ལས་རིགས་རྩ་འཛུགས་དང་ཆེད་ལས་རིག་གཞུང་ཚོགས་པ་སྒྲིག་འཛུགས་དང་དེའི་ནང་ཞུགས་ཆོག །

སྨན་པ་དཀའ་བཅུ་པའི་མཐུན་ཚོགས་སོགས་འབྲེལ་ཡོད་ལས་རིགས་རྩ་འཛུགས་ཀྱིས་ལས་རིགས་ཀྱི་རང་གཅུན་དང་སྨན་པ་དཀའ་བཅུ་པའི་ལས་གཉེར་ཚད་གཞིར་ཤུགས་སྣོན་རྒྱག་པ་དང་། སྨན་པ་དཀའ་བཅུ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་ལ་གཞོགས་འདེགས་བྱས་ནས་འབྲེལ་ཡོད་ལས་དོན་སྤེལ་དགོས།

2 ལེའུ་གཉིས་པ། རྒྱུགས་ལེན་དང་ཐོ་འགོད་བྱེད་ཕྱོགས་སྐོར།

དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་སྨན་པ་དཀའ་བཅུ་པའི་ཐོབ་ཐང་འཐོབ་རྒྱུའི་རྒྱུགས་ལེན་ལམ་ལུགས་ལག་ལེན་བསྟར་རྒྱུ།

སྨན་པ་དཀའ་བཅུ་པའི་ཐོབ་ཐང་འཐོབ་རྒྱུའི་རྒྱུགས་ལེན་རྒྱུ་དེ་ལས་གཉེར་སྨན་པ་དཀའ་བཅུ་པའི་ཐོབ་ཐང་འཐོབ་རྒྱུའི་རྒྱུགས་ལེན་དང་ལས་གཉེར་སྨན་པ་དཀའ་བཅུ་རམ་འདེགས་པའི་ཐོབ་ཐང་འཐོབ་རྒྱུའི་རྒྱུགས་ལེན་གཉིས་སུ་དབྱེ་རྒྱུ། སྨན་པ་དཀའ་བཅུ་པའི་ཐོབ་ཐང་རྒྱུགས་ལེན་རྒྱུ་དེ་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱ་དགོས།

སྨན་པ་དཀའ་བཅུ་པའི་ཐོབ་ཐང་འཐོབ་རྒྱུའི་རྒྱུགས་ལེན་རིགས་དང་བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་དང་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།

དོན་ཚན་དགུ་པ། གཤམ་གསལ་གྱི་ཆ་རྐྱེན་ལས་རིགས་གཅིག་ཡོད་ན་ལས་གཉེར་སྨན་པ་དཀའ་བཅུ་པའི་ཐོབ་ཐང་རྒྱུགས་ལེན་བྱེད་པར་ཞུགས་ཆོག་པ་སྟེ།

(གཅིག)མཐོ་རིམ་སློབ་གྲྭའི་འབྲེལ་ཡོད་གསོ་རིག་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡོད་པ་དང་། ལས་གཉེར་སྨན་པ་དཀའ་བཅུ་པའི་མཛུབ་ཁྲིད་འོག་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ནང་གསོ་རིག་ཆེད་ལས་ཀྱི་ལས་ཀ་ལག་ལེན་ནང་ཞུགས་ནས་ལོ་གཅིག་ལོན་པ།

(གཉིས)མཐོ་རིམ་སློབ་གྲྭའི་འབྲེལ་ཡོད་གསོ་རིག་ཆེད་ལས་ཆེད་སྦྱོང་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ཡོད་པ་དང་། ལས་གཉེར་སྨན་པ་དཀའ་བཅུ་རམ་འདེགས་པའི་ལས་གཉེར་ལག་ཁྱེར་ཐོབ་རྗེས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ནང་ལས་གཉེར་བྱས་ནས་ལོ་གཉིས་ལོན་པ་བཅས་ཡིན།

དོན་ཚན་བཅུ་པ། མཐོ་རིམ་སློབ་གྲྭའི་འབྲེལ་ཡོད་གསོ་རིག་ཆེད་ལས་ཆེད་སྦྱོང་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡོད་ཅིང་། ལས་གཉེར་སྨན་པ་དཀའ་བཅུ་པའི་མཛུབ་ཁྲིད་འོག་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ནང་གསོ་རིག་ཆེད་ལས་ཀྱི་ལས་ཀ་ལག་ལེན་བྱས་ནས་ལོ་གཅིག་ལོན་པ་ཡིན་ན། ལས་གཉེར་སྨན་པ་དཀའ་བཅུ་རམ་འདེགས་པའི་ཐོབ་ཐང་འཐོབ་རྒྱུའི་རྒྱུགས་ལེན་ནང་ཞུགས་ཆོག །

དོན་ཚན་བཅུ་གཅིག་པ། རྒྱུན་འཛིན་བྱེད་སྟངས་ལ་བརྟེན་ནས་ཀྲུང་ལུགས་གསོ་རིག་སློབ་སྦྱོང་བྱས་ནས་ལོ་གསུམ་ལོན་པའམ་ཡང་ན་ལོ་མང་རིང་ལག་ལེན་བྱས་ནས་སྨན་བཅོས་ལག་རྩལ་ཐད་དངོས་འབྲེལ་དམིགས་བསལ་གྱི་ཡོན་ཏན་ཡོད་མཁན་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་མངགས་བཅོལ་བྱས་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཆེད་ལས་རྩ་འཛུགས་སམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་དཔྱད་ཞིབ་བྱས་ཏེ་ཚད་ལོན་པ་དང་འབྲེལ་འོས་སྦྱོར་བྱས་ཚེ་ཀྲུང་ལུགས་གསོ་རིག་སྨན་པ་དཀའ་བཅུ་པའི་ཐོབ་ཐང་རྒྱུགས་ལེན་ནང་ཞུགས་ཆོག  །

རྒྱུན་འཛིན་གྱི་རྣམ་པའི་ཐོག་ནས་ཀྲུང་ལུགས་གསོ་རིག་སློབ་སྦྱོང་བྱེད་པའམ་ཡང་ན་ལོ་མང་ལག་ལེན་བྱས་པ་བརྒྱུད་སྨན་བཅོས་ལག་རྩལ་ལ་དམིགས་བསལ་གྱི་ཡོན་ཏན་ལྡན་ཚེ་ཉུང་མཐར་ཡང་ཀྲུང་ལུགས་གསོ་རིག་གི་སྨན་པ་དཀའ་བཅུ་པ་གཉིས་ཀྱིས་འོས་སྦྱོར་བྱས་ནས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་གཙོ་གཉེར་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་ནས་ལག་ལེན་གྱི་རྩལ་ནུས་དང་ཕན་འབྲས་དཔྱད་ཞིབ་བྱས་ཏེ་ཚད་ལོན་རྗེས་ཀྲུང་ལུགས་གསོ་རིག་གི་སྨན་པ་དཀའ་བཅུ་པའི་ཐོབ་ཐང་དང་དེ་མཚུངས་ཀྱི་ཐོབ་ཐང་ལག་ཁྱེར་རག་གི་ཡོད།

དོན་ཚན་འདིའི་ནང་གཏན་འབེབས་བྱས་པའི་འབྲེལ་ཡོད་རྒྱུགས་ལེན་དང་དཔྱད་ཞིབ་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་གཙོ་གཉེར་སྡེ་ཁག་གིས་འཆར་འགོད་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་ལ་ཞིབ་བཤེར་གཏན་འབེབས་དང་ཁྱབ་བསྒྲགས་བྱ་རྒྱུར་འབུལ་དགོས།

དོན་ཚན་བཅུ་གཉིས་པ། སྨན་པ་དཀའ་བཅུ་པའི་ཐོབ་ཐང་འཐོབ་རྒྱུའི་རྒྱུགས་འབྲས་ཚད་ལོན་པ་དང་། ལས་གཉེར་སྨན་པ་དཀའ་བཅུ་པའི་ཐོབ་ཐང་ངམ་ལས་གཉེར་སྨན་པ་དཀའ་བཅུ་རམ་འདེགས་པའི་ཐོབ་ཐང་ཐོབ་པར་སྨན་པ་དཀའ་བཅུ་པའི་ཐོབ་ཐང་ལག་ཁྱེར་སྤྲོད་རྒྱུ།

དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་ཀྱིས་སྨན་པ་དཀའ་བཅུ་པའི་ལས་གཉེར་ཐོ་འགོད་ལམ་ལུགས་ལག་ལེན་བསྟར་རྒྱུ།

སྨན་པ་དཀའ་བཅུ་པའི་ཐོབ་ཐང་ཐོབ་པ་ཡིན་ན། དེ་གནས་སའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་བྱ་རྒྱུའི་རེ་འདུན་ཞུས་ཆོགསྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ལས་ཁུངས་དེ་གའི་ནང་གི་རེ་འདུན་ཞུ་མཁན་ཐུན་མོང་དུ་ཐོ་འགོད་འགྲོ་ལུགས་འགྲིམས་ཆོག  །

བཅའ་ཁྲིམས་འདིའི་ནང་ཐོ་འགོད་མི་བྱ་རྒྱུའི་གཏན་འབེབས་བྱས་པའི་གནས་ཚུལ་ཡོད་པ་ཕུད། འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་རེ་ཞུ་བདག་སྤྲོད་བྱས་ཉིན་ནས་བཟུང་གི་ལས་ཀའི་ཉིན་གྲངས་ཉི་ཤུའི་ནང་ཚུན་དུ་ཐོ་འགོད་བྱས་ཆོག་པ་དང་། ཐོ་འགོད་ཆ་འཕྲིན་རྒྱལ་ཁབ་ཀྱི་ཆ་འཕྲིན་ལས་སྟེགས་ནང་བཅུག་ནས་སྨན་པ་དཀའ་བཅུ་པའི་ལས་གཉེར་ལག་ཁྱེར་སྤྲོད་དགོས།

ཐོ་འགོད་བྱས་མེད་པར་སྨན་པ་དཀའ་བཅུ་པའི་ལས་གཉེར་བྱས་འཐུས་ལག་ཁྱེར་ཐོབ་མེད་ན། སྨན་པ་དཀའ་བཅུ་པའི་ལས་གཉེར་བྱེད་སྒོ་སྤེལ་མི་ཆོག །

སྨན་པ་དཀའ་བཅུ་པའི་ལས་གཉེར་ཐོ་འགོད་དོ་དམ་བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།

དོན་ཚན་བཅུ་བཞི་པ། སྨན་པ་དཀའ་བཅུ་པས་ཐོ་འགོད་བྱས་རྗེས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ནང་ཐོ་འགོད་བྱས་པའི་ལས་གཉེར་བྱེད་ས་དང་། ལས་གཉེར་བྱེད་རིགས། ལས་གཉེར་བྱེད་ཁོངས་བཅས་ལ་གཞིགས་ནས་ལས་གཉེར་བྱས་ཏེ་བབ་མཚུངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་བསྒྲུབས་ཆོག །

ཀྲུང་ལུགས་གསོ་རིག་དང་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་སྨན་པ་དཀའ་བཅུ་པས་སྨན་བཅོས་སྒྲིག་གཞིའི་ནང་གི་ཀྲུང་ལུགས་གསོ་རིག་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་ཚན་ཁག་གམ་ཡང་ན་ནད་ཐོག་ཚན་ཁག་གཞན་དག་བཅས་སུ་ཐོ་འགོད་བྱས་པའི་ལས་གཉེར་རིགས་དང་ལས་གཉེར་ཁྱབ་ཁོངས་ལྟར་ལས་གཉེར་བྱས་ཆོག །

སྨན་པ་དཀའ་བཅུ་པར་འབྲེལ་ཡོད་ཆེད་ལས་གསོ་སྦྱོང་དང་དཔྱད་ཞིབ་བྱས་ནས་ཚད་ལོན་པ་ཡིན་ན། ལས་གཉེར་བྱེད་ཁོངས་མང་དུ་བཏང་ཆོགབཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་སྨན་པ་དཀའ་བཅུ་པས་དམིགས་བསལ་ཁྱབ་ཁོངས་ཀྱི་ལས་གཉེར་བྱེད་སྒོ་སྤེལ་བའི་ཐོབ་ཐང་ཆ་རྐྱེན་སྐོར་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་དང་བསྟུན་དགོས།

རྒྱུགས་བླངས་ནས་སྨན་པའི་ཐོབ་ཐང་ཐོབ་པའི་ཀྲུང་ལུགས་གསོ་རིག་གི་སྨན་པ་དཀའ་བཅུ་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གསོ་སྦྱོང་དང་དཔྱད་ཞིབ་བྱས་ནས་ཚད་ལོན་པ་ཡིན་ན། ལས་གཉེར་བྱེད་སྒོ་སྤེལ་རིང་དེ་དང་ཆེད་ལས་དང་འབྲེལ་བ་ཡོད་པའི་ཕྱི་ལུགས་ཀྱི་གསོ་རིག་དང་སྨན་རྫས་ཀྱི་ལག་རྩལ་བྱེད་ཐབས་སྤྱད་ཆོག །

ཕྱི་ལུགས་གསོ་རིག་གི་སྨན་པ་དཀའ་བཅུ་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གསོ་སྦྱོང་དང་དཔྱད་ཞིབ་བྱས་ནས་ཚད་ལོན་པ་ཡིན་ན། ལས་གཉེར་བྱེད་སྒོ་སྤེལ་རིང་རང་དང་ཆེད་ལས་དང་འབྲེལ་བ་ཡོད་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ལག་རྩལ་བྱེད་ཐབས་སྤྱད་ཆོག །

དོན་ཚན་བཅོ་ལྔ་པ། སྨན་པ་དཀའ་བཅུ་པས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་གཉིས་ཡན་དུ་དུས་བཀག་ལྟར་ལས་གཉེར་བྱེད་པར་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་གཅིག་གཙོ་བོར་འཛིན་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་འབྲེལ་ཡོད་འགྲོ་ལུགས་ཀྱང་འགྲིམ་དགོས།

རྒྱལ་ཁབ་ཀྱིས་སྨན་པ་དཀའ་བཅུ་པས་དུས་བཀག་ལྟར་རྫོང་རིམ་པ་མན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་དམིགས་འཛུགས་ཀྱིས་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སོགས་ཚུད་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་པར་བསྔགས་སྐུལ་བྱ་རྒྱུ་དང་། ལས་གཉེར་ལས་ཁུངས་གཙོ་བོས་རྒྱབ་སྐྱོར་བྱ་དགོས་པ་མ་ཟད་སྟབས་བདེ་ཡང་བསྐྲུན་དགོས།

འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་འབྲེལ་ཡོད་སྨན་པ་དཀའ་བཅུ་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དེའི་ལས་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་ལ་འགན་ལེན་བྱ་དགོས།

དོན་ཚན་བཅུ་དྲུག་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་ཐོ་འགོད་མི་བྱ་རྒྱུ་སྟེ།

(གཅིག)དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་པའམ་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་པ།

(གཉིས)ཉེས་དོན་གྱི་ཆད་པ་ཕོག་ནས་ཉེས་ཆད་འཁུར་བའི་དུས་ཚད་ཐིམ་ནས་ལོ་གཉིས་མ་སོང་བའམ་ཡང་ན་ཁྲིམས་ལྟར་སྨན་པ་དཀའ་བཅུ་པའི་ལས་རིགས་གཉེར་མི་ཆོག་པའི་དུས་ཡུན་ཐིམ་མེད་པ།

(གསུམ) སྨན་པ་དཀའ་བཅུ་པའི་ལས་གཉེར་ལག་ཁྱེར་རྩིས་མེད་དུ་བཏང་ནས་ལོ་གཉིས་མ་ལོན་པ།

(བཞི)སྨན་པ་དཀའ་བཅུ་པར་དུས་བཀག་དཔྱད་ཞིབ་བྱས་ནས་ཚད་མ་ལོན་པའི་དབང་གིས་ཐོ་འགོད་བྱས་ནས་ལོ་གཅིག་མ་ལོན་པ།

(ལྔ)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ལས་ཀ་བྱས་མི་ཆོག་པའི་གནས་ཚུལ་གཞན་དག་བཅས་ཡིན།

རེ་ཞུ་བདག་སྤྲོད་བྱེད་མཁན་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་ཐོ་འགོད་མི་བྱེད་པའི་རིགས་ལ། རེ་ཞུ་བདག་སྤྲོད་བྱས་ཉིན་ནས་བཟུང་བའི་ལས་ཀའི་ཉིན་གྲངས་ཉི་ཤུའི་ནང་རེ་འདུན་ཞུ་མཁན་དང་དེ་གནས་སའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་ཡིག་ཐོག་ནས་བརྡ་ཐོ་གཏོང་དགོས་པ་མ་ཟད། རྒྱུ་མཚན་ཡང་གསལ་བཤད་བྱ་དགོས།

དོན་ཚན་བཅུ་བདུན་པ། སྨན་པ་དཀའ་བཅུ་པས་ཐོ་བཀོད་རྗེས་གཤམ་གསལ་གནས་ཚུལ་ལས་རིགས་གཅིག་བྱུང་ན། ཐོ་ཁུངས་ནས་བསུབ་རྒྱུ་དང་། སྨན་པ་དཀའ་བཅུ་པའི་ལས་གཉེར་བྱས་འཐུས་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ་སྟེ།

(གཅིག)ཚེ་ལས་འདས་པ་དང་།

(གཉིས)ཉེས་དོན་གྱི་ཆད་པ་ཕོག་པ།

(གསུམ) སྨན་པ་དཀའ་བཅུ་པའི་ལས་གཉེར་བྱས་འཐུས་ལག་ཁྱེར་རྩིས་མེད་དུ་བཏང་བ།

(བཞི)སྨན་པ་དཀའ་བཅུ་པར་དུས་བཀག་དཔྱད་ཞིབ་བྱས་ནས་ཚད་མ་ལོན་པ་དང་། གནས་སྐབས་ལས་གཉེར་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་འཇུག་པའི་དུས་ཡུན་ཐིམ་ཡང་དཔྱད་ཞིབ་བསྐྱར་མ་བྱས་ཀྱང་སྔར་བཞིན་ཚད་མ་ལོན་པ།

(ལྔ། )སྨན་པ་དཀའ་བཅུ་པའི་ལས་གཉེར་བྱེད་སྒོ་སྤེལ་མཚམས་བཞག་ནས་ལོ་གཉིས་ལོན་པ།

(དྲུག)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ལས་ཀ་བྱས་མི་ཆོག་པའམ་ཡང་ན་ཐོ་ཁོངས་ནས་སུབ་པའི་འགྲོ་ལུགས་འགྲིམ་དགོས་པའི་གནས་ཚུལ་གཞན་དག་བཅས་ཡིན།

གོང་གསལ་ནང་གསེས་དོན་ཚན་ནང་འཁོད་གནས་ཚུལ་བྱུང་ན། སྨན་པ་དཀའ་བཅུ་པ་གནས་སའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཉིན་སུམ་ཅུའི་ནང་ཚུན་དུ་ཐོ་འགོད་བྱས་འཐུས་ཀྱི་ཆོག་མཆན་བཀོད་པའི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུ་དགོས། འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་འགན་དབང་ལྟར་སྨན་པར་གོང་གསལ་ནང་གསེས་དོན་ཚན་ནང་གཏན་འབེབས་བྱས་པའི་གནས་ཚུལ་ཡོད་པ་ཤེས་ཚེ། དུས་ཐོག་ཏུ་ཐོ་འགོད་བྱས་འཐུས་ཀྱི་ཆོག་མཆན་བཀོད་པའི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་ལ་བརྡ་ཁྱབ་གཏོང་དགོས། ཐོ་འགོད་བྱས་འཐུས་ཀྱི་ཆོག་མཆན་བཀོད་པའི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་དུས་ཐོག་ཏུ་ཐོ་ཁོངས་ནས་བསུབ་དགོས་པ་དང་། སྨན་པ་དཀའ་བཅུ་པའི་ལས་གཉེར་བྱས་འཐུས་ལག་ཁྱེར་རྩིས་མེད་དུ་གཏོང་དགོས།

དོན་ཚན་བཅོ་བརྒྱད་པ། སྨན་པ་དཀའ་བཅུ་པས་ལས་གཉེར་བྱེད་ས་དང་། ལས་གཉེར་བྱེད་རིགས། ལས་གཉེར་བྱེད་ཁོངས་སོགས་ཀྱི་ཐོ་འགོད་དོན་ཚན་བསྒྱུར་དགོས་བྱུང་ན། བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ཐོ་འགོད་བྱས་འཐུས་ཀྱི་ཆོག་མཆན་བཀོད་པའི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་ཏུ་ཐོ་འགོད་བསྒྱུར་བའི་འགྲོ་ལུགས་འགྲིམ་དགོས།

སྨན་པ་དཀའ་བཅུ་པས་གཤམ་གསལ་གྱི་བྱེད་སྒོ་སྤེལ་སྐབས་འབྲེལ་ཡོད་ཐོ་འགོད་བསྒྱུར་བའི་འགྲོ་ལུགས་མ་འགྲིམས་ན་ཆོག་པ་སྟེ།

(གཅིག)ཚད་ལྡན་ཅན་གྱི་གསོ་སྦྱོང་དང་། ཟབ་སྦྱོང་། ཁ་གཏད་རོགས་སྐྱོར། མཉམ་བཅོས། གློ་བུར་དོན་རྐྱེན་གྱི་སྨན་བཅོས་རོགས་སྐྱོབ། དགེ་སྒྲུབ་སམ་སྤྱི་ཕན་རང་བཞིན་གྱི་སྨན་བཅོས་དང་འོས་འགན་སྨན་བཅོས་གཞན་དག་བཅས་ལ་ཞུགས་རྒྱུ་དང་།

(གཉིས)རྒྱལ་ཁབ་ཀྱི་ལས་འགན་འཁུར་བའམ་ཡང་ན་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་གལ་ཆེན་ནང་ཞུགས་པ་སོགས།

(གསུམ)སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནང་གི་སྨན་བཅོས་སྒྲིག་གཞིའི་ནང་ལས་གཉེར་བྱེད་པ་བཅས་ཡིན།

དོན་ཚན་བཅུ་དགུ་པ། སྨན་པ་དཀའ་བཅུ་པའི་ལས་གཉེར་བྱེད་སྒོ་ལོ་གཉིས་ཡན་སྤེལ་མཚམས་བཞག་པའམ་ཡང་ན་བཅའ་ཁྲིམས་འདིར་འཁོད་ཐོ་འགོད་མི་བྱ་རྒྱུའི་གཏན་འབེབས་བྱས་པའི་གནས་ཚུལ་མེད་པར་གྱུར་ནས་ལས་གཉེར་བསྐྱར་དུ་བྱེད་རེ་ཞུས་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་དེས་མངགས་བཅོལ་བྱས་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་ལས་རིགས་རྩ་འཛུགས་ཀྱིས་དཔྱད་ཞིབ་བྱས་ནས་ཚད་ལོན་དགོས་པ་མ་ཟད། བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་བསྐྱར་དུ་ཐོ་འགོད་ཀྱང་བྱ་དགོས།

དོན་ཚན་ཉི་ཤུ་པ། སྨན་པ་དཀའ་བཅུ་པ་ཁེར་རྐྱང་གིས་སྨན་བཅོས་བྱེད་པར་ཁྲིམས་ལྟར་ཞིབ་མཆན་འགོད་པའམ་ཐོ་འགོད་སྙན་སེང་གི་འགྲོ་ལུགས་འགྲིམ་དགོས།

ལས་གཉེར་སྨན་པ་དཀའ་བཅུ་པས་ཁེར་རྐྱང་དུ་སྨན་བཅོས་བྱེད་པར་ངེས་པར་དུ་ཐོ་འགོད་བྱས་རྗེས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ལས་གཉེར་བྱས་ནས་ལོ་ལྔ་ཐིམ་དགོས་པ། འོན་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གཅིག་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལྟར་ཀྲུང་ལུགས་གསོ་རིག་སྨན་པ་དཀའ་བཅུ་པའི་ཐོབ་ཐང་ཐོབ་པའི་མི་སྣས་དཔྱད་ཞིབ་ཀྱི་ནང་དོན་ལྟར་ལས་གཉེར་ཐོ་འགོད་བྱས་རྗེས་ཐོ་འགོད་བྱས་པའི་ལས་གཉེར་ཁྱབ་ཁོངས་ནང་ཁེར་རྐྱང་གིས་སྨན་བཅོས་བྱས་ཆོག  །

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་ཁེར་གཉེར་སྨན་བཅོས་བྱེད་མཁན་སྨན་པ་དཀའ་བཅུ་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས་པ་དང་། བཅའ་ཁྲིམས་འདིའི་ནང་འཁོད་གཏན་འབེབས་ཐོ་ཁོངས་ནས་སུབ་པའི་གནས་ཚུལ་ཡོད་པ་ཤེས་ཚེ། དུས་ཐོག་ཏུ་ཐོ་ཁོངས་ནས་བསུབ་དགོས་པ་དང་། སྨན་པ་དཀའ་བཅུ་པའི་ལས་གཉེར་བྱས་འཐུས་ལག་ཁྱེར་རྩིས་མེད་དུ་གཏོང་དགོས།

དོན་ཚན་ཉེར་གཅིག་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་དང་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་ཐོ་འགོད་བྱས་ཆོག་པ་དང་ཐོ་ཁོངས་ནས་སུབ་པའི་མི་སྣའི་མིང་ཐོ་དུས་ཐོག་ཏུ་སྤྱི་བསྒྲགས་བྱ་དགོས་པ་དང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་དང་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་ཕྱོགས་བསྡུས་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་དང་བདེ་ཐང་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་མ་ཟད། གཏན་འབེབས་ལྟར་དྲ་ཚིགས་བརྒྱུད་ནས་སྨན་པ་དཀའ་བཅུ་པའི་ཐོ་འགོད་ཆ་འཕྲིན་འདྲི་རྩད་ཞབས་ཞུ་འདོན་སྤྲོད་ཀྱང་བྱ་དགོས།

3 ལེའུ་གསུམ་པ། ལས་གཉེར་སྒྲིག་སྲོལ་སྐོར།

དོན་ཚན་ཉེར་གཉིས་པ། སྨན་པ་དཀའ་བཅུ་པས་ལས་གཉེར་བྱེད་སྒོ་སྤེལ་རིང་གཤམ་གསལ་གྱི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་སྟེ།

(གཅིག)ཐོ་འགོད་བྱས་པའི་ལས་གཉེར་བྱེད་ཁོངས་སུ་འབྲེལ་ཡོད་ཀྱི་ཚད་གཞི་ལྟར་གསོ་རིག་གི་ནད་བརྟག་དང་། ནད་རིགས་བརྟག་དཔྱད། གསོ་རིག་གིས་ཐག་གཅོད། བབ་མཐུན་གྱི་གསོ་རིག་དཔང་ཡིག་སྤྲོད་པ་བཅས་བྱ་རྒྱུ་དང་། ལུགས་མཐུན་གྱི་སྨན་བཅོས་དང་། ནད་རིགས་སྔོན་འགོགལུས་ཁམས་བདེ་སྲུང་བཅས་ཀྱི་ཇུས་གཞི་གདམ་རྒྱུ་དང་།

(གཉིས)ངལ་རྩོལ་གྱི་ཐོབ་ཆ་ཐོབ་ཐབས་དང་། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཕན་བདེའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ། གཏན་འབེབས་ལྟར་སྤྱི་ཚོགས་ཀྱི་འགན་བཅོལ་ནང་ཞུགས་རྒྱུ་དང་འབྲེལ་བབ་མཚུངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་དགོས།

(གསུམ)རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ཚད་གཞི་དང་མཐུན་པའི་ལས་གཉེར་གྱི་གཞི་རྩའི་ཆ་རྐྱེན་དང་ལས་རིགས་ཀྱི་འགོག་སྲུང་སྒྲིག་ཆས་ཐོབ་པ།

(བཞི། )གསོ་རིག་སློབ་གསོ་དང་། ཞིབ་འཇུགརིག་གཞུང་སྤེལ་རེས་བཅས་བྱ་རྒྱུ།

(ལྔ)ཆེད་ལས་གསོ་སྐྱོང་སྦྱོང་བརྡར་ལ་ཞུགས་རྒྱུ་དང་། མུ་མཐུད་གསོ་རིག་སློབ་གསོ་དང་ལེན་བྱ་དགོས།

(དྲུག)གནས་སའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གི་ལས་ཀར་བསམ་འཆར་དང་གྲོས་འགོ་འདོན་རྒྱུ་དང་། ཁྲིམས་ལྟར་གནས་སའི་ལས་ཁུངས་ཀྱི་དམངས་གཙོའི་དོ་དམ་ནང་ཞུགས་རྒྱུ།

(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཁེ་དབང་གཞན་དག་བཅས་ཡིན།

དོན་ཚན་ཉེར་གསུམ་པ། སྨན་པ་དཀའ་བཅུ་པས་ལས་གཉེར་བྱེད་སྒོ་སྤེལ་རིང་གཤམ་གསལ་གྱི་འོས་འགན་བསྒྲུབ་དགོས་པ་སྟེ།

(གཅིག)ལས་བཀུར་གྱི་སྙིང་སྟོབས་འཛུགས་པ་དང་། ལས་རིགས་ཀྱི་ཀུན་སྤྱོད་དམ་སྲུང་། སྨན་པ་དཀའ་བཅུ་པའི་འགན་འཁྲི་སྒྲུབ་པ། རང་འགན་གཙང་སྒྲུབ་ཀྱིས་ནད་པ་སྐྱོབ་བཅོས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་སྤྱི་པའི་འཕྲོད་བསྟེན་བྱེད་ཐབས་ལག་བསྟར་བྱེད་པ་བཅས་ཡིན།

(གཉིས)ནད་ཐོག་སྨན་བཅོས་ཀྱི་ཕྱོགས་སྟོན་བརྩི་སྲུང་དང་། ནད་ཐོག་སྨན་བཅོས་ཀྱི་ལག་རྩལ་བཀོལ་སྤྱོད་ཚད་གཞི་དང་གསོ་རིག་གི་མི་ཆོས་ཚད་གཞི་སོགས་བརྩི་སྲུང་ཞུ་དགོས་པ།

(གསུམ)ནད་པར་བརྩི་འཇོག་དང་། ཐུགས་ཁུར། གཅེས་སྐྱོང་བཅས་བྱ་རྒྱུ་དང་། ནད་པའི་གསང་དོན་དང་སྒེར་གྱི་ཆ་འཕྲིན་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ།

(བཞི)བྱེད་སྒོར་བརྩོན་ཞིབ་ཧུར་ཐག་དང་། ཤེས་བྱ་གསར་སྒྱུར་བྱས་ཏེ་གསོ་རིག་ཆེད་ལས་ཀྱི་ལག་རྩལ་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས།

(ལྔ)ལས་གནས་དང་འཚམ་པའི་བདེ་ཐང་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་ནད་པ་དང་སྤྱི་དམངས་ལ་བདེ་ཐང་གི་སློབ་གསོ་དང་བདེ་ཐང་མཛུབ་ཁྲིད་བྱེད་རྒྱུ།

(དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འོས་འགན་གཞན་དག་བཅས་ཡིན།

དོན་ཚན་ཉེར་བཞི་པ། སྨན་པ་དཀའ་བཅུ་པས་སྨན་བཅོས་དང་། ནད་རིགས་སྔོན་འགོགལུས་ཁམས་བདེ་སྲུང་བཅས་ཀྱི་བྱེད་ཐབས་ལག་ལེན་བསྟར་བ་དང་། འབྲེལ་ཡོད་གསོ་རིག་གི་དཔང་ཡིག་ལ་མིང་རྟགས་འགོད་པར་ངེས་པར་དུ་རང་ཉིད་ངོ་མས་ནད་དཔྱད་དང་བརྟག་དཔྱད་བྱ་དགོས་པ་མ་ཟད། གཏན་འབེབས་ལྟར་ནད་ཐོ་སོགས་གསོ་རིག་གི་ཡིག་ཆ་དང་འབྲེལ་ཡོད་དཔྱད་ཡིག་དུས་ཐོག་ཏུ་འབྲི་དགོས་པ་ལས། ནད་ཐོ་སོགས་གསོ་རིག་གི་ཡིག་ཆ་དང་འབྲེལ་ཡོད་དཔྱད་ཡིག་སྦས་སྐུང་དང་། རྫུན་བཟོ། གཡོ་བཅོས། རང་མཚམས་ཀྱིས་མེད་པ་བཟོ་བ་བཅས་བྱས་མི་ཆོག །

སྨན་པ་དཀའ་བཅུ་པས་གསོ་རིག་གི་དཔང་ཡིག་རྫུན་མ་དང་དེ་བཞིན་རང་ཉིད་ཀྱི་ལས་གཉེར་བྱེད་ཁོངས་དང་འབྲེལ་བ་མེད་པའམ་ལས་གཉེར་བྱེད་རིགས་དང་མི་མཐུན་པའི་གསོ་རིག་གི་དཔང་ཡིག་རྫུན་མ་བཏོན་མི་ཆོག །

དོན་ཚན་ཉེར་ལྔ་པ། སྨན་པ་དཀའ་བཅུ་པས་ནད་བརྟག་སྨན་བཅོས་བྱེད་སྐབས་ནད་པར་ནད་བབ་དང་། སྨན་བཅོས་བྱེད་ཐབས། བཤད་དགོས་པའི་དོན་ཚན་གཞན་དག་བཅས་གསལ་བཤད་བྱ་དགོས།

གཤགས་བཅོས་དང་། དམིགས་བསལ་གྱི་ཞིབ་བཤེར། དམིགས་བསལ་གྱི་སྨན་བཅོས་བཅས་བྱ་དགོས་ན། སྨན་པ་དཀའ་བཅུ་པས་ནད་པར་སྨན་བཅོས་ཀྱི་ཉེན་ཁ་དང་ཚབ་བྱེད་སྨན་བཅོས་ཀྱི་ཇུས་གཞི་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་གསལ་བཤད་བྱ་དགོས་པ་མ་ཟད། དེར་མོས་མཐུན་གསལ་པོ་ཡང་བྱ་དགོས། ནད་པར་གསལ་བཤད་བྱེད་མི་ཐུབ་པའམ་བྱེད་མི་འཚམ་ན། ནད་པའི་གཉེན་ཉེ་ལ་གསལ་བཤད་བྱེད་དགོས་པ་མ་ཟད། དེར་མོས་མཐུན་གསལ་པོ་བྱེད་དགོས།

དོན་ཚན་ཉེར་དྲུག་པ། སྨན་པ་དཀའ་བཅུ་པས་སྨན་རྫས་དང་། སྨན་བཅོས་ཡོ་བྱད་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་དང་གསོ་རིག་ནད་ཐོག་སྨན་བཅོས་ཀྱི་ཞིབ་འཇུག་གཞན་དག་བྱེད་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས་པ་དང་། གསོ་རིག་གི་མི་ཆོས་ཚད་གཞི་བརྩི་སྲུང་ཞུ་དགོས་པ། ཁྲིམས་ལྟར་མི་ཆོས་ཞིབ་བཤེར་བྱས་པ་བརྒྱུད་ཡིག་ཐོག་ནས་གནས་ཚུལ་ཤེས་པའི་མོས་མཐུན་ཐོབ་དགོས།

དོན་ཚན་ཉེར་བདུན་པ། འཕྲལ་མར་སྨན་བཅོས་བྱ་དགོས་པའི་ནད་པར་སྨན་པ་དཀའ་བཅུ་པས་འཕྲལ་མའི་བྱེད་ཐབས་སྤྱད་དེ་སྨན་བཅོས་བྱ་དགོས་པ་ལས། མྱུར་སྐྱོབ་སྨན་བཅོས་མི་བྱེད་པ་བྱས་མི་ཆོག །

སྲོག་ཉེན་ལ་ཐུག་པའི་ནད་པ་མྱུར་སྐྱོབ་བྱེད་པ་སོགས་གནས་ཚུལ་ཛ་དྲག་ཅན་གྱི་དབང་གིས་ནད་པའམ་ཡང་ན་དེའི་གཉེན་ཉེའི་བསམ་འཆར་ཐོབ་མ་ཐུབ་ན། སྨན་བཅོས་ལས་ཁུངས་ཀྱི་འགན་འཁུར་པའམ་ཡང་ན་དབང་བསྐུར་བའི་འགན་འཁུར་པའི་ཆོག་མཆན་ཐོབ་ན། འཕྲལ་མར་འོས་བབ་ཀྱི་སྨན་བཅོས་བྱེད་ཐབས་སྤྱད་ཆོག །

རྒྱལ་ཁབ་ཀྱིས་སྨན་པ་དཀའ་བཅུ་པར་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་སོགས་སྤྱི་པའི་འདུ་གནས་ཀྱི་མྱུར་སྐྱོབ་ཞབས་ཞུའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ། སྨན་པས་རང་མོས་ཀྱིས་མྱུར་སྐྱོབ་བྱས་པའི་རྐྱེན་གྱིས་གཞན་ཕན་བྱ་ཡུལ་ལ་གནོད་སྐྱོན་བཟོས་ན་དམངས་དོན་གྱི་འགན་འཁུར་མི་དགོས།

དོན་ཚན་ཉེར་བརྒྱད་པ། སྨན་པ་དཀའ་བཅུ་པས་བཅའ་ཁྲིམས་ལྟར་ཆོག་མཆན་ཐོབ་པའམ་ཐོ་འགོད་སྙན་སེང་ཞུས་པའི་སྨན་རྫས་དང་། དུག་སེལ་སྨན་རྫས། སྨན་བཅོས་ཡོ་བྱད་བཅས་བེད་སྤྱོད་བྱ་དགོས་པ་དང་། ཁྲིམས་མཐུན་དང་། ལུགས་མཐུན། ཚན་རིག་བཅས་ཀྱི་ནད་བརྟག་སྨན་བཅོས་བྱེད་ཐབས་སྤྱོད་དགོས།

ཚད་གཞི་ལྟར་ནད་བརྟག་སྨན་བཅོས་བྱེད་པར་སྤྱོད་པ་ཕུད། སྦྲིད་སྨན་དང་། སྨན་བཅོས་ལ་སྤྱོད་རྒྱུའི་དུག་ཤས་ཅན་གྱི་སྨན་རྫས། ཀླད་རྩའི་སྨན། འཕྲོ་ནུས་ལྡན་པའི་སྨན་རྫས་སོགས་སྤྱད་མི་ཆོག །

དོན་ཚན་ཉེར་དགུ་པ། སྨན་པ་དཀའ་བཅུ་པས་ཉེན་མེད་ནུས་ལྡན་དང་གྲོན་ཆུང་ལུགས་མཐུན་གྱི་སྨན་སྤྱོད་རྩ་དོན་མཐའ་འཁྱོངས་དང་། སྨན་རྫས་ནད་ཐོག་སྨན་བཅོས་ལ་བཀོལ་སྤྱོད་བྱེད་པའི་ཁྲིད་སྟོན་རྩ་དོན་དང་། ནད་ཐོག་སྨན་བཅོས་ཕྱོགས་སྟོན། སྨན་རྫས་གསལ་བཤད་ཡི་གེ་སོགས་ལུགས་མཐུན་སྤྱོད་རྒྱུར་བརྩི་སྲུང་ཞུ་དགོས།

ཕན་ནུས་ལྡན་པའམ་ཡང་ན་དེ་ལས་ལེགས་པའི་སྨན་བཅོས་བྱེད་ཐབས་མེད་པ་སོགས་དམིགས་བསལ་གྱི་གནས་ཚུལ་འོག་སྨན་པས་ནད་པའི་གནས་ཚུལ་གསལ་པོར་ཤེས་རྗེས་མོས་མཐུན་བྱུང་རྗེས་སྨན་རྫས་ཀྱི་གསལ་བཤད་ཡི་གེའི་ནང་ཁ་གསལ་མེད་ཀྱང་དཔང་ཡིག་ལྟར་གསོ་རིག་གི་དཔང་རྟགས་ཡོད་པའི་སྨན་རྫས་སྤྱོད་ཐབས་སྤྱད་དེ་སྨན་བཅོས་བྱས་ཆོག །

སྨན་བཅོས་ལས་ཁུངས་ཀྱིས་དོ་དམ་ལམ་ལུགས་བཙུགས་ནས་སྨན་པའི་སྨན་ཐོ་དང་སྨན་སྤྱོད་པའི་ཁ་ཏ་འོས་འཚམ་རང་བཞིན་ལ་ཞིབ་བཤེར་བྱས་ཏེ་སྨན་པའི་སྨན་སྤྱོད་བྱ་སྤྱོད་ཚད་ལྡན་ནན་པོ་བཟོ་དགོས།

དོན་ཚན་སུམ་ཅུ་པ། ལས་གཉེར་སྨན་པ་དཀའ་བཅུ་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རང་ཉིད་གནས་སའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་མོས་མཐུན་ཐོབ་རྗེས། དྲ་སྦྲེལ་སོགས་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་རྒྱུན་མཐོང་ནད་དང་གཅོང་ནད་བསྐྱར་དུ་བརྟག་དཔྱད་བྱེད་པ་སོགས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འོས་འཚམ་ཁག་ཅིག་འདོན་སྤྲོད་བྱས་ཆོག །

སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བར་དྲ་སྦྲེལ་སོགས་ཆ་འཕྲིན་ལག་རྩལ་སྤྱད་དེ་རྒྱང་ཁྲིད་སྨན་བཅོས་མཉམ་ལས་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ།

དོན་ཚན་སོ་གཅིག་པ། སྨན་པ་དཀའ་བཅུ་པས་རང་གི་ལས་གནས་ཀྱི་སྟབས་བདེར་བརྟེན་ནས་རྒྱུ་དངོས་སློང་ལེན་ནམ་ཡང་ན་ཚུལ་མིན་གྱི་ཁེ་ཕན་གཞན་དག་ཧམ་གཉེར་བྱས་མི་ཆོགནད་པར་དགོས་མེད་ཀྱི་བརྟག་དཔྱད་དང་སྨན་བཅོས་བྱས་མི་ཆོག །

དོན་ཚན་སོ་གཉིས་པ། རང་བྱུང་གནོད་འཚེ་དང་། དོན་རྐྱེན་བྱུར་གོད། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན། སྤྱི་ཚོགས་བདེ་འཇགས་དོན་རྐྱེན་སོགས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་འཇིགས་སྣང་ཚབས་ཆེན་བཟོ་བའི་ཐོལ་བྱུང་དོན་རྐྱེན་བྱུང་སྐབས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་དགོས་མཁོར་གཞིགས་ནས་སྨན་པ་དཀའ་བཅུ་པ་སྒྲིག་འཛུགས་བྱས་ཏེ་འཕྲོད་བསྟེན་འཕྲལ་བསྟུན་ཐག་གཅོད་དང་སྨན་བཅོས་སྲོག་སྐྱོབ་ནང་ཞུགས་སུ་འཇུག་དགོས་པ་དང་། སྨན་པ་དཀའ་བཅུ་པས་མངག་གཏོང་དང་ལེན་བྱ་དགོས།

དོན་ཚན་སོ་གསུམ་པ། ལས་གཉེར་བྱེད་སྒོ་སྤེལ་རིང་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། སྨན་པ་དཀའ་བཅུ་པས་འབྲེལ་ཡོད་གཏན་འབེབས་ལྟར་རང་ཉིད་གནས་སའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་སྟེ།

(གཅིག) རིམས་ནད་དང་། རྒྱུ་རྐྱེན་མི་གསལ་བའི་གློ་བུར་དུ་བྱུང་བའི་ནད་གཞིའམ་ཡང་ན་ལུས་ཁམས་ཧ་ཅང་བདེ་ཐང་མིན་པའི་དོན་རྐྱེན་བྱུང་བ་ཤེས་རིགས་དང་།

(གཉིས)སྨན་བཅོས་ལས་འཛོལ་བྱུང་བའམ་ཡང་ན་ཤེས་རྟོགས་བྱུང་བ།

(གསུམ)སྨན་རྫས་དང་སྨན་བཅོས་ཡོ་བྱད་དང་འབྲེལ་བ་ཡོད་སྲིད་པའི་སྨན་ནད་བྱུང་ཚུལ་ལམ་ཡང་ན་དོན་རྐྱེན་མི་ལེགས་པ་འབྱུང་སྲིད་པ།

(བཞི) སྨན་རྫུན་མའམ་ཡང་ན་སྨན་སྤུས་ཞན་ཤེས་རྟོགས་བྱུང་བ།

(ལྔ)ནད་པ་གནོད་འཚེ་གཏོང་བའི་དོན་རྐྱེན་གྱི་དོགས་གཞི་ཡོད་པའམ་ཡང་ན་རྒྱུན་ལྡན་མིན་པར་ཤི་བའི་དོགས་གཞི་ཡོད་པ་ཤེས་རིགས།

(དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་སོ་བཞི་པ། ལས་གཉེར་སྨན་པ་དཀའ་བཅུ་རམ་འདེགས་པས་ལས་གཉེར་སྨན་པ་དཀའ་བཅུ་པའི་ཁྲིད་སྟོན་འོག་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ནང་ཐོ་འགོད་བྱས་པའི་ལས་གཉེར་བྱེད་རིགས་དང་ལས་གཉེར་བྱེད་ཁོངས་ལྟར་ལས་གཉེར་བྱ་དགོས།

ཞང་དང་། མི་རིགས་ཞང་། གྲོང་རྡལ་བཅས་དང་གྲོང་ཚོའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་དེ་བཞིན་དཀའ་ཚེགས་ཆེ་བའི་བས་མཐའི་ས་ཁུལ་གྱི་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ལས་གཉེར་བྱེད་པའི་ལས་གཉེར་སྨན་པ་དཀའ་བཅུ་རམ་འདེགས་པས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་གནས་ཚུལ་དང་རང་ཉིད་ཀྱི་ལག་ལེན་དངོས་ཀྱི་ཉམས་མྱོང་ལ་གཞིགས་ནས་རང་ཚུགས་ཀྱིས་ལས་གཉེར་བྱེད་སྒོ་སྤྱིར་བཏང་བ་སྤེལ་ཆོག །

དོན་ཚན་སོ་ལྔ་པ། ནད་ཐོག་སློབ་ཁྲིད་ལག་ལེན་ལ་ཞུགས་པའི་གསོ་རིག་སློབ་མ་དང་སྨན་པ་དཀའ་བཅུ་པའི་ལས་གཉེར་ལག་ཁྱེར་ཐོབ་མེད་པ་དང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ནང་གསོ་རིག་ཆེད་ལས་ཀྱི་ལས་ཀ་ལག་ལེན་ནང་ཞུགས་པའི་གསོ་རིག་སློབ་ཐོན་སློབ་མ་རྣམས་ལས་གཉེར་སྨན་པ་དཀའ་བཅུ་པའི་ལྟ་སྐུལ་དང་མཛུབ་ཁྲིད་འོག་ནད་ཐོག་ནད་བརྟག་སྨན་བཅོས་ཀྱི་བྱེད་སྒོར་ཞུགས་དགོས།

སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་འབྲེལ་ཡོད་གསོ་རིག་སློབ་མ་དང་གསོ་རིག་སློབ་ཐོན་སློབ་མ་ནད་ཐོག་ནད་བརྟག་སྨན་བཅོས་ཀྱི་བྱེད་སྒོར་ཞུགས་པར་དགོས་ངེས་ཀྱི་ཆ་རྐྱེན་འདོན་སྤྲོད་བྱ་དགོས།

དོན་ཚན་སོ་དྲུག་པ། འབྲེལ་ཡོད་ལས་རིགས་རྩ་འཛུགས་དང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས། གསོ་རིག་སློབ་གྲྭ་དང་སློབ་གླིང་བཅས་ཀྱིས་སྨན་པ་དཀའ་བཅུ་པར་སྨན་པའི་ཀུན་སྤྱོད་དང་ཀུན་སྤྱོད་སྐོར་གྱི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་དགོས།

སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་པ་དཀའ་བཅུ་པའི་ལས་གནས་ཀྱི་འགན་འཁྲི་དང་། ནང་ཁུལ་གྱི་ལྟ་སྐུལ། ཞུ་གཏུག་ཐག་གཅོད་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྨན་པ་དཀའ་བཅུ་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།

4 ལེའུ་བཞི་པ། གསོ་སྦྱོང་དང་དཔྱད་ཞིབ་བྱེད་ཕྱོགས་སྐོར།

དོན་ཚན་སོ་བདུན་པ། རྒྱལ་ཁབ་ཀྱིས་སྨན་པ་དཀའ་བཅུ་པ་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་གཏན་འབེབས་དང་། ལས་རིགས་ཀྱི་ཁྱད་ཆོས་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་སྨན་པ་དཀའ་བཅུ་པ་གསོ་སྐྱོང་དང་སྤྲོད་མཁོ་དོ་མཉམ་ཡོང་བའི་ནང་རྐྱེན་འཛུགས་པ། གསོ་རིག་ཤེས་ལྡན་མི་སྣ་སྣ་ཚོགས་ཀྱི་དགོས་མཁོ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། མཁོ་ཆོད་དང་། བྱིས་པའི་ཚན་ཁགསྙིང་རྩའི་ཚན་ཁགརྒན་རྒོན་གསོ་རིག་སོགས་ཆེད་ལས་ཤེས་ལྡན་མི་སྣ་དཀོན་རིགས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ།

རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་གསོ་རིག་དང་སློབ་གསོ་མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གསོ་རིག་སློབ་གླིང་གི་སློབ་གསོ་དང་། སློབ་གྲྭ་ཐོན་རྗེས་ཀྱི་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

རྒྱལ་ཁབ་ཀྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་མཁོ་ཆོད་སྨན་པ་གཙོ་གནད་དུ་འཛིན་པའི་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།

རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཕན་ཚུན་སློབ་སྦྱོང་བྱེད་པའི་སློབ་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རིམ་པ་མཐོ་བའི་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ཤེས་ལྡན་མི་སྣ་དང་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པའི་མཁོ་ཆོད་སྨན་པ་གསོ་སྐྱོང་བྱ་དགོས།

དོན་ཚན་སོ་བརྒྱད་པ། རྒྱལ་ཁབ་ཀྱིས་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པར་ཚད་ལྡན་ཅན་དུ་གསོ་སྐྱོང་སྦྱོང་བརྡར་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ནད་ཐོག་ཏུ་སློབ་ཁྲིད་བྱེད་པར་སྐུལ་མ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པར་གསོ་སྦྱོང་བྱེད་རིང་གི་ཐོབ་ཐང་འགན་སྲུང་བྱེད་པ། གསོ་སྦྱོང་བྱེད་རིམ་དོ་དམ་དང་སློབ་མཇུག་སྒྲིལ་བའི་དཔྱད་ཞིབ་ནན་པོ་བཅས་བྱ་དགོས།

རྒྱལ་ཁབ་ཀྱིས་ཆེད་ལས་ཚན་ཁག་གི་སྨན་པ་དཀའ་བཅུ་པར་ཚད་ལྡན་ཅན་གྱི་གསོ་སྦྱོང་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ནད་ཐོག་སྨན་པ་དཀའ་བཅུ་པའི་ཆེད་ཚན་གྱི་ནད་བརྟག་སྨན་བཅོས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

དོན་ཚན་སོ་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་སྨན་པ་དཀའ་བཅུ་པ་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུའི་འཆར་གཞི་གཏན་འབེབས་བྱས་ནས་རྣམ་པ་སྣ་མང་སྤྱད་དེ་སྨན་པ་དཀའ་བཅུ་པར་རིམ་པ་དང་རིགས་དབྱེ་ནས་གསོ་སྐྱོང་སྦྱོང་བརྡར་བྱས་ཏེ་སྨན་པ་དཀའ་བཅུ་པར་མུ་མཐུད་ནས་གསོ་རིག་སློབ་གསོ་དང་ལེན་བྱེད་པར་ཆ་རྐྱེན་འདོན་སྤྲོད་བྱ་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་གཞི་རིམ་དང་དར་རྒྱས་ཞན་པའི་ས་ཁུལ། མི་རིགས་ས་ཁུལ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་མི་སྣས་མུ་མཐུད་གསོ་རིག་སློབ་གསོ་དང་ལེན་བྱེད་པར་དམིགས་བསལ་གྱིས་སྔོན་ལ་འགན་སྲུང་བྱ་དགོས།

དོན་ཚན་བཞི་བཅུ་པ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་མི་ཤུགས་ཐོན་ཁུངས་ལུགས་མཐུན་གྱིས་བཀོད་སྒྲིག་བྱ་དགོས་པ་དང་། གཏན་འབེབས་དང་འཆར་གཞི་ལྟར་ལས་ཁུངས་དེ་གའི་སྨན་པ་དཀའ་བཅུ་པས་མུ་མཐུད་གསོ་རིག་སློབ་གསོ་དང་ལེན་བྱེད་པར་འགན་ལེན་བྱ་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་འཆར་གཞི་ཡོད་པའི་སྒོ་ནས་རྫོང་རིམ་པ་ཡན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་། གྲོང་སྡེའི་འཕྲོད་བསྟེན་ཁང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སོགས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ནང་གི་སྨན་བཅོས་འཕྲོད་བསྟེན་མི་སྣ་གསོ་སྦྱོང་བྱེད་པར་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ཏེ་དེ་དག་གི་གསོ་རིག་ཆེད་ལས་ལག་རྩལ་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།

འབྲེལ་ཡོད་ལས་རིགས་རྩ་འཛུགས་ཀྱིས་སྨན་པ་དཀའ་བཅུ་པས་མུ་མཐུད་གསོ་རིག་སློབ་གསོ་དང་ལེན་བྱེད་པར་ཞབས་འདེགས་ཞུ་བ་དང་ཆ་རྐྱེན་བསྐྲུན་ནས་མུ་མཐུད་གསོ་རིག་སློབ་གསོ་སྒྲིག་འཛུགས་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས།

དོན་ཚན་ཞེ་གཅིག་པ། རྒྱལ་ཁབ་ཀྱིས་ལོ་རེའི་གསོ་རིག་ཆེད་ལས་ཀྱི་སློབ་མ་བསྡུ་བའི་འཆར་གཞི་དང་སློབ་གསོ་དང་གསོ་སྐྱོང་སྦྱོང་བརྡར་འཆར་གཞིའི་ནང་བསྡུར་ཚད་ངེས་ཅན་ཞིག་ཞིབ་བཤེར་གཏན་འབེབས་བྱས་ནས་དམིགས་འཛུགས་གསོ་སྐྱོང་དང་མངགས་བཅོལ་གསོ་སྦྱོང་ལ་སྤྱོད་རྒྱུ་དང་། གཞི་རིམ་དང་དཀའ་ཚེགས་ཆེ་བའི་བས་མཐའི་ས་ཁུལ་གྱི་སྨན་པ་དཀའ་བཅུ་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

འབྲེལ་ཡོད་སྡེ་ཁག་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཁ་ཕྱོགས་གཏན་ཁེལ་གྱི་གསོ་སྐྱོང་དང་གསོ་སྦྱོང་མངགས་བཅོལ་དང་ལེན་བྱེད་མཁན་མི་སྣ་དང་གྲོས་མཐུན་བཞག་སྟེ་འབྲེལ་ཡོད་ཀྱི་ཐོབ་ཐང་དང་། ཞབས་ཞུའི་ལོ་ཚད། ཁ་ཆད་དང་འགལ་བའི་འགན་འཁྲི་སོགས་ཀྱི་དོན་དག་ཁ་ཆད་འཇོག་དགོས་ཤིང་། འབྲེལ་ཡོད་མི་སྣས་གྲོས་མཐུན་ནང་ཁ་ཆད་བཞག་པའི་འོས་འགན་བསྒྲུབ་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་བྱེད་ཐབས་སྤྱད་དེ་ཁ་ཆད་ལག་བསྟར་བྱེད་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོས་མཐུན་འཇོག་མཁན་ཕྱོགས་སོ་སོས་ཁ་ཆད་དང་འགལ་ན། ཁ་ཆད་དང་འགལ་བའི་ཁག་འགན་འཁུར་དགོས།

དོན་ཚན་ཞེ་གཉིས་པ། རྒྱལ་ཁབ་ཀྱིས་སྨན་པ་དཀའ་བཅུ་པར་དུས་བཀག་དཔྱད་ཞིབ་བྱེད་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གམ་དེས་མངགས་བཅོལ་བྱས་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་ལས་རིགས་རྩ་འཛུགས་བཅས་ཀྱིས་སྨན་པ་དཀའ་བཅུ་པའི་ལས་གཉེར་ཚད་གཞི་ལྟར་སྨན་པ་དཀའ་བཅུ་པའི་ལས་སྒོའི་ཆུ་ཚད་དང་། ལས་ཀའི་གྲུབ་འབྲས། ལས་རིགས་ཀུན་སྤྱོད་ཀྱི་གནས་ཚུལ་བཅས་ལ་དཔྱད་ཞིབ་བྱ་དགོས་ཤིང་། དཔྱད་ཞིབ་བྱེད་ཡུན་ལོ་གསུམ་ཡིན། ལོ་ཡུན་ཅུང་རིང་བའི་ལས་གཉེར་ཉམས་མྱོང་ཡོད་པ་དང་། བྱ་སྤྱོད་ངན་པ་ཐོ་འགོད་བྱས་མེད་པའི་སྨན་པ་དཀའ་བཅུ་པར་དཔྱད་ཞིབ་བྱ་རིམ་སྟབས་བདེ་རུ་བཏང་ཆོག །

མངག་བཅོལ་དང་ལེན་བྱེད་མཁན་ལས་ཁུངས་སམ་རྩ་འཛུགས་ཀྱིས་སྨན་པ་དཀའ་བཅུ་པར་དཔྱད་ཞིབ་བྱས་འབྲས་ཐོ་འགོད་བྱས་འཐུས་ཀྱི་ཆོག་མཆན་བཀོད་པའི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དཔྱད་ཞིབ་བྱས་ནས་ཚད་མ་ལོན་པའི་སྨན་པ་དཀའ་བཅུ་པར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གནས་སྐབས་ལས་གཉེར་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་བཅུག་ནས་ཟླ་གསུམ་ནས་དྲུག་བར་སྤེལ་དུ་འཇུག་དགོས་པ་མ་ཟད། འབྲེལ་ཡོད་ཆེད་ལས་གསོ་སྦྱོང་དང་ལེན་བྱེད་དགོས། གནས་སྐབས་ལས་གཉེར་བྱེད་སྒོ་སྤེལ་མཚམས་འཇོག་པའི་དུས་ཚད་ཐིམ་རྗེས་དཔྱད་ཞིབ་བསྐྱར་དུ་བྱས་ནས་དཔྱད་ཞིབ་བྱས་ཏེ་ཚད་ལོན་མཁན་ལ་མུ་མཐུད་ལས་གཉེར་བྱེད་དུ་འཇུག་རྒྱུ།

དོན་ཚན་ཞེ་གསུམ་པ། ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་སྨན་པ་དཀའ་བཅུ་པར་དཔྱད་ཞིབ་བྱེད་པའི་ལས་ཀར་སློབ་སྟོན་དང་། ཞིབ་བཤེར། ལྟ་སྐུལ་བཅས་བྱེད་འགན་འཁུར་རྒྱུ།

5 ལེའུ་ལྔ་པ། འགན་སྲུང་བྱེད་ཐབས་སྐོར།

དོན་ཚན་ཞེ་བཞི་པ། རྒྱལ་ཁབ་ཀྱིས་སྨན་པ་དཀའ་བཅུ་པའི་ལས་རིགས་ཀྱི་ཁྱད་ཆོས་དང་ལག་རྩལ་ངལ་རྩོལ་གྱི་རིན་ཐང་མཚོན་པའི་མི་དོན་དང་། གླ་ཕོགས། ལས་ཀའི་གོ་མིང་། བྱ་དགའ་སྤྲོད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ།

རིམས་ནད་འགོག་སེལ་དང་། འཕྲོ་བའི་གསོ་རིགབསམ་པའི་འཕྲོད་བསྟེན་བཅས་ཀྱི་ལས་ཀ་དང་དེ་བཞིན་ལས་གནས་དམིགས་བསལ་ཅན་གཞན་དག་དོན་དུ་ལས་ཀ་བྱེད་མཁན་སྨན་པ་དཀའ་བཅུ་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཕོགས་སྣོན་འོས་འཚམ་སྤྲོད་དགོས། ཕོགས་སྣོན་གྱི་ཚད་གཞི་དུས་བཀག་ལྟར་ལེགས་སྒྲིག་བྱ་དགོས།

གཞི་རིམ་དང་དཀའ་ཚེགས་ཆེ་བའི་བས་མཐའི་ས་ཁུལ་དུ་ལས་ཀ་བྱེད་མཁན་སྨན་པ་དཀའ་བཅུ་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཕོགས་སྣོན་དང་ཁ་གསབ་སྤྲོད་པའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་མ་ཟད། གོ་མིང་དཔྱད་བསྡུར་གཏན་འབེབས་དང་། ལས་རིགས་གོང་སྤེལ། སློབ་གསོ་གསོ་སྦྱོང་། གཟེངས་བསྟོད་བྱ་དགའ་སྤྲོད་པ་སོགས་ཀྱི་ཐད་གཟིགས་སྐྱོང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད།

དོན་ཚན་ཞེ་ལྔ་པ། རྒྱལ་ཁབ་ཀྱིས་ནད་རིགས་སྔོན་འགོག་ཚོད་འཛིན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དེང་རབས་ཅན་གྱི་ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་དང་འཚམ་པའི་སྨན་པ་དཀའ་བཅུ་པ་གསོ་སྐྱོང་དང་བེད་སྤྱོད་བྱེད་པའི་ནང་རྐྱེན་འཛུགས་རྒྱུ།

ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས་དང་རིམ་པ་གཉིས་པ་ཡན་གྱི་སྨན་བཅོས་ལས་ཁུངས་དང་དེ་བཞིན་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སོགས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་མི་གྲངས་ངེས་ཅན་གྱི་སྤྱི་པའི་འཕྲོད་བསྟེན་སྨན་པ་དཀའ་བཅུ་པ་བཀོད་སྒྲིག་བྱས་ཏེ། མི་ཚོགས་ཀྱི་ནད་གཞི་དང་གནོད་འཚེའི་རྒྱུ་རྐྱེན་ལ་ལྟ་ཞིབ་ཚད་ལེན་དང་། ཉེན་ཁ་དཔྱད་དཔོག་དང་ཞིབ་འཇུག་དང་དཔྱད་གཅོད། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། ནད་ཡམས་རིག་པའི་བརྟག་དཔྱད། རིམས་ཐར་འཆར་འགོད་དོ་དམ། ལས་རིགས་བདེ་ཐང་དོ་དམ་སོགས་སྤྱི་པའི་འཕྲོད་བསྟེན་ལས་ཀ་སྒྲུབ་དགོས།

སྨན་བཅོས་ལས་ཁུངས་ཀྱིས་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྒོ་རའི་ནང་གི་འགོས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་ནན་པོ་བྱེད་དགོས།

རྒྱལ་ཁབ་ཀྱིས་སྤྱི་པའི་འཕྲོད་བསྟེན་དང་ནད་ཐོག་གསོ་རིག་ཟུང་འབྲེལ་བྱེད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལམ་སྲོལ་བཙུགས་ཏེ་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ནད་ཐོག་སྨན་པ་དཀའ་བཅུ་པར་ནད་རིགས་སྔོན་འགོག་ཚོད་འཛིན་དང་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་འདྲ་མཚུངས་ཀྱི་ལས་སྒོའི་གསོ་སྦྱོང་བྱེད་པ་དང་། སྤྱི་པའི་འཕྲོད་བསྟེན་སྨན་པ་དཀའ་བཅུ་པར་ནད་ཐོག་སྨན་བཅོས་ཀྱི་གསོ་རིག་ལས་སྒོའི་གསོ་སྦྱོང་བྱེད་པ།

དོན་ཚན་ཞེ་དྲུག་པ། རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ཁུངས་གཅིག་གྱུར་གྱིས་འཆར་འགོད་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་དང་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞང་དང་གྲོང་ཚོའི་སྨན་བཅོས་འཕྲོད་བསྟེན་མི་སྣར་རྫོང་དང་ཞང་བཅས་གོང་འོག་འབྲེལ་མཐུད་བྱེད་པའི་ལས་རིགས་གོང་སྤེལ་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། རྫོང་གིས་ཞང་སྐྱོང་བ་དང་། ཞང་གིས་གྲོང་ཚོར་གདན་འདྲེན་ཞུ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞང་དང་གྲོང་ཚོའི་སྨན་བཅོས་འཕྲོད་བསྟེན་མི་སྣ་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་མི་སྣའི་དོ་དམ་བྱེད་ཁོངས་སུ་འཇུག་དགོས།

ལས་གཉེར་སྨན་པ་དཀའ་བཅུ་པར་མཐོ་རིམ་གཞོན་པའི་ལག་རྩལ་གྱི་གོ་མིང་ཐོབ་པར་རིམ་བསགས་ཀྱིས་རྫོང་རིམ་པ་མན་ནམ་ཡང་ན་ཁ་གཏད་རོགས་སྐྱོར་བྱེད་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་འདོན་སྤྲོད་བྱས་པའི་ལོ་རྒྱུས་ཡོད་དགོས། མཐོ་རིམ་གཞོན་པའི་ལག་རྩལ་གྱི་གོ་མིང་སྤར་རྗེས་རྫོང་རིམ་པ་མན་ནམ་ཡང་ན་ཁ་གཏད་རོགས་སྐྱོར་བྱེད་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། རིམ་རྩིས་བྱས་ན་ལོ་གཅིག་ཡན་ཟིན་ན། ཆ་རྐྱེན་འདྲ་མཚུངས་འོག་སྔོན་ལ་མཐོ་རིམ་རྒན་པའི་ལག་རྩལ་གྱི་གོ་མིང་སྤར་རྒྱུ།

རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་ལས་གཉེར་སྨན་པ་དཀའ་བཅུ་པའི་ཐོབ་ཐང་ངམ་ལས་གཉེར་སྨན་པ་དཀའ་བཅུ་རམ་འདེགས་པའི་ཐོབ་ཐང་ཐོབ་པའི་མི་སྣས་བཅའ་ཁྲིམས་ལྟར་གྲོང་སྡེའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་འཛུགས་གཉེར་བྱེད་པའམ་ཡང་ན་གྲོང་སྡེའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་མཁོ་འདོན་བྱེད་པར་བསྔགས་སྐུལ་བྱ་རྒྱུ།

དོན་ཚན་ཞེ་བདུན་པ། གྲོང་ཚོའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ནང་གྲོང་མིར་སྔོན་འགོག་དང་། ལུས་ཁམས་བདེ་སྲུང་། སྤྱིར་བཏང་གི་སྨན་བཅོས་ཞབས་ཞུ་བཅས་མཁོ་འདོན་བྱེད་མཁན་གྲོང་གསེབ་ཀྱི་སྨན་པར་གསོ་རིག་སློབ་གསོ་བརྒྱུད་ནས་གསོ་རིག་ཆེད་ལས་ཀྱི་སློབ་གཉེར་བརྒྱུད་རིམ་ཐོབ་པར་རྒྱལ་ཁབ་ཀྱིས་བསྔགས་སྐུལ་བྱ་རྒྱུ་དང་། ཆ་རྐྱེན་འཛོམས་པའི་གྲོང་གསེབ་ཀྱི་སྨན་པ་དཀའ་བཅུ་པའི་ཐོབ་ཐང་རྒྱུགས་ལེན་ནང་ཞུགས་རྒྱུར་སྐུལ་མ་བཏང་ནས་ཁྲིམས་ལྟར་སྨན་པ་དཀའ་བཅུ་པའི་ཐོབ་ཐང་ཐོབ་པ་བྱེད་དགོས།

རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་བྱེད་ཐབས་བརྒྱུད་གྲོང་གསེབ་ཀྱི་སྨན་པར་གསོ་རིག་ལག་རྩལ་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ཏེ་གྲོང་གསེབ་སྨན་པའི་ཞབས་ཞུའི་ཡོང་འབབ་ཀྱི་ཐབས་ལམ་མང་པོའི་ཁ་གསབ་ལམ་སྲོལ་དང་རྒན་གསོ་སོགས་ཀྱི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས།

ཞང་དང་གྲོང་ཚོའི་སྨན་པའི་དོ་དམ་བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱ་རྒྱུ།

དོན་ཚན་ཞེ་བརྒྱད་པ། སྨན་པ་དཀའ་བཅུ་པར་གཤམ་གསལ་གནས་ཚུལ་ལས་རིགས་གཅིག་བྱུང་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་བྱ་རྒྱུ་དང་བྱ་དགའ་སྤྲོད་རྒྱུ་སྟེ།

(གཅིག)ལས་གཉེར་བྱེད་སྒོ་སྤེལ་རིང་སྨན་པའི་ཀུན་སྤྱོད་མཆོག་ཏུ་གྱུར་པ་དང་བྱས་རྗེས་གཟེངས་སུ་ཐོན་པ་འཇོག་དགོས་པ་དང་།

(གཉིས)གསོ་རིག་ཞིབ་འཇུག་དང་སློབ་གསོའི་ནང་གསར་གཏོད་སྲོལ་འབྱེད་བྱས་ཏེ་གསོ་རིག་ཆེད་ལས་ལག་རྩལ་ཐད་འགག་སྒྲོལ་གལ་ཆེན་བྱས་ནས་བྱས་རྗེས་མངོན་གསལ་འཇོག་པ།

(གསུམ)གློ་བུར་གྱི་དོན་རྐྱེན་བྱུང་སྐབས། སྔོན་འགོག་སྔོན་བརྡ་གཏོང་བ་དང་། སྲོག་སྐྱོབ་རྨས་སྐྱོར་སོགས་ཀྱི་ལས་ཀ་བྱེད་རིང་སྤྱོད་ཚུལ་མངོན་གསལ་དོད་པོ་ཡོད་པ།

(བཞི)དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་པ་མན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ཡུན་རིང་འབད་བརྩོན་གྱིས་ལས་ཀ་བྱེད་པ།

(ལྔ)ནད་རིགས་སྔོན་འགོག་ཚོད་འཛིན་དང་བདེ་ཐང་སྐུལ་སྤེལ་གྱི་ལས་ཀའི་ནང་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པ།

(དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་ཞེ་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་སྨན་བཅོས་རྩོད་གཞི་སྔོན་འགོག་དང་ཐག་གཅོད་བྱེད་པའི་ལས་ཀ་དེ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་ཏུ་འཇུག་དགོས་པ་དང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་དེའི་མཐའ་འཁོར་གྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཉེར་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱེད་དགོས་ལ། སྨན་བཅོས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཕན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་དང་ཁྲིམས་ལྟར་རྡུང་རྡེག་བྱེད་དགོས་ཤིང་། སྨན་པ་དང་ནད་པ་ཕྱོགས་གཉིས་ཀའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།

སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་བདེ་འཇགས་སྲུང་སྐྱོང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱེད་པ། དུས་ཐོག་ཏུ་རང་འགུལ་ངང་སྨན་བཅོས་རྩོད་གཞི་སེལ་བ་བཅས་བྱས་ནས་སྨན་པ་དཀའ་བཅུ་པའི་ལས་གཉེར་བདེ་འཇགས་ཡོང་བར་འགན་སྲུང་བྱ་དགོས།

སྨན་པ་དཀའ་བཅུ་པས་ཁྲིམས་ལྟར་ལས་གཉེར་བྱེད་པར་རྩ་འཛུགས་གང་ཞིག་དང་སྐྱེ་བོ་སུ་ཞིག་གིས་ཀྱང་བཀག་འགོག་དང་། སྨན་པ་དཀའ་བཅུ་པའི་རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བར་འགལ་རྐྱེན་བཟོས་མི་ཆོགབརྙས་བཅོས་དང་། སྐུར་འདེབས། འཇིགས་སྐུལ། ཉེས་རྡུང་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྨན་པ་དཀའ་བཅུ་པའི་མིའི་ཐོབ་ཐང་དང་ལ་རྒྱ་ལ་གནོད་འཚེ་བཏང་མི་ཆོག །

དོན་ཚན་ལྔ་བཅུ་པ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་པ་དཀའ་བཅུ་པར་ལས་རིགས་ཀྱི་བདེ་འཇགས་དང་འཕྲོད་བསྟེན་འགོག་སྲུང་སྤྱོད་ཆས་འདོན་སྤྲོད་བྱ་དགོས་པ་མ་ཟད། འཕྲོད་བསྟེན་འགོག་སྲུང་དང་སྨན་བཅོས་བདེ་སྲུང་གི་བྱེད་ཐབས་ནུས་ལྡན་ཡང་སྤྱོད་དགོས།

སྨན་པ་དཀའ་བཅུ་པར་བྱུར་རྐྱེན་གྱི་རྨས་སྐྱོན་ཕོག་པའམ་ཡང་ན་ལས་རིགས་ཀྱི་བྱེད་སྒོ་སྤེལ་རིང་དུག་དང་གནོད་པ་ལྡན་པའི་རྒྱུ་རྐྱེན་དང་ཐུག་པའི་དབང་གིས་ནད་དང་ཤི་སྐྱོན་བྱུང་ན། འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ལས་རྨས་ཀྱི་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ།

དོན་ཚན་ང་གཅིག་པ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་པ་དཀའ་བཅུ་པར་ལས་ཀ་བྱེད་ཡུན་ལུགས་མཐུན་བཀོད་སྒྲིག་བྱེད་པ་དང་། ཕོགས་ལྡན་གུང་གསེང་ལམ་ལུགས་དོན་འཁྱོལ་བྱེད་པ། དུས་བཀག་ལྟར་ལུས་ཁམས་བདེ་ཐང་བརྟག་དཔྱད་བྱེད་དགོས།

དོན་ཚན་ང་གཉིས་པ། རྒྱལ་ཁབ་ཀྱིས་སྨན་བཅོས་ཀྱི་ཉེན་ཁ་མཉམ་འཁུར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ། སྨན་བཅོས་ལས་ཁུངས་ཀྱིས་སྨན་བཅོས་འགན་འཁྲིའི་འགན་བཅོལ་ལ་ཞུགས་པའམ་ཡང་ན་སྨན་བཅོས་ཀྱི་ཉེན་འགོག་ཐེབས་རྩ་འཛུགས་པ་དང་དེའི་ནང་ཞུགས་དགོས། ནད་པ་སྨན་བཅོས་ཀྱི་བསམ་ཡུལ་ལས་འདས་པའི་ཉེན་འགོག་འགན་ལེན་ནང་ཞུགས་པར་སྐུལ་མ་གཏོང་དགོས།

དོན་ཚན་ང་གསུམ་པ། གསར་འགྱུར་སྨྱན་སྦྱོར་གྱིས་སྨན་བཅོས་འཕྲོད་བསྟེན་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྨན་བཅོས་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་བཅས་སྤྱི་ཕན་དྲིལ་བསྒྲགས་སྤེལ་རྒྱུ་དང་། སྨན་པ་དཀའ་བཅུ་པའི་སྔོན་ཐོན་བྱས་རྗེས་དར་སྤེལ་གཏོང་རྒྱུ། སྤྱི་དམངས་ཀྱིས་སྨན་པ་དཀའ་བཅུ་པར་བརྩི་འཇོག་དང་སྨན་བཅོས་འཕྲོད་བསྟེན་གྱི་ཉེན་ཁར་ཚུལ་མཐུན་གྱིས་ལྟ་སྟངས་འཛིན་རྒྱུའི་ཁྲིད་སྟོན་བྱ་དགོས།

6 ལེའུ་དྲུག་པ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར།

དོན་ཚན་ང་བཞི་པ། སྨན་པ་དཀའ་བཅུ་པའི་ཐོབ་ཐང་རྒྱུགས་ལེན་སྐབས་རྒྱུགས་ལེན་གྱི་སྒྲིག་ཁྲིམས་དང་འགལ་བ་སོགས་ཀྱི་བྱ་སྤྱོད་སྤེལ་ཞིང་། ཉེས་ཚབས་ཆེ་རིགས་ལ་ལོ་གཅིག་ནས་གསུམ་གྱི་ནང་ཚུན་སྨན་པ་དཀའ་བཅུ་པའི་ཐོབ་ཐང་རྒྱུགས་ལེན་པར་ཞུགས་མི་ཆོག །

ཚུལ་དང་མི་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་སྨན་པ་དཀའ་བཅུ་པའི་ཐོབ་ཐང་ལག་ཁྱེར་རམ་སྨན་པ་དཀའ་བཅུ་པའི་ལས་གཉེར་བྱས་འཐུས་ལག་ཁྱེར་ཐོབ་པ་ཡིན་ན། ལག་ཁྱེར་སྤྲོད་མཁན་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་དེ་རྩིས་མེད་དུ་གཏོང་རྒྱུ་དང་། ལོ་གསུམ་ནང་དེའི་བབ་མཚུངས་ཀྱི་རེ་འདུན་བདག་སྤྲོད་མི་བྱ་རྒྱུ།

སྨན་པ་དཀའ་བཅུ་པའི་ལས་གཉེར་བྱས་འཐུས་ལག་ཁྱེར་རྫུན་བཟོ་དང་། བསྒྱུར་བཟོ། ཉོ་འཚོང་། བོགས་མར་གཏོང་བ། གཡར་གཏོང་བཅས་བྱས་པའི་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད་ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཉིས་ཡན་ནས་ལྡབ་ལྔ་མན་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་གཅིག་མ་ལོན་པའི་རིགས་ལ་སྒོར་ཁྲི་གཅིག་ལྟར་རྩིས་རྒྱག་རྒྱུ། ཉེས་ཚབས་ཆེ་རིགས་ལ་སྨན་པ་དཀའ་བཅུ་པའི་ལས་གཉེར་བྱས་འཐུས་ལག་ཁྱེར་ཕྱིར་བསྡུ་རྒྱུ།

དོན་ཚན་ང་ལྔ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ། སྨན་པས་ལས་གཉེར་བྱེད་སྒོ་སྤེལ་རིང་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཟླ་དྲུག་ཡན་ནས་ལོ་གཅིག་མན་གྱི་ལས་གཉེར་བྱེད་སྒོ་གནས་སྐབས་སྤེལ་མཚམས་འཇོག་ཏུ་འཇུག་པ་དང་ཐ་ན་སྨན་པ་དཀའ་བཅུ་པའི་ལས་གཉེར་བྱས་འཐུས་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ་སྟེ།

(གཅིག)སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱེད་པའམ་ཡང་ན་གསོ་རིག་ནད་ཐོག་སྨན་བཅོས་ལ་ཞིབ་འཇུག་བྱེད་རིང་གཏན་འབེབས་ལྟར་ཤེས་སུ་འཇུག་པའི་འོས་འགན་བསྒྲུབས་མེད་པའམ་གནས་ཚུལ་ཤེས་རྟོགས་ཀྱི་མོས་མཐུན་ཐོབ་མེད་པ།

(གཉིས)འཕྲལ་མྱུར་སྨན་བཅོས་བྱ་དགོས་པའི་ནད་པར་མྱུར་སྐྱོབ་ཐག་གཅོད་མི་བྱེད་པའམ་ཡང་ན་སྨན་བཅོས་བྱེད་ཡུན་ཕྱིར་འགྱངས་བྱས་ནས་སྨན་བཅོས་བྱེད་ནོར་ཤོར་བ།

(གསུམ)རང་བྱུང་གནོད་འཚེ་དང་། དོན་རྐྱེན་བྱུར་གོད། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན། སྤྱི་ཚོགས་ཀྱི་བདེ་འཇགས་དོན་རྐྱེན་སོགས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་འཇིགས་སྣང་ཚབས་ཆེན་བཟོ་བའི་ཐོལ་བྱུང་དོན་རྐྱེན་བྱུང་སྐབས། འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གི་མངག་གཏོང་དང་ལེན་མི་བྱེད་པ།

(བཞི)གཏན་འབེབས་ལྟར་འབྲེལ་ཡོད་གནས་ཚུལ་སྙན་སེང་མ་ཞུས་པ།

(ལྔ)བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་ལམ་ཡང་ན་ལས་གཉེར་ཚད་གཞི་བཅས་དང་འགལ་ནས་སྨན་བཅོས་ལས་འཛོལ་ནམ་ཡང་ན་མཇུག་འབྲས་ཚབས་ཆེན་གཞན་དག་བཟོས་པ་བཅས་ཡིན།

དོན་ཚན་ང་དྲུག་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་སྨན་པས་ལས་གཉེར་བྱེད་སྒོ་སྤེལ་རིང་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་དང་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཐ་ཚིག་སྒྲོག་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད་སྒོར་ཆིག་ཁྲི་ཡན་ནས་སུམ་ཁྲི་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཟླ་དྲུག་ཡན་ནས་ལོ་གཅིག་མན་གྱི་ལས་གཉེར་བྱེད་སྒོ་གནས་སྐབས་སྤེལ་མཚམས་འཇོག་ཏུ་འཇུག་པ་དང་ཐ་ན་སྨན་པ་དཀའ་བཅུ་པའི་ལས་གཉེར་བྱས་འཐུས་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ་སྟེ།

(གཅིག)ནད་པའི་གསང་དོན་དང་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་པ།

(གཉིས)གསོ་རིག་གི་དཔང་ཡིག་རྫུན་མ་བཏོན་པའམ་ཡང་ན་རང་ཉིད་ཀྱིས་དངོས་སུ་ནད་བརྟག་དང་བརྟག་དཔྱད་མ་བྱས་པ་དང་། ནད་དཔྱད་དང་སྨན་བཅོས། རིམས་ནད་རིག་པ་སོགས་ར་སྤྲོད་དཔང་ཡིག་གམ་ཡང་ན་སྐྱེས་པ་དང་ཚེ་ལས་འདས་པ་སོགས་དང་འབྲེལ་བ་ཡོད་པའི་ར་སྤྲོད་དཔང་ཡིག་ལ་མིང་རྟགས་འགོད་རྒྱུ།

(གསུམ)ནད་ཐོ་སོགས་གསོ་རིག་གི་ཡིག་ཆ་དང་འབྲེལ་ཡོད་དཔྱད་ཡིག་སྦས་སྐུང་དང་། རྫུན་བཟོ། གཡོ་བཅོས་སམ་རང་མཚམས་ཀྱིས་མེད་པར་བཟོ་བ།

(བཞི)གཏན་འབེབས་ལྟར་སྦྲིད་སྨན་དང་། སྨན་བཅོས་ལ་སྤྱོད་རྒྱུའི་དུག་ཤས་ཅན་གྱི་སྨན་རྫས། ཀླད་རྩའི་སྨན། འཕྲོ་ནུས་ལྡན་པའི་སྨན་རྫས་སོགས་བེད་སྤྱོད་མ་བྱས་པ།

(ལྔ)ལས་གནས་ཀྱི་སྟབས་བདེ་དང་བསྟུན་ནས་རྒྱུ་ནོར་སློང་བ་དང་ཁྲིམས་འགལ་གྱིས་ལེན་པའམ་ཡང་ན་ཚུལ་མིན་གྱི་ཁེ་ཕན་གཞན་དག་གཉེར་བའམ་ཡང་ན་ནད་བརྟག་སྨན་བཅོས་ཀྱི་ཚད་གཞི་དང་འགལ་ནས་ནད་པར་དགོས་མེད་ཀྱི་ཞིབ་བཤེར་དང་སྨན་བཅོས་བྱེད་པར་མཇུག་འབྲས་ངན་པ་བཟོས་པ།

(དྲུག)བཀག་སྡོམ་རིགས་ཀྱི་སྨན་བཅོས་ལག་རྩལ་ནད་ཐོག་སྨན་བཅོས་བེད་སྤྱོད་བྱེད་དགོས།

དོན་ཚན་ང་བདུན་པ། སྨན་པ་དཀའ་བཅུ་པས་བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་ཐོ་འགོད་བྱས་པའི་ལས་གཉེར་བྱེད་ས་དང་། ལས་གཉེར་བྱེད་རིགས། ལས་གཉེར་བྱེད་ཁོངས་བཅས་ལྟར་ལས་གཉེར་བྱས་མེད་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་ཀྲུང་ལུགས་གསོ་རིག་སྨན་རྫས་གཙོ་སྐྱོང་སྡེ་ཁག་གིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཐ་ཚིག་སྒྲོག་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། སྒོར་ཁྲི་གཅིག་ཡན་ནས་ཁྲི་གསུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཟླ་དྲུག་ཡན་ནས་ལོ་གཅིག་མན་གྱི་ལས་གཉེར་བྱེད་སྒོ་གནས་སྐབས་སྤེལ་མཚམས་འཇོག་ཏུ་འཇུག་པ་དང་ཐ་ན་སྨན་པ་དཀའ་བཅུ་པའི་ལས་གཉེར་བྱས་འཐུས་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ།

དོན་ཚན་ང་བརྒྱད་པ། སྨན་པ་དཀའ་བཅུ་པའི་ལས་རིགས་ཀྱི་ཀུན་སྤྱོད་དང་གསོ་རིག་གི་མི་ཆོས་ཚད་གཞི་དང་ཚབས་ཆེན་འགལ་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་རིགས་ལ་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་གཉེར་སྡེ་ཁག་གིས་སྨན་པ་དཀའ་བཅུ་པའི་ལས་གཉེར་ལག་ཁྱེར་ཕྱིར་བསྡུ་བའམ་ཡང་ན་ཁྲིམས་འགལ་གྱི་ལས་གཉེར་བྱེད་སྒོ་སྤེལ་མཚམས་འཇོག་འགན་དཀྲི་རྒྱུ་དང་། ལོ་ལྔ་ནས་ཚེ་གང་རིང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའམ་ཡང་ན་གསོ་རིག་ནད་ཐོག་སྨན་བཅོས་ཞིབ་འཇུག་བྱེད་རིགས་གཏན་འགོག་བྱ་དགོས།

དོན་ཚན་ང་དགུ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ། སྨན་པ་དཀའ་བཅུ་པ་མིན་པའི་སྨན་བཅོས་བྱེད་མཁན་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་གྱི་ལས་གཉེར་བྱེད་མཚམས་འཇོག་འགན་དཀྲི་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་དང་། སྨན་རྫས། སྨན་བཅོས་ཡོ་བྱད་བཅས་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཉིས་ཡན་ནས་ལྡབ་བཅུ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི་གཅིག་མ་ལོན་པའི་རིགས་ལ་སྒོར་ཁྲི་གཅིག་ལྟར་རྩིས་རྒྱག་དགོས།

དོན་ཚན་དྲུག་ཅུ་པ། སྨན་པ་དཀའ་བཅུ་པས་ཁྲིམས་ལྟར་ལས་གཉེར་བྱེད་པར་བཀག་འགོག་དང་། སྨན་པ་དཀའ་བཅུ་པའི་རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བར་འགལ་རྐྱེན་བཟོ་བའམ་ཡང་ན་བརྙས་བཅོས་དང་། སྐུར་འདེབས། འཇིགས་སྐུལ། ཉེས་རྡུང་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྨན་པ་དཀའ་བཅུ་པའི་མིའི་ཐོབ་ཐང་དང་ལ་རྒྱ་དང་མི་ལུས་བདེ་འཇགས་ལ་གནོད་འཚེ་བཏང་ནས་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་དུ་གྲུབ་ན། ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས།

དོན་ཚན་རེ་གཅིག་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྙན་ཞུའི་འགན་འཁྲི་མ་བསྒྲུབས་པར་མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་ཐ་ཚིག་སྒྲོག་རྒྱུ་དང་། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མི་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།

དོན་ཚན་རེ་གཉིས་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་དག་གི་ལས་བྱེད་མི་སྣའམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣས་མི་བདེན་རྫུན་སྒྲིག་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་རིགས་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།

དོན་ཚན་རེ་གསུམ་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་བྱས་ཉེས་སུ་གྲུབ་ན། ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་། མི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་བཟོས་ན། ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས།

7 ལེའུ་བདུན་པ། ཞར་བྱུང་དོན་ཚན།

དོན་ཚན་རེ་བཞི་པ། རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་འབྲིང་རིམ་ཆེད་ལས་སློབ་གྲྭའི་གསོ་རིག་ཆེད་ལས་ཀྱི་སློབ་གཉེར་བརྒྱུད་རིམ་ཡོད་པའི་མི་སྣས་རིམ་པ་སྔར་ལས་མཐོ་བའི་སློབ་གཉེར་བརྒྱུད་རིམ་སློབ་གསོ་ལ་ཞུགས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གསོ་རིག་ལག་རྩལ་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བར་བསྔགས་སྐུལ་བྱ་དགོས།

བཅའ་ཁྲིམས་འདི་ལག་བསྟར་མ་བྱས་གོང་དང་བཅའ་ཁྲིམས་འདི་ལག་བསྟར་བྱས་རྗེས་ཀྱི་དུས་ཡུན་ངེས་ཅན་ནང་འབྲིང་རིམ་ཆེད་ལས་སློབ་གྲྭའི་འབྲེལ་ཡོད་གསོ་རིག་ཆེད་ལས་ཀྱི་སློབ་གཉེར་བརྒྱུད་རིམ་ཐོབ་པའི་མི་སྣ་སྨན་པ་དཀའ་བཅུ་པའི་འོས་བབ་རྒྱུགས་ལེན་ནང་ཞུགས་ཆོག བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་དང་ཀྲུང་ལུགས་གསོ་རིག་སྨན་རྫས་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱ་དགོས།

དོན་ཚན་རེ་ལྔ་པ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོའི་མི་དམངས་ཉེན་རྟོག་དྲག་དཔུང་གིས་བཅའ་ཁྲིམས་འདི་ལག་བསྟར་བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་འདི་གཞིར་བཟུང་ནས་གཏན་འབེབས་བྱ་དགོས།

དོན་ཚན་རེ་དྲུག་པ། རྒྱལ་ཁོངས་ཕྱིའི་མི་སྣ་སྨན་པ་དཀའ་བཅུ་པའི་ཐོབ་ཐང་རྒྱུགས་ལེན་དང་། ཐོ་འགོད་དང་ལས་གཉེར་བྱེད་རེ་ཞུ་བའམ་ཡང་ན་ནད་ཐོག་སློབ་ཁྲིད་དང་། ནད་ཐོག་ཞིབ་འཇུགནད་ཐོག་རིག་གཞུང་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་བའི་དོ་དམ་བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་དང་བདེ་ཐང་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་དགོས།

དོན་ཚན་རེ་བདུན་པ། བཅའ་ཁྲིམས་འདི་སྤྱི་ལོ2022ལོའི་ཟླ3པའི་ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ། 《ལས་གཉེར་སྨན་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》དུས་མཚུངས་སུ་རྩིས་མེད་དུ་གཏོང་རྒྱུ།

དཔྱད་གཞིའི་ཡིག་ཆ།